བཀྲ་ཤིས་ཆོས་སྒྲོན། འཛིན་གྲྭ་བརྒྱད་པ།
ཤིམ་ལ་སཾ་བྷོ་ཊ་གཏན་སློབ།
བྱ་དཀར་པོ་མ་འཁྲུངས་དཀར་པོ་འཁྲུངས།། བྱ་དཀར་པོ་ཡུལ་ལྗོངས་བོད་ལ་འཁྲུངས།།
བོད་ཆོས་ལྡན་དམ་པའི་ཞིང་ཁམས་ནས།། བྱ་དཀར་པོ་འཚེ་མེད་གཤོག་ཟུང་རྒྱས།།
བྱ་དཀར་པོ་མ་རེད་དཀར་པོ་རེད།། བྱ་དཀར་པོ་ཞི་བདེ་ལྷ་བྱ་རེད།།
ལྷོ་འཛམ་བུ་གླིང་གི་ཉི་མ་རེད།། བོད་ཁ་བ་ཅན་གྱི་ནོར་བུ་རེད།།
གསེར་དངུལ་རིན་ཆེན་ལས་ལྷག་པའི་ངའི་སེམས་ནང་འགངས་ཆེ་བ་དང་རྩ་ཆེ་བ་༸གོང་ས་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་ཡིན། ཁོང་ནི་ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་འཇིག་རྟེན་དེའི་ནང་ལ་སྐུ་འཁྲུངས། བོད་མི་རྣམས་ཀྱིས་ཁོང་གི་གསུང་སྐད་ཐོས་པ་དང་ཞལ་རས་མཇལ་དུས་མིག་ནས་མིག་ཆུ་རང་དབང་མེད་པར་ཤོར་གྱི་ཡོད། འོན་ཀྱང་། བོད་ལ་ཡོད་པའི་བོད་མི་རྣམས་དེ་ལས་སེམས་སྐྱོ་ཞིང་༸གོང་ས་མཆོག་གི་སྐུ་པར་ཡང་ཉར་ཆོག་གི་མེད། ཡིན་ནའང་། ང་ཚོ་བཙན་བྱོལ་བ་ཚོར་རང་དབང་ཆ་ཚང་ཡོད་པས། ༸གོང་ས་མཆོག་གི་ལམ་སྟོན་འོག་ཤར་སྐྱོད་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན། ཁོང་གིས་རྒྱུན་གཏན་ནས་ལམ་སྟོན་རབ་དང་རིམ་པ་མང་པོ་གནང་གི་ཡོད། དེ་དག་ལས་གུས་མོས་རྒྱ་མཚོ་ནང་གི་ཆུ་ཐིགས་ཙམ་ཞིག་གི་སྐོར་བརྗོད་པ་ཡིན།
༡༽ ༸གོང་ས་མཆོག་གིས་སློབ་གཉེར་བ་རྣམ་ལ་ལམ་སྟོན་གནང་བའི་སྐོར།
ཁོང་གིས་ག་དུས་ཡིན་ནའང་མི་མང་དང་སློབ་ཕྲུག་ཚོར་ཤེས་བྱ་ཡོན་ཏན་ཡོད་ན། མིའི་མི་ཚེའི་ནང་ལ་ལག་ཆ་ཡོད་པ་ལྟ་བུ་ཞིག་དང་། གལ་ཏེ། མི་ཞིག་ལྷག་བསམ་རྣམ་དག་དང་སྤུས་དག་ཞིག་ཡོད་ན་ལག་ཆ་དེ་བེད་སྤྱོད་གཏོང་ཤེས་ཤིང་། མི་ཞིག་ལྷག་བསམ་རྣམ་དག་དང་སྤུས་དག་ཞིག་ཡོད་ན། མི་དེ་མ་འོངས་པར་ནར་སོན་དུས་དཀའ་ངལ་མ་འཕྲད་པ་དང་། མི་དེ་ཚང་མས་བརྩི་བཀུར་ཞུ་ས་ཞིག་ཏུ་འགྱུར་གྱི་ཡོད། གལ་སྲིད། མི་ཞིག་ལ་ཤེས་བྱ་གཅིག་པུ་ལས་ཡ་རབས་སྤྱོད་བཟང་མེད་ན། མི་དེ་རང་བཞིན་གྱིས་མ་རབས་ཤིག་ཏུ་འགྱུར་འགྲོ། དེ་འདྲ་ཆགས་ན། གོ་ལ་འདིའི་ནང་གནས་པའི་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་ཕན་མི་ཐོགས། རྒྱུ་མཚན་ནི། མི་རྣམས་ལ་ཤེས་བྱ་ཡོན་ཏན་ག་ཚོད་ཀྱི་ཕུན་སུམ་ཚོགས་པོ་ཡོད་ནའང་། ཁོ་མི་ཞིག་ཡིན་པའི་ཆ་ནས་གཞི་རྩ་མིའི་ལྷག་བསམ་དང་བཟང་སྤྱོད་མེད་ན་སྤྱི་ཚོགས་ལ་གནོད་པ་ལས་ཕན་མི་ཐོགས། དེའི་རྐྱེན་པས་སྤྱི་ཚོགས་ལ་ཞི་བདེ་མེད་པ་ཆགས་ཀྱི་རེད།
ཤེས་བྱ་ཡོན་ཏན་ཡོད་ན།། ལག་ཆ་ཡོད་པ་ལྟ་བུ།།
ལྷག་བསམ་དག་པོ་ཡོད་ན།། བཟང་སྤྱོད་ཡོད་པ་ལྟ་བུ།།
༢༽ ༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི།
༸གོང་ས་མཆོག་གིས་ཁོང་ནི་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་རྒྱུན་གཏན་ནས་མི་ལ་བཟང་སྤྱོད་ཐོག་ལ་བཀའ་སློབ་གནང་ཡོད། དེ་ནི་མི་སྒེར་དང་ཁྱིམ་ཚང་སྤྱི་ཚོགས་སོགས་ལ་བདེ་སྐྱིད་འབྱུང་བའི་གཞི་ཡིན་པར་གསུང་གི་ཡོད། དེར་བརྟེན། ང་ཚོས་རང་གི་རྒྱུད་ལ་ཡོད་པའི་ཡ་རབས་བཟང་སྤྱོད་དེས་གཞན་ལ་ཕན་པ་སྒྲུབ་དགོས། མ་ཟད། ཁོང་གིས་ཁོང་ནི་ཆོས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཕན་ཚུན་བར་འབྲེལ་བ་བྱེད་ཀྱི་ཡོད། བྱས་ཙང་། ཁོང་གིས་བྱམས་དང་བརྩེ་བ། བཟོད་སྒོམ་ཆོག་ཤེས་ཀྱི་བསླབ་བྱ་སོགས་ལ་བརྟེན་ནས་ཆོས་ལུགས་ཚང་མ་ཕན་ཚུལ་མཐུན་ལམ་ཡག་པོ་བྱེད་དགོས། རྒྱུ་མཚན་ནི། མི་ཚོ་བདེ་སྐྱིད་ཀྱི་ལམ་དུ་འཁྲིད་པའི་ནུས་པའང་གཅིག་མཚུངས་ཡོད་པ་ཤེས་དགོས་ཀྱི་ཡོད།
ད་དུང་༸གོང་ས་མཆོག་གིས་ཁོང་ནི་བོད་མི་ཞིག་ཡིན་པ་དང་ཏཱ་ལའི་བླ་མའི་མཚན་གནས་ཡོད་པ། ལྷག་པར་དུ། བོད་ཕྱི་ནང་དུ་ཡོད་པའི་བོད་མི་ཡོངས་ཀྱི་ཁོང་ལ་ཡིད་ཆེས་བློ་བརྟན་བྱེད་བཞིན་ཡོད་པས། བོད་ཀྱི་སྐད་ཡིག་དང་རིག་གཞུང་ཁོར་ཡུག་བཅས་ལ་ཐུགས་ཁུར་དང་བཙན་འོག་ལ་གནས་པའི་བོད་མི་ཚོའི་རང་དབང་གི་མགྲིན་ཚབ་པ་གནང་རྒྱུ་དེའང་ཁོང་གི་འགན་ཁུར་ཡིན་པར་གསུང་གི་ཡོད། རྒྱུ་མཚན་ནི། བོད་ནང་རྒྱ་ནག་དམར་གཞུང་གིས་ང་ཚོ་བོད་པའི་སྐད་ཡིག་དང་རིག་གཞུང་སོགས་རྩ་མེད་གཏོང་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད། སོང་ཙང་། ང་ཚོ་གཞན་ཡུལ་ལ་གནས་མཁན་ཚོས་བོད་ཀྱི་རིག་གཞུང་དང་སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་བྱེད་དགོས་པའི་འགན་དབང་ཡོད་པ་ཡིན། ལྷག་པར་དུ། ཁོང་ཉིད་རྒྱ་གར་གནའ་རབས་ཀྱི་རིག་གཞུང་གི་རྗེས་འབྲང་བ་ཞིག་ཡིན་པའི་ཆ་ནས་རྒྱ་གར་གྱི་གནའ་བོའི་སེམས་ཁམས་རིག་པ་དང་། ཚད་མའི་རྣམ་གཞག་ལྟ་གྲུབ་དང་འབྲེལ་བའི་བཟང་སྤྱོད་བཅས་དེང་གི་ཤེས་ཡོན་ལམ་ལུགས་དང་མཉམ་སྦྲེལ་གྱིས་རྒྱ་གར་ནང་བསྐྱར་གསོ་བྱས་སྟེ། བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་འཛུགས་སྐུན་བྱེད་ཐུབ་པའི་ངོས་འཛིན་གནང་གི་ཡོད། མ་ཟད། ༸གོང་ས་མཆོག་ནས་བོད་མི་རིགས་ལ་ད་བར་གཟིགས་སྐྱོང་གནང་ཡོད། གལ་སྲིད། ༸གོང་ས་མཆོག་གི་གཟིགས་སྐྱོང་གནང་མེད་ན། བོད་མི་རིགས་ཀྱི་རིག་གཞུང་དང་ང་ཚོའི་མི་རིགས་དེ་ཡང་རྩ་བརླག་ཏུ་གྱུར་མེད་ནའང་། རླུང་འཚུབ་དཀྱིལ་གྱི་མར་མེ་བཞིན་དུ་གནས་ཡོད་སྲིད། དེར་བརྟེན། ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་རིགས་ཚོ་གང་ཅིའི་ཐོག་དཀའ་ངལ་པུ་ཙམ་ཡང་མེད་པར་གནས་ཐུབ་པ་དེ་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་འོག་ཕྱིན་པའི་བཀའ་དྲིན་རེད།
༣༽ ༸གོང་ས་མཆོག་གིས་བོད་ཀྱི་རིག་གཞུང་དང་ནང་པ་སངས་རྒྱས་པའི་ཆོས་དང་འབྲེལ་བའི་སེམས་ཁམས་རིག་པའི་ལམ་སྟོན།
ད་ལྟ་དངོས་ཡོད་གནས་ཚུལ་ཡིན་ལུགས་གང་འདྲ་ཞིག་ཡིན་ནམ་ཞེས་པའི་ལྟ་གྲུབ་དེ་ཚོར་ཤེས་ཡོན་ཅན་དང་ཚན་རིག་ཚོས་དོ་སྣང་བྱེད་དགོས་པའི་ཞིག་ཆགས་ཡོད། དེར་བརྟེན། ང་རང་ཚོའི་ཆོས་དང་རིག་གཞུང་འདི་ས་ཁུག་ལུང་ཁུག་ཅིག་གི་གནའ་རབས་ཀྱི་གོམས་གཤིས་ཙམ་མིན་པར། དུས་རབས་ཉེར་གཅིག་ནང་གོ་ལའི་མི་སྤྱིས་བསམ་བློ་གཏོང་རྒྱུར་ཕན་ཐོགས་ཡོད། དེ་ལ་ཞབས་འདེགས་སྒྲུབ་ཐུབ་པའི་རིག་གཞུང་གཅིག་ཆགས་ཡོད། མི་གཞན་གྱི་ངོ་སྤྲོད་དེ་ལྟར་བྱེད་པའི་སྐབས། ང་རང་ཚོ་རང་ཉིད་ཀྱི་དེ་དག་ཤེས་པ་བྱ་རྒྱུ་དེ་གལ་ཆེན་པོ་རེད། བོད་ཀྱི་ཆོས་དང་རིག་གཞུང་གཏིང་ཟབ་ཡོད་པ་དེ་དག་མི་རིགས་གཞན་ནས་སྦྱང་དགོས་བྱུང་ན་དེ་ནི་ཐབས་སྐྱོ་པོ་རེད། ང་ཚོ་བོད་པར་སྐད་ཡིག་གཞན་ཞིག་བརྒྱུད་མ་དགོས་པར་སོ་སོ་རང་ཉིད་ཀྱི་ཕ་སྐད་ཐོག་ནས་ཆ་ཚང་སློབ་ཤེས་ཐུབ་དགོས། ང་ཚོས་དེ་ལ་བདག་གཉེར་གནང་དགོས་པ་དེ་གལ་ཆེན་པོ་ཡིན་པར་བརྟེན། ང་ཚོ་སློབ་གྲྭ་ཁག་གི་ཤེས་ཡོན་དེ་དག་དེང་སང་གི་ཤེས་ཡོན་དང་དོ་མཉམ་ཞིག་ཡོང་ཐུབ་པ་བྱ་རྒྱུར་ང་རང་ཚོས་འབད་བརྩོན་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཞིག་རེད། ཤེས་ཡོན་གྱི་ཐོག་ལ་ད་དུང་ཡང་ང་ཚོ་ཡར་རྒྱས་གཏོང་དགོས་ཞེས་གསུངས་པ་བཞིན། ང་ཚོ་བོད་པའི་སློབ་ཕྲུག་ཚོས་རང་གི་སྐད་ཡིག་ལ་དོ་སྣང་བྱེད་རྒྱུ་དང་སྲོལ་རྒྱུན་གྱི་ཤེས་ཡོན་ཙམ་མིན་པར་དེང་དུས་ཀྱི་ཤེས་ཡོན་ལའང་དོ་སྣང་བྱེད་རྒྱུ་དེ་ཡང་ཧ་ཅང་གིས་གལ་ཆེན་པོ་རེད།
མདོར་ན་༸གོང་ས་མཆོག་གིས་བོད་མི་རིགས་ལ་གནང་བའི་བཀའ་དྲིན་ནི་ངོ་མ་རྒྱ་མཚོ་ལས་གཏིང་ཟབ་པ་དང་རི་བོ་ལས་ཆེ་བ་ཡོད། ཁོང་ནི་དུས་རབས་ཉེར་གཅིག་པའི་ཞི་བདེའི་དེད་དཔོན་ཆེན་མོ་ཙམ་མ་ཟད་བོད་མི་ཡོངས་ཀྱི་མགོན་སྐྱབས་ཀྱང་ཡིན། སོང་ཙང་། ང་ཚོ་བོད་མི་རྣམས་ནས་ཁོང་གི་བཀའ་དྲིན་ནམ་ཡང་མ་བརྗེད་པར་སེམས་པའི་གཏིང་ནས་དྲན་དགོས་ལ། སློབ་སྦྱོང་ལའང་འབད་བརྩོན་དང་ཧུར་བརྩོན་བྱེད་དགོས་ཤིང་། མ་འོངས་པ་རྒྱ་མི་དང་ལྷན་དུ་གྲོས་མོལ་བྱས་ནས་བོད་ཀྱི་བདེན་མཐའ་གསལ་ཐབས་བྱེད་དགོས།

ད་བར་དཔྱད་མཆན་མེད།