སྐལ་ལྡན། དགེ་ཆེའི་ལས་རོགས།
སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ།

   ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་བླ་ན་མེད་པའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དང་། འཛམ་གླིང་སྐྱེ་འགྲོ་ཀུན་གྱི་ཞི་བདེའི་ལམ་སྟོན་པ་ཆེན་མོ་བ། མཐའ་ཡས་སེམས་ཅན་གྱི་བདེ་སྡུག་ལྷམ་མེར་གཟིགས་པའི་སྐྱེས་མཆོག་དམ་པ། གནའ་དེང་ཤེས་བྱའི་གནས་ལུགས་མཁྱེན་པའི་བཤེས་གཉེན་ཆེན་མོ། བོད་མི་རིགས་ཀྱི་རིག་གཞུང་འཆི་གསོན་གྱི་གནས་ལས་སྐྱོབ་པའི་ཐབས་མཁས་བླ་མ། ཆོས་ལུགས་མཐུན་བསྒྲིལ་གྱི་ལམ་སྟོན་སྒྲོན་མེ། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་སྐྱོང་བའི་ཡང་དག་སློབ་དཔོན་སོགས་ཐུགས་ཀྱི་མཁྱེན་ཡོན་དང་མཛད་འཕྲིན་རླབས་པོ་ཆེ་བསམ་ཡུལ་ལས་འདས་པ་བསྐྱངས་དང་སྐྱོང་མུས་ཀྱིས། འཇིག་རྟེན་འདིའི་སྟེང་ཆེས་རླབས་ཆེན་གྱི་དགེ་བའི་བཤེས་གཉེན་ཁོང་ལས་ལྷག་པ་ཞིག་ད་བར་བྱུང་མེད་ལ་ཕྱིས་འབྱུང་ཡང་འབྱུང་མི་སྲིད་པ་ལྟ་བུ་ཆགས་ཡོད།

བདག་ཅག་ཁ་བ་རི་པ་རྣམས་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཀྱི་བྱིན་མཐུ་དང་ལམ་སྟོན་བཟང་པོའི་བཀའ་དྲིན་ལས། རང་བཞིན་ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བ། གཞུང་དྲང་ཞིང་སེམས་རྒྱུད་བཟང་བ། གཞན་ཕན་ཆེ་ལ་བློ་རྒྱ་ཡངས་པ་སོགས་འཇིག་རྟེན་གྱི་སྐྱེ་བོ་སྤྱི་ཡོངས་ཀྱི་ཁྲོད་ན། མི་གཤིས་ཀྱི་བཟང་པོའི་ཡོན་ཏན་དུ་མས་རྒྱན་པ་ཞིག་ཡིན་པ། འཛམ་གླིང་ཁྱོན་དུ་ལྷམ་མེར་གྲགས་པ་དེ་ཡིན། བོད་མི་ཚོས་རང་ཉིད་༸རྒྱལ་བ་རིན་པོ་ཆེའི་སྐུ་ཡི་སྐུ་ཚབ་དང་། གསུང་གི་གསུང་ཚབ་ཡིན་སྙམ་པའི་ཐོག་ཡུལ་གྲུ་གང་དུ་གནས་ཀྱང་གཞན་ཕན་དང་། སྙིང་རྗེ། བཟོད་སྒོམ། ཆོག་ཤེས་སོགས་དང་། ལུས་གུས་པ། ངག་འཇམ་པ། ཡིད་དྲང་བ་བཅས་མིག་དཔེར་འོས་པའི་བྱ་སྤྱོད་སྣ་ཚོགས་ཀྱིས་སྤྱི་ཚོགས་དེ་དང་དེའི་མཛེས་རྒྱན་དུ་གྱུར་བའི་ལོ་རྒྱུས་ཀྱི་རི་མོ་ལྷམ་མེར་བཀོད་ཡོད། དཔེར་ན། རྒྱ་གར་ནང་དགུན་ཚོང་གཉེར་མཁན་གྱི་བོད་མི་རྣམས་ལ། ལུ་ཐི་ཨཱ་ནའི་ལཱ་ལཱ་རྣམས་ཀྱིས་ཡིད་ཆེས་བློས་འགེལ་གྱིས་སྒོར་མོ་འབུམ་ཕྲག་མང་པོའི་ཚོང་ཟོག་བོགས་གཡར་བྱེད་པ་དང་། བོད་མི་རྣམས་ཀྱིས་ཀྱང་གཡོ་ཟོལ་གྱི་དྲི་མ་མེད་པར་བུ་ལོན་དུས་ཐོག་ཏུ་འཇལ་གྱི་ཡོད་པས། ལཱ་ལཱ་དེ་ཚོས་༸གོང་ས་ཏཱ་ལའི་བླ་མའི་མི་མང་དེ་ཚོ་དྲང་བདེན་བློས་འགེལ་ཆོག་པ་འདུག་ཅེས་བསྔགས་བརྗོད་ལན་མང་བྱས་པ་ལྟ་བུ་རེད། གནད་དོན་དེ་དག་གིས་༸གོང་ས་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་བོད་མི་རྣམས་ལ་ཡང་དག་པའི་ལམ་སྟོན་གནང་བའི་གྲུབ་འབྲས་ཡིན་པ་མངོན་གསལ་དོད་པོ་ཆགས་ཡོད།

ད་ལྟའི་ཆར་འཛམ་གླིང་སྤྱིའི་སྤྱི་ཚོགས་འཁྲུག་ཆ་དོད་དུ་འགྲོ་བཞིན་ཡོད་པའི་ཁར། དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་ཀྱང་ནུབ་ཕྱོགས་པའི་ལྟ་གྲུབ་ཀྱི་ཤན་ཤུགས་ཆེ་བས། རང་ཉིད་ཀྱི་ཁེ་ཕན་གཙོ་བོ་སྒྲུབ་ཐབས་དང་། དཔལ་འབྱོར་དང་ཡོང་འབབ་གསོག་སྒྲུབ་བྱེད་སྟངས། ཕྱི་དངོས་པོའི་མཐུན་རྐྱེན་གཙོ་སྒྲུབ་བྱེད་ཐབས། རང་རྒྱལ་གཞན་ཕམ་གྱི་བྱ་སྤྱོད་སྤེལ་ཐབས་སོགས་ཕྱོགས་ཀུན་ནས་སློོབ་གསོའི་ནུས་པ་ཚད་ལྡན་མི་ཡོང་བའི་སྟོང་ཆ་ཆེན་པོ་ཞིག་གིས། མི་དང་མིའི་བར་གྱི་བརྩེ་ཞེན་དང་། མི་དང་མིའི་བར་གྱི་མཐུན་སྦྲེལ། མི་དང་མིའི་བར་གྱི་བསམ་ཤེས། མི་དང་མིའི་བར་གྱི་གུས་ཞབས་སོགས་སྣུམ་ཟད་ཀྱི་མར་མེའི་སྣང་ཚུལ་དུ་གྱུར་བའི་ཡ་ང་བའི་དུས་སྐབས་ཤིག་འགྲིམ་མུས་ཡིན།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་འདི་བཞིན་འགྲོ་བ་མི་ཡོངས་ལ་དབང་བ་ཞིག་ཡིན་པ་ལས། འགོ་ཁྲིད་རེ་ཟུང་དང་འབྱོར་ལྡན་པ་རེ་ཟུང་ལ་དབང་བ་ཞིག་ནམ་ཡང་མིན་ཞེས་དང། འགྲོ་བ་མི་སྤྱི་ཡོངས་ཀྱི་བདེ་སྡུག་ཕན་ཚུན་ལྟོས་གྲུབ་ཡིན་པས། རང་བདེ་གཞན་སྐྱིད་ཀྱི་འཚོ་བར་རོལ་འདོད་ན། དང་ཐོག་གཞི་རྩའི་ཤེས་ཡོན་ལམ་ལུགས་ནས་འགྱུར་བ་གཏོང་དགོས་གལ་ཡང་ཡང་ལམ་སྟོན་གནང་ཡོད། ཕྱི་དངོས་པོ་ཡར་རྒྱས་གཏོང་རྒྱུ་དང་ལྷན། ནང་སེམས་ཀྱི་ཞི་བདེ་སྐྲུན་ཐབས་ཀྱི་སློབ་གསོ་ནི་དེ་བས་གལ་ཆེ་བ་ཡིན་ཚུལ་ལམ་སྟོན་རབ་དང་རིམ་པ་གནང་ཡོད། ཁོང་གིས་མཛད་པའི་སྟོང་ལོ་གསར་པའི་བཟང་སྤྱོད་དང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད། བཅས་ཀྱི་ཕྱག་དཔེ་དེ་དག་ཀྱང་འགྲོ་བ་མིའི་གཞི་རྩའི་བདེ་སྐྱིད་སྐྲུན་ཐབས་ཀྱི་རྨད་བྱུང་ལམ་སྟོན་ཆགས་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི། འགྲོ་བ་མི་སྤྱིའི་བདེ་སྡུག་ལ་དགོངས་པ་བཞེས་ཏེ་ལམ་སྟོན་ཕྱིན་ཅི་མ་ལོག་པ་གནང་མཁན་ཞིག་ཡིན་པ་ལས། མགོ་ནག་བོད་མི་ཙམ་དང་ཆོས་བརྒྱུད་བྱེ་བྲག་གཅིག་ཁོ་ནའི་ཆེད་དུ་སྐུ་ལས་སྐྱོན་ནས་བཞུགས་མཁན་ཞིག་ག་ལ་ཡིན།

ང་ཚོ་དགེ་རྒན་རྣམས་ནི་འབྱུང་འགྱུར་གྱི་མི་རབས་གསར་པ་གསོ་སྐྱོང་བྱེད་མཁན་གྱི་གལ་ཆེའི་མི་སྣ་ཤ་སྟག་ཆགས་ཡོད་ལ། ༸གོང་ས་མཆོག་གི་རླབས་ཆེན་དགོངས་གཞི་རྒྱུན་གནས་དང་དར་སྤེལ་གཏོང་མཁན་གྱི་གལ་ཆེའི་སྐུ་ཚབ་ཀྱང་ཆགས་ཡོད། ལྷག་པར་དུ་མི་རིགས་ཤིག་འཆི་གསོན་གྱི་གནས་ལས་སྐྱོབ་པར་ཞབས་འདེགས་སྒྲུབ་མཁན་གྱི་གལ་ཆེ་ཤོས་ཀྱི་མི་སྣ་ཆགས་ཡོད། ༸གོང་ས་མཆོག་གིས་དགེ་རྒན་ཟེར་བ་དེ་གལ་ཆེན་པོ་ཡིན་པའི་སྐོར་ལམ་སྟོན་གནང་བ་ཉུང་ཉུང་ཞིག་མིན་ལ། དགེ་རྒན་ཟེར་བ་དེར་ཁྱད་ཆོས་གང་དང་གང་དགོས་མིན་དང་། ལྷག་པར་ད་ལྟའི་དུས་སྐབས་འདིར་དགེ་རྒན་ཞིག་ལ་མཚོན་ན་རང་ཉིད་ཀྱི་སློབ་ཕྲུག་རྣམས་ཞི་དུལ་བག་ཡོད་ཅིག་དང་། བློ་རྒྱ་ཡངས་པ། སེམས་སྐྱིད་པ་ཞིག་གསོ་སྐྱོང་བྱས་ནས་ཕྱིས་འབྱུང་བོད་མི་རིགས་དང་། འཛམ་གླིང་སྤྱི་ལ་ལེགས་སྐྱེས་འབུལ་ཐུབ་མཁན་ཞིག་ཆགས་པའི་ཐུགས་རེ་ཆེན་པོ་གནང་གི་ཡོད་པ་གླེང་མི་དགོས་པ་ཞིག་རེད། དེས་ན། སློབ་ཕྲུག་ཞི་དུལ་བག་ཡོད་ཅིག་གསོ་སྐྱོང་བྱེད་པར་དགེ་རྒན་རང་ཉིད་ཞི་དུལ་བག་ཡོད་ཅིག་དགོས་རྒྱུ་ཨ་ཅང་བརྗོད་མེད་རེད།

༸གོང་ས་མཆོག་གི་དགོངས་པར་དགེ་རྒན་གྱི་ཁྱད་ཆོས་གལ་ཆེ་བ་འདི་དང་འདི་རེད་ཅེས་ཡོངས་རྫོགས་གླེང་སློང་བྱེད་དཀའ་ཡང་། རང་ངོས་ནས་ཁྱད་ཆོས་འདི་དག་མེད་དུ་མི་རུང་བ་ཆགས་ཡོད་སྙམ་པ་རྣམས་འདིར་བཀོད་ན།

དང་པོ། བཟང་སྤྱོད་ལྡན་པ་དགོས།

   ༸གོང་ས་མཆོག་ནི། གླིང་གཞི་འདིིའི་སྙིང་རྗེ་དང་བཟང་སྤྱོད་ཀྱི་དན་རྟགས་ཆགས་ཡོད། ཁོང་གིས་མི་རིགས་སུ་འདྲ་ཞིག་ཡིིན་རུང་བཟང་སྤྱོད་དེ་བཞིན་གཙིགས་ཆེ་ཤོས་སུ་འཛིན་དགོས་པའི་ལམ་སྟོན་གནང་གི་ཡོད། དེ་བས་དགེ་རྒན་ཞིག་ལ་མཚོན་ན། ལུས་ངག་ཡིད་གསུམ་གྱི་སྤྱོད་ཚུལ་བཟང་སྤྱོད་དང་མཐུན་པ་ཞིག་མེད་ན་ཡོང་ཐབས་རྩ་བ་ནས་མེད་པ་རེད། དགེ་རྒན་ནི་སློབ་ཕྲུག་གི་མིག་དཔེ་ལྟ་ཡུལ་ཨང་དང་པོ་དེ་ཡིན་པས། ཁོ་ཚོས་དགེ་རྒན་གྱི་བླང་དོར་གྱི་བསླབ་བྱ་ལས་ལྷག་པ། དགེ་རྒན་དེའི་རྒྱུན་གཏན་གྱི་སྒོ་གསུམ་གྱི་སྤྱོད་ཚུལ་ལ་དོ་སྣང་ཆེ་བ་སྤྲོད་ཀྱི་རེད། སློབ་ཕྲུག་ལ་ཚུལ་མིན་གྱི་བྱ་སྤྱོད་འདི་དང་འདི་བྱེད་མི་རུང་ཟེར་བ་ལ། དང་ཐོག་བྱ་སྤྱོད་ངན་པ་དེ་རང་ཉིད་ཀྱིས་བྱེད་ཀྱི་མེད་པ་ཞིག་ཡིན་དགོས། དཔེར་ན། དགེ་རྒན་རང་ཉིད་དུས་ཁོམ་བྱུང་ཚེ་གྲོགས་པོ་དང་ལྷན་དུ་རྒྱན་རྩེད་དང་ཆང་རག་ལ་རོལ་ནས་སྡོད་པར་ཐེ་ཚོམ་རྩ་བ་ཉིད་ནས་མེད་ཀྱང་། འཛིན་གྲྭའི་ནང་། ཆང་དང་མཚན་མོར་རྒྱུ་བ་ངན་སོང་བ། །གྲགས་པ་ཉམས་པའི་རྒྱུ་ཡིན་དེ་དྲུག་སྤོངས། །ཞེས་སྤང་བླང་གི་བསླབ་བྱ་ཇི་ཙམ་བྱས་ཀྱང་གད་མོ་ཤོར་བའི་གནས་ཙམ་རེད། སློབ་གྲྭ་འགའ་ཞིག་གི་ནང་རྒན་གྷུཏ་ཀ་(Gudka)ལགས་དང་། རྒན་དུ་བ་ལགས། རྒན་ཝི་སི་ཀི་ལགས་ལྟ་བུའི་མིང་འདོགས་རྒྱབ་ལ་འཁྱེར་ནས་འགྲོ་བའི་དགེ་རྒན་ཡོད་སྐད། དེ་ལྟ་བུའི་དགེ་རྒན་གྱིས་སློབ་ཕྲུག་ལ་ལམ་སྟོན་བཟང་པོ་བྱེད་པ་ལས་ལྷག་ཙམ་སྤྱོད་ཚུལ་ངན་པ་ངམ་ཤུགས་ཀྱིས་སློབ་ཉེན་ཡོད། དེར་བརྟེན་དགེ་རྒན་བཟང་སྤྱོད་དང་ལྡན་པ་དཔེ་མཚོན་དུ་འོས་པ་ཞིག་དགོས་པ་ནི་༸གོང་ས་མཆོག་གི་ཐུགས་རེ་ཆེ་ཤོས་ཤིག་རེད་སྙམ། ཁོང་གིས་བཟང་སྤྱོད་དང་ལྡན་པ་ཞིག་ཡིན་ན་ཤེས་ཡོན་དེ་ཙམ་ཕུན་སུམ་ཚོགས་པོ་མེད་ཀྱང་སློབ་ཕྲུག་སྐྱེད་བསྲེང་བྱེད་པར་ཕན་ཐོགས་ཆེ་བ་ཡོད་ཅེས་གསུང་མྱོང་ཡོད།

གཉིས་པ། སྦྱོང་མཁན་ཞིག་ཡིན་དགོས།

   ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ། དཔེ་ཆ་ལྟ་དགོས། སློབ་སྦྱོང་བྱེད་དགོས་ཞེས་གསུང་གིན་ཡོད། དེ་ལྟར་གསུང་ཡུལ་སློབ་ཕྲུག་ཙམ་མ་ཡིན་པར་མི་ཚང་མར་གོ་དགོས་པ་ཡིན། ལྷག་པར་དུ་དགེ་རྒན་ཞིག་ཡིན་ཕྱིན། རང་རྒྱུད་ཡར་རྒྱས་དང་སློབ་སྦྱོང་བྱེད་པར་རྟག་ཏུ་སྤྲོ་བ་ཡོད་པ་ཞིག་ངེས་པར་དུ་དགོས། དགེ་རྒན་ཚད་ལྡན་ཞིག་བྱེད་འདོད་དང་སློབ་ཕྲུག་ལ་དུས་དང་མཐུན་པར་ལམ་སྟོན་བྱེད་དགོས་ན། དགེ་རྒན་རང་ཉིད་སློབ་གཉེར་དང་ཡ་མ་བྲལ་བ་ཞིག་དགོས་ལ། ཤེས་བྱའི་རྣམ་གྲངས་མང་པོར་ཐོས་བསམ་སློབ་གཉེར་བྱེད་ཐུབ་པ་དགོས། ལྷག་པར་དུ་རང་རིགས་རྣམས་ནི་༸རྒྱལ་བའི་དགོངས་གཞི་ཟབ་མོ་དར་སྤེལ་གཏོང་བའི་མི་རབས་གསར་པ་གསོ་སྐྱོང་བྱེད་མཁན་ཡིན་སྟབས། དེང་རབས་ཀྱི་ཤེས་ཡོན་ཙམ་མ་ཡིན་པར། རང་ཉིད་ཀྱི་སེམས་རྒྱུད་ཞི་དུལ་གྱི་གནས་སུ་འགོད་ཐུབ་པ་དང་། སློབ་ཕྲུག་ལ་ཡང་ལམ་སྟོན་ཕྱིན་ཅི་མ་ལོག་པ་སྟོན་ཐུབ་པའི་གདེང་སྤོབས་ལྡན་དགོས། རང་གི་སེམས་རྒྱུད་གོང་འཕེལ་གྱིས་གཞན་ལ་བྱམས་བརྩེ་སྤེལ་བ་དང་གཞན་ཕན་སྒྲུབ་པ། རང་ཉིད་དང་འདྲ་བ་དུ་མ་གསོ་སྐྱོང་བྱེད་ཐུབ་པ་བྱུང་ན་༸གོང་ས་མཆོག་གི་དགོངས་པའི་དགེ་རྒན་གྱི་ཁྱད་ཆོས་ཕུལ་དུ་བྱུང་བ་ཞིག་ཆགས་ཡོད།

གསུམ་པ། མིང་དོན་མཚུངས་པའི་བོད་མི་ཞིག

   རང་ཉིད་ཤ་རུས་བོད་པ་ལས་གྲུབ་ཅིང། ༸གོང་ས་མཆོག་གི་གདུལ་བྱ་རྣལ་མ་ཞིག་ཡིན་སྙམ་ན། མིང་དོན་མཚུངས་པའི་བོད་ཀྱི་དགེ་རྒན་ཞིག་བྱེད་རྒྱུ་ཧ་ཅང་གལ་ཆེ། རང་ཉིད་ཀྱི་བསླབ་གཞིའི་སློབ་ཚན་ཨིན་ཡིག་དང་། རྩིས་རིག ཚན་རིག བོད་ཡིག་སོགས་གང་ཡིན་རུང་། སྒོ་གསུམ་གྱི་སྤྱོད་ཚུལ་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེ། སློབ་གྲྭར་སྐྱོད་སྐབས་བོད་ལྭ་གྱོན་པ་ཙམ་དང་བོད་སྐད་ར་མ་ལུག་བཤད་པ་ཙམ་གྱིས་མི་ཆོག་པར། རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་ལ་དགའ་ཞེན་ཆེ་ལ་སྦྱོང་སྤྱོད་ཀྱི་བསམ་པ་ཆེ་བ། མི་རིགས་ཀྱི་ལར་ཞེན་དང་སྤོབས་པ་ལྡན་པ། རང་ཉིད་ཀྱི་འབྲེལ་ཡོད་སློབ་ཚན་འཁྲིད་ཞོར། སྐབས་དང་དུས་སུ་མེས་པོ་གོང་མ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་གྱི་སློབ་གསོ་དང་། བོད་ཀྱི་ཡུལ་སྲོལ་གོམས་གཤིས་ངོ་སྤྲོད་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་དགེ་རྒན་རང་ཉིད་ལ་ངེས་ཤེས་དང་། སློབ་ཕྲུག་ལ་བརྒྱུད་སྤྲོད་བྱེད་ཐུབ་པ་དགོས། དེ་ལྟར་བྱུང་ན། ཁྱོད་ཀྱིས་སློབ་ཚན་ཅི་ཞིག་སློབ་ཁྲིད་བྱེད་མིན་ལ་མ་ལྟོས་པར། ༸གོང་ས་མཆོག་གི་དགོངས་པའི་ཁྱད་ཆོས་གལ་ཆེ་ཞིག་ལྡན་པའི་དགེ་རྒན་ཆགས་ཡོད།

བཞི་པ། ༸རྒྱལ་བའི་དགོངས་གཞི་དང་མཐུན་དགོས།

   ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་སྐྱེ་འགྲོ་ཀུན་གྱི་སྔ་ཕྱི་བར་གསུམ་གྱི་བདེ་སྡུག་ཆ་ཚང་མཁྱེན་པའི་ཐོག་ནས་ཡང་དག་ལམ་སྟོན་གནང་ཡོད། སྐུ་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་བཞི་ཞེས། འགྲོ་བ་ཀུན་གནས་བཟོད་མི་བདེ་བའི་རྒྱུ་གཙོ་བོ་ཆོས་ལུགས་ཀྱི་འགལ་ཟླ་དང་། ཡུལ་ལུང་བར་གྱི་འཁྲུག་འཛིང་། འགྲོ་བ་མིའི་འདོད་ཧམ་སོགས་ཞི་ཐབས་སུ་ཉིན་མཚན་སྐུ་ལས་ཚད་མེད་བསྐྱོན་ཡོད། ང་ཚོས་ཀྱང་ཁོང་གིས་ཐུགས་བསྐྱེད་དམ་བཅའ་རླབས་པོ་ཆེ་དེ་ལྟར་བཞེས་པར་ཧ་ལས་ཧོན་འཐོར་ངང་དད་འདུན་དྲག་པོ་ཡོད་ཁུལ་བྱས་པ་ཙམ་གྱིས་མི་ཆོག་པར། དགེ་རྒན་ཞིག་ཡིན་པའི་ཆ་ནས་༸རྒྱལ་བའི་དགོངས་གཞི་དེ་དག་བརྒྱུད་སྤེལ་ལྷོད་མེད་བྱེད་དགོས་པ་ཡིན། རང་རེའི་མི་རབས་གསར་པ་རྣམས་ཁོག་རྒྱ་ཡངས་ལ། ཕུགས་བསམ་བརྟན་པ། གཞན་ཕན་ཆེ་བ། བྱམས་བརྩེ་དང་སྙིང་སྟོབས་ཆེ་བ་བཅས་སྐྱེད་སྲིང་བྱེད་ཐུབ་ན། རང་ཉིད་དགེ་རྒན་ཞིག་ཡིན་པའི་ཆ་ནས༸གོང་ས་མཆོག་གི་ཐུགས་བསྐྱེད་འགྲུབ་པའི་ཞབས་འདེགས་རླབས་པོ་ཆེ་སྒྲུབ་ཀྱི་ཡོད་ལ། ཁོང་གི་སྐུ་ཡི་སྐུ་ཚབ་དང་། གསུང་གི་གསུང་ཚབ་ཡིན་ཞེས་བརྗོད་ཆོག བོད་ཀྱི་དགེ་རྒན་ཞིག་ཡིན་ཕྱིན་ཁྱད་ཆོས་འདི་ལས་བཟང་བ་ཞིག་ཀྱང་ཕལ་ཆེར་མེད།

གོང་གསལ་དོན་ཚན་དེ་དག་ནི་རང་ངོས་ནས་རང་ཅག་བོད་ཀྱི་དགེ་རྒན་རྣམས་ལ་མེད་དུ་མི་རུང་བའི་ཁྱད་ཆོས་བཞི་ཡིན་ལ། ༸གོང་ས་མཆོག་གིས་རྟག་ཏུ་ཉམས་བཞེས་གནང་བའི་རིན་བྲལ་གྱི་མཛད་པ་ཡང་ཡིན་སྙམ། མདོར་ན། བདག་ཅག་ཁ་བ་གངས་ཅན་པ་རྣམས་ལ་༸གོང་ས་མཆོག་གི་བཀའ་དགོངས་དད་གུས་ཡི་རང་ཆེན་པོས་སྒྲུབ་པ་ལས་ལྷག་པ་ཞིག་རྩ་བ་ནས་མེད།

   མཐའ་དོན། ༸སྐྱབས་མགོན༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་༸རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་འཁྲུངས་སྐར་དགའ་བ་འབུམ་གྱིས་བསུ་བ་དང་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལྷུན་གྲུབ་ཡོང་བ། བསྟན་དང་འགྲོ་བའི་དོན་དུ་སྐུ་ཚེ་ཡུན་རིང་བཞུགས་པའི་སྨོན་འདུན་ཞུ།