བསྟན་འཛིན་མེ་ཏོག འཛིན་གྲྭ་བདུན་པ།
གུ་རུ་པུ་ར་སཾ་བྷོ་ཊ་སློབ་གྲྭ།
༄༅། །ད་ལྟ་བར་༸གོང་ས་མཆོག་གིས་བཀའ་སློབ་མང་པོ་གསུངས་ཡོད་པ་རེད། ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་༸གོང་ས་མཆོག་གི་བཀའ་སློབ་གང་མང་མང་ཉན་རྒྱུ་དང་བཀའ་སློབ་དེ་ཚོ་སེམས་ལ་བཞག་ནས་ལག་ལེན་བསྟར་དགོས། ༸གོང་ས་མཆོག་གིས་ཆོས་འཇིག་རྟེན་གང་གི་ཐོག་ནས་བཤད་ཀྱང་གཅིག་གི་གཅིག་ལ་ཡིད་ཆེས་བྱེད་དགོས་གསུངས་ཡོད། སུ་ཡིན་ཡང་སྐྱོན་གཏན་ནས་མེད་པ་དཀོན་པོ་རེད། སྐྱོན་གཅིག་ཡོད་པའི་རྒྱུ་མཚན་དུ་བྱས་ཏེ་མི་དེ་ནག་པོ་ནག་རྐྱང་དང་། དགེ་མཚན་གཅིག་ཡོད་པའི་རྒྱུ་མཚན་གྱིས་མི་དེ་དཀར་པོ་དཀར་རྐྱང་ལ་བཏང་ན་ནོར་འཁྲུལ་རེད་ཅེས་གསུངས་ཡོད། ༸གོང་ས་མཆོག་གིས་བཀའ་སློབ་གསུངས་པ་དེ་ཚོ་ཐུགས་ལ་འཇོག་དགོས། བྱམས་བརྩེ་དང་། སྙིང་རྗེ། བཟོད་སྒོམ་བཅས་ཀྱིས་གཞན་སེམས་ལ་འགྱུར་བ་བཏང་ཐུབ། བྱམས་བརྩེ་དང་། སྙིང་རྗེ། བཟོད་སྒོམ་ནི་སེམས་ཀྱི་ནུས་ཤུགས་ཀྱི་འབྱུང་ཁུངས་རེད།
བྱམས་བརྩེའི་ནུས་པ་ལ་བརྟེན་ནས་གྲོགས་པོ་གྲོགས་མོ་ཡག་པོ་བཟོ་ཐུབ་མ་གཏོགས་དངུལ་གྱིས་བཟོ་ཐུབ་ཀྱི་མ་རེད། ཆོས་ངོ་མ་དེ་བརྩེ་བ་དང་རྙིང་རྗེ་རེད། ༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ཡང་ཡང་ཉན་ནས་ལག་ལེན་བསྟར་ན། ང་ཚོའི་སེམས་ཀྱི་ཁོང་ཁྲོ་དང་ང་རྒྱལ་དེ་ཚོ་ཉུང་དུ་འགྲོ་གི་རེད། ཁོང་གིས་ཁོང་ཁྲོ་དེ་བཟོད་སྒོམ་གྱི་དགེ་རྒན་ཡག་ཤོས་དེ་རེད་གསུངས་ཡོད། མི་ཚེའི་རིན་ཐང་ཡག་ཤོས་དེ་སོ་སོའི་སྤྱོད་པ་ཡག་པོ་དེ་རེད། རང་ལ་དཀའ་ངལ་ཞིག་བྱུང་ན་སེམས་ཁྲལ་བྱས་ནས་དཀའ་ངལ་སེལ་ཐུབ་ཀྱི་མ་རེད། སེམས་ཁྲལ་བྱས་ནས་དཀའ་ངལ་སེལ་མ་ཐུབ་ན་སེམས་ཁྲལ་བྱས་པ་དེ་སོ་སོར་སྡུག་གྱོང་རེད་གསུངས་ཡོད། ༸གོང་ས་མཆོག་གིས་སྨོན་ལམ་བརྒྱབ་པ་ལས་ལག་ལེན་བསྟར་ཡ་དེ་གལ་ཆེ་བ་རེད་གསུངས་ཡོད། གལ་སྲིད་རང་ལ་བདེ་སྐྱིད་དང་ཞི་བདེ་དགོས་ན་གཞན་ལ་ཕན་སེམས་བྱེད་དགོས་གསུངས་ཡོད། རང་གིས་རང་ལ་བརྩེ་བ་བྱ་རྒྱུ་དེ་གལ་ཆེན་པོ་རེད། གལ་སྲིད་སོ་སོ་ལ་བརྩེ་བ་མེད་ན་གཞན་ལ་ཡང་བརྩེ་བ་སྤྲད་ཐུབ་ཀྱི་མ་རེད་གསུངས་ཡོད། མི་གཞན་ལ་བནོད་པ་བྱས་ན་སོ་སོ་ལ་སྡུག་བསྔལ་ཡོང་གི་རེད།
༸གོང་ས་མཆོག་གིས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། བོད་ཀྱི་ཁོར་ཡུག་ནི་བོད་མི་རིགས་ཀྱིས་བདག་པོ་བརྒྱབ་ནས་སྲུང་སྐྱོབ་བྱེད་དགོས་གསུངས་ཡོད། ཤེས་ཡོན་སྦྱངས་པའི་དགོས་དོན་སྙིང་པོ་ནི་མི་ལ་བདེ་སྐྱིད་འཐོབ་པའི་ཆེད་དུ་ཡིན། ཤེས་ཡོན་སྦྱངས་པའི་མི་དེ་རང་གཞན་གཉིས་ཀ་ལ་བདེ་སྐྱིད་སྤྲོད་མཁན་ཞིག་ཡིན་དགོས་གསུངས་ཡོད། སོ་སོའི་རོགས་པ་དང། འགྲོ་བ་མིའི་རིགས་ཚང་མར་ཕན་ཐོགས་མཁན་ཞིག་བྱུང་ན་ཤེས་ཡོན་སྦྱངས་པའི་དགོས་དོན་ཚང་བ་རེད་གསུངས་ཡོད། ན་གཞོན་ཚོས་སོ་སོར་གོ་སྐབས་ཡོད་པ་དེ་འཕྲོ་བརླག་ཏུ་མ་བཏང་བར་འཛམ་གླིང་གི་ས་ཕྱོགས་གང་དུ་གནས་ཀྱང་ཤེས་ཡོན་ལ་དོ་སྣང་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པའི་ལམ་སྟོན་གནང་ཡོད། དེ་ཡང་སོ་སོའི་མི་རིགས་ཀྱི་སྐད་ཡིག་དང་། རིག་གཞུང་གི་ཁྱད་ཆོས་ཆ་ཚང་ཡོད་པའི་ཐོག་དེང་དུས་འཛམ་གླིང་གི་ཤེས་ཡོན་ཡོད་པ་ཞིག་ཡོང་ཐབས་བྱེད་རྒྱུ་གལ་ཆེར་བརྩི་དགོས་གསུངས་ཡོད། རྒན་པ་ཚོ་ཡིན་ན་ཡང་གང་ཐུབ་ཐུབ་ཀྱིས་ཤེས་ཡོན་ལ་འབད་བརྩོན་དང་དོ་སྣང་མ་བྱས་ན་མཐོང་རྒྱ་ཐོས་རྒྱ་གང་ཡང་ཡོང་གི་མ་རེད་ཅེས་བཀའ་གནང་ཡོད། ཤེས་ཡོན་གྱི་ཐོག་ནས་དཀའ་ངལ་གང་ཡོད་པ་དེ་སེལ་ཐུབ་པའི་ཐབས་ཤེས་འཚོལ་ཐུབ་ཀྱི་རེད།
༸གོང་ས་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་ལ་ཡང་བཀའ་སློབ་མང་པོ་གསུངས་ཡོད་པ་རེད། ང་རང་ཚོ་འཚོ་སྡོད་བྱེད་སའི་ཁོར་ཡུག་ལ་ཤིང་ནགས་གང་བྱུང་གཅོད་འབྲེག་དང་། ས་གཏེར་གང་བྱུང་སྔོག་འདོན་བྱེད་པ་སོགས་ཁོར་ཡུག་ལ་གནོད་པའི་བྱ་སྤྱོད་སྤང་དགོས། གད་སྙིགས་གང་བྱུང་གཡུགས་པའི་རྐྱེན་གྱིས་མིག་ལམ་དུ་མི་མཛེས་པ་ནད་རིགས་འཕེལ་བ་སོགས་སྐྱེ་འགྲོའི་འཕྲོད་བསྟེན་ལ་གནོད་ཚབས་ཤིན་ཏུ་ཆེ་བ་ཡིན་པ་གསུངས་ཡོད། ང་ཚོ་བོད་པ་ཚོས་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གང་མང་མང་ཉན་ནས་ལག་ལེན་བསྟར་རོགས་གནང། བོད་རྒྱལ་ལོ།།

ད་བར་དཔྱད་མཆན་མེད།