བསྟན་འཛིན་དབྱངས་ཅན། འཛིན་གྲྭ་བརྒྱད་པ།
གུ་རུ་པུ་ར་སཾ་བྷོ་ཊ་བོད་སློབ།

   ༄༅། །༸གོང་ས་མཆོག་ནི་བོད་མི་ཡོད་དོ་ཅོག་གི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་རེད། ཁོང་གིས་བོད་མི་མ་ཟད་འཛམ་གླིང་ཡོངས་ལ་ཕན་ཐོགས་ཡོང་བའི་ཆེད་ཐུགས་བརྩེ་བ་ཆེན་པོས་བཀའ་སློབ་སྣ་ཚོགས་གནང་ཡོད། ཁོང་གི་བཀའ་སློབ་དང་ལམ་སྟོན་རྩ་ཆེན་པོ་མང་པོ་གནང་བའི་ནང་ནས་ང་རང་གི་ཡག་ཤོས་ཤེས་པ་དེ་རྩོམ་གྱི་ཐོག་བྲི་རྒྱུ་ཡིན། དེར་བརྟེན། གུས་མོ་རང་ཉིད་ནས་བྱམས་སྙིང་རྗེ་དང་ཤེས་ཡོན་གལ་ཆེ་བ། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་སྐོར་བྲི་རྒྱུ་ཡིན། ༸གོང་ས་མཆོག་གིས། “བྱམས་བརྩེ་དང་སྙིང་རྗེ་ནི་མིའི་གཞི་རྩའི་རང་བཞིན་ཡིན་པ་དང་། འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་བདེ་སྐྱིད་ཀྱི་རྩ་བ་ཡིན། བྱམས་སྙིང་རྗེ་ནི་སེམས་ཀྱི་བདེ་སྐྱིད་སྐྲུན་བྱེད་ཀྱི་ཐབས་ལམ་ཡག་ཤོས་དེ་ཡིན་པ་མ་ཟད་ཕན་ཐོགས་ཀྱང་ཆེ་ཤོས་དེ་ཡིན། གང་ལ་ཟེར་ན། སེམས་ནང་གི་ཁོང་ཁྲོ་དང་ཕྲག་དོག འདོད་རྔམ་སོགས་ནི་སྡིག་པ་གསོག་སའི་རྒྱུ་ཆེ་ཤོས་ཡིན་པས། བྱམས་དང་སྙིང་རྗེ་ནི་ཁོང་ཁྲོ་སོགས་འཇོམས་བྱེད་ཀྱི་གཉེན་པོ་ལྟ་བུ་རེད། མི་ཙམ་མ་ཡིན་པར་སྐྱེ་འགྲོ་ཆ་ཚང་ལ་བྱམས་དང་སྙིང་རྗེ་བྱེད་རྒྱུ་གལ་ཆེན་པོ་ཡིན།” ཞེས་གསུངས་ཡོད།

༸གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་བསྐྲུན་ཆེད་བོད་མི་གཙོ་བོར་གྱུར་པའི་འཛམ་གླིང་ཡོངས་ལ་བཀའ་སློབ་ལམ་སྟོན་མང་པོ་གནང་ཡོད་། ཁོང་གིས་ཆོས་ལུགས་ཚང་མས་བྱམས་སྙིང་རྗེ་བསྟན་ཡོད་པ་དང་། ཆོས་ལུགས་ཀུན་གྱི་སྙིང་པོ་ཡང་དེ་རེད་གསུངས་ཡོད། ཁོང་གིས་དུས་རྒྱུན་དུ་གྲོགས་པོ་མ་ཟད་རང་ལ་གནོད་པ་བྱེད་མཁན་དགྲ་ལའང་སྙིང་རྗེ་སྐྱེ་དགོས་པ་གསུངས་ཡོད། བྱམས་དང་སྙིང་རྗེ་ལྡན་པའི་མི་ཞིག་རྒྱལ་ཁབ་སོགས་ཀྱི་དབུ་ཁྲིད་ཆགས་པ་ཡིན་ན་རྒྱལ་ཁབ་ཕན་ཚུན་དབར་གུས་བརྩི་དང་། བསམ་ཤེས། ཞི་བདེ་སོགས་སྐྲུན་ཐུབ། བྱམས་དང་སྙིང་རྗེ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་པས་དང་པོ་རང་ཉིད་ལ་སྙིང་རྗེ་སྐྱེ་དགོས། རང་གིས་རང་ལ་སྙིང་རྗེ་མེད་ན་གཞན་ལ་སྙིང་རྗེ་སྐྱེ་མི་ཐུབ། རང་གི་ནོར་འཁྲུལ་ལ་འགྱོད་སེམས་སྐྱེ་དགོས་པ་ཤིན་ཏུ་གལ་འགངས་ཆེ། ༸གོང་ས་མཆོག་གིས་ང་ཚོ་ཆུང་དུས་ནས་བྱམས་དང་སྙིང་རྗེ་ལག་ལེན་བསྟར་བའི་ཆེད་དུ་བོད་པའི་སློབ་གྲྭ་མ་ཟད་འཛམ་གླིང་སྤྱི་ཡོངས་ཀྱི་སློབ་གྲྭ་ཁག་ལ་སཱི་ཤེས་ཡོན་ཟེར་བའི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སློབ་ཚན་གསར་པ་ཞིག་གསར་གཏོད་གནང་སྟེ་སློབ་ཁྲིད་བྱེད་ཀྱི་ཡོད། སློབ་ཚན་དེའི་ནང་སློབ་ཕྲུག་ཚོ་སེམས་པ་བཟང་པོ་བྱེད་སྟངས་དང་མི་གཞན་ལ་བྱམས་དང་སྙིང་རྗེ་བྱེད་སྟངས་སོགས་སློབ་གསོ་གནང་བ་མ་ཟད། ལག་བསྟར་བྱེད་སྟངས་སོགས་ལའང་བཀའ་སློབ་གནང་ཡོད། ཁོང་གི་དགོངས་པར་ཤེས་ཡོན་ནི་མིའི་རྣམ་དཔྱོད་གོང་འཕེལ་གཏོང་བ་ཙམ་མ་ཟད་བྱམས་བརྩེ་དང་སྙིང་རྗེ་སྐྱེད་དགོས་པ་གསུངས་ཡོད། ཁོང་གིས་སཱི་ཤེས་ཡོན་སློབ་གསོས་སྤྱི་ཚོགས་བཟང་པོ་ཞིག་སྐྲུན་པར་ཕན་ཐོགས་ཆེན་པོ་ཡོད་པ་ཡིད་ཆེས་གནང་གི་ཡོད། ༸གོང་ས་མཆོག་གི་དགོངས་པར་ཤེས་ཡོན་གྱི་དམིགས་ཡུལ་གཙོ་བོ་ནི་བདེ་སྐྱིད་སྐྲུན་ཐབས་དང་སྤྱི་ཚོགས་བཟང་པོ་ཞིག་བཟོ་རྒྱུ་དེ་ཡིན། མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་འདོད་ན་སཱི་ཤེས་ཡོན་གྱི་སློབ་གསོ་ངེས་པར་དུ་དགོས་པ་གསུངས་ཡོད་། སཱེ་ཤེས་ཡོན་གྱི་ཕན་ནུས་མང་པོ་ཡོད་པ་ནི། སྤྱི་ཚོགས་ནང་ཕན་ཚུན་མཐུན་སྒྲིལ་ཡོང་བ་དང་། བཟང་སྤྱོད་ཀྱི་རིག་སྟོབས་འཕེལ་བ། སེམས་དུལ་བ། གཞན་ལ་རིན་ཐང་དང་གུས་བརྩི་བྱེད་སྟངས་འཕེལ་བ། སེམས་ཀྱི་དཀའ་ངལ་ནས་གྲོལ་ཐུབ་པ་སོགས་ཁེ་ཕན་མང་པོ་ཡོད།

ཁོང་གི་དམིགས་བསལ་ང་ཚོ་བོད་མི་ལ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེ་ཡིན་པའི་སྐོར་བཀའ་སློབ་གསུངས་ཡོད། ཁོང་གིས་རྒྱུན་དུ་འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་དང་རང་བྱུང་ཁམས་ལ་བརྩི་བཀུར་བྱེད་རྒྱུ་གལ་ཆེན་པོ་ཡིན་པས་སྔོན་ལ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་གལ་གནད་ཆེན་པོ་ཡིན་པ་གསུངས་ཡོད།

དེ་འདྲ་སོང་ཙང་། ཁོང་གིས་བོད་ཀྱི་ཁོར་ཡུག་བདག་གཅེས་བྱེད་དགོས་པ་དེ་རང་ཉིད་ཀྱི་ཁེ་ཕན་ཙམ་མ་ཡིན་པར་མ་འོངས་པའི་མི་རབས་ཚང་མའི་བདེ་ཐང་ལ་བསམ་བློ་གཏོང་དགོས་ཞེས་གསུངས་ཡོད། ཁོང་གིས་ང་ཚོ་འཛམ་གླིང་འདིའི་སྒང་གི་སྐྱེ་ལྡན་ཚང་མ་དང་འབྲེལ་བ་ཡོད་པས་ཚང་མས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུར་འགན་འཁུར་དགོས་ཤིང་། བོད་ཀྱི་ཁོར་ཡུག་གནས་སྟངས་ནི། ཨེ་ཤཱི་ཡའི་ཆུ་བོ་མང་ཆེ་བའི་འབྱུང་ཁུངས་དང་མི་འབོར་ཐེར་འབུམ་མང་པོའི་འཚོ་བ་དང་ཐད་ཀར་འབྲེལ་བ་ཡོད་པ་དང་། དེ་བཞིན་ཤིང་ནགས་དང་རྩི་ཤིང་མེད་པ་ཡིན་ན་དཀའ་ངལ་འཕྲད་རྒྱུ་ཡིན་པ་གསལ་པོ་ཡིན་སྟབས། མི་སྒེར་སོ་སོའི་འགན་ཁུར་བླངས་ནས་ཤིང་སྡོང་སོགས་འདེབས་འཛུགས་བྱེད་དགོས་པ་ཤིན་དུ་གལ་ཆེན་པོ་ཡིན་ལུགས་སོགས་གསུངས་ཡོད། ༸གོང་ས་མཆོག་གི་མཐར་ཐུག་གི་དགོངས་པ་ནི་ང་ཚོ་ཚང་མའི་བསམ་བློ་གཏིང་ཟབ་པོ་བཏང་སྟེ་ཁོར་ཡུག་སྲུང་སྐྱོབ་བྱེད་སྟངས་སྐོར་གོ་རྟོགས་སྤེལ་རྒྱུ་དེ་ཡིན།

༸གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་ཡོང་ཐབས་སུ་ལམ་སྟོན་མང་པོ་གསུངས་ཡོད། ཁོང་ཆུང་དུས་ནས་ད་བར་དུ་བོད་མི་རིགས་དང་། འཛམ་གླིང་ཡོངས་ལ་ཞི་བདེ་ཐོབ་པའི་ཆེད་དུ་བཀའ་སློབ་དང་ལམ་སྟོན་གོ་སྐབས་ནམ་ཡོད་ལ་གནང་གི་ཡོད། ༸གོང་ས་མཆོག་གི་དགོངས་པར་སྨོན་ལམ་འདེབས་པ་ལས་ལག་ལེན་བསྟར་ན་ནུས་པ་ཆེ་བ་དང་། ང་ཚོ་ཡིག་རྒྱུགས་སྐབས་སུ་ཡི་གེ་མ་སྦྱངས་པར་རྒྱུགས་འཕྲོད་པའི་སྨོན་ལམ་གཅིག་པུ་བརྒྱབ་ན་ཕན་ཐོགས་གང་ཡང་མེད། ཡིན་ནའང། སོ་སོའི་སློབ་སྦྱོང་གང་ཐུབ་སྦྱངས་ནས་ཡིག་ཚད་བཏང་ན་རྒྱུགས་འཕྲོད་ཀྱི་རེད། ང་ཚོས་སྨོན་ལམ་བརྒྱབ་པ་དེ་ཡག་པོ་རེད། འོན་ཀྱང་སྨོན་ལམ་བརྒྱབ་པ་གཅིག་པུས་རང་ཉིད་ཀྱི་ལས་དོན་གང་ཡིན་ཡང་འགྲུབ་པར་དཀའ། དེར་བརྟེན། ལས་ཀ་གང་འདྲ་ཞིག་ཡིན་ཡང་དཀའ་ལས་བརྒྱབ་ན་ལས་དོན་གང་འདྲ་ཞིག་ཡིན་ཡང་འགྲུབ་ཐུབ།

༸གོང་ས་མཆོག་གི་ལམ་སྟོན་གཞན་ཞིག་ནི་དབུ་མའི་ལམ་རེད། དབུ་མའི་ལམ་ནི་༸གོང་ས་མཆོག་གི་ཐུགས་ནས་འཁྲུངས་པའི་ལམ་སྟོན་ཞིག་རེད། ང་ཚོ་རྒྱ་ནག་ལ་དམག་བརྒྱག་མི་དགོས་པར་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་རྒྱ་མིའི་མཉམ་དུ་ཞི་བདེའི་ངང་བསྡད་རྒྱུ་ཁོང་གིས་ཐུགས་ལ་དགོངས་ཀྱི་ཡོད། ཁོང་གི་གསུངས་པ་དེ་འདེན་པ་རེད། ང་ཚོའི་དམག་བརྒྱབ་པ་ཡིན་ན་ང་ཚོ་རང་ལ་གྱོང་རེད། གང་ཡིན་ཟེར་ན། ང་ཚོ་བོད་ལ་དམག་མི་དཔེ་ཉུང་ཉུང་ཡོད། གལ་སྟེ། ང་ཚོས་རྒྱ་ནག་ལ་དམག་བརྒྱབ་པ་ཡིན་ན། ང་ཚོ་ཤོར་རྒྱུ་ཡིན་པ་དང་མི་མང་པོའི་ཚེ་སྲོག་ཤོར་གྱི་རེད་། དེར་བརྟེན། དབུ་མའི་ལམ་དེ་ཡག་ཤོས་རེད།་དབུ་མའི་ལམ་དེ་ལག་བསྟར་བྱུང་བ་ཡིན་ན་བོད་པ་རྣམས་བོད་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་བའི་རང་སྲིད་རང་སྐྱོང་དང་། རྒྱ་ནག་གཞུང་གིས་བོད་ཀྱི་མཐའ་སྐོར་སྲུང་སྐྱོབ་དང་། ཕྱི་སྲིད་འབྲེལ་བ་གནང་བ་དེ་ལ་ཟེར།

མཐར་དོན་དུ་གོང་གི་གལ་ཆེ་བའི་བཀའ་སློབ་ལམ་སྟོན་ཆ་ཚང་གི་དོན་ཤེས་ནས་མི་ཚེ་ནང་རྒྱུན་དུ་ལག་ལེན་བསྟར་རྒྱུ་ང་རང་གིས་འབད་བརྩོན་བྱ་རྒྱུ་ཡིན། ༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་མང་པོ་གསུངས་ཡོད་པ་དང་དེ་དག་ཆ་ཚང་གལ་ཆེན་པོ་དང་རྩ་ཆེན་པོ་ཡིན་པ་མ་ཟད། ཕན་ཐོགས་ཡང་ཆེན་པོ་ཡོད། དེར་བརྟེན། ཁོང་གི་བཀའ་སློབ་ལམ་སྟོན་རྣམས་ལྟ་ཀློག་ཉན་གསུམ་བྱས་ན་ཕན་ཐོགས་མ་གཏོགས་གནོད་སྐྱོན་གང་ཡང་མེད། ༸གོང་ས་མཆོག་སྐུ་ཚེ་ཡུན་རིང་གནས་པའི་སྨོན་ལམ་དང་། བོད་ཀྱི་བདེན་མཐའ་མགྱོགས་མྱུར་གསལ་བའི་སྨོན་ལམ་ཡོད། སྨོན་ལམ་དེའི་ཆེད་དུ་ང་ཚོ་ཚང་མས་ལག་ལེན་བསྟར་དགོས་པ་བཅས། བོད་རྒྱལ་ལོ།།