བསྟན་འཛིན་སྒྲོལ་གསལ། འཛིན་གྲྭ་བདུན་པ།
གུ་རུ་པུ་ར་སཾ་བྷོ་ཊ་སློབ་གྲྭ།

   ༄༅། །ད་ལོ་ང་ཚོའི་རྩ་བའི་བླ་མ་༸གོང་ས་མཆོག་གི་གོ་སྟོན་རེད། ཁོང་གིས་ཡ་རབས་བཟང་སྤྱོད་དང་ཤེས་ཡོན་སློབ་སྦྱོང། གཞན་ཕན། ལྷག་བསམ། འཛམ་གླིང་ཞི་བདེ་སོགས་ཀྱི་སྐོར་ལམ་སྟོན་མང་པོ་གནང་ཡོད། ང་ཚོས་ལམ་སྟོན་དེ་དག་གང་ཐུབ་ཐུབ་ཀྱིས་ལག་ལེན་བསྟར་དགོས་ལ། དེ་བཞིན་དེ་དག་ནི་ཁོང་གི་ཐུགས་རེ་རེད།

༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ནས་དང་པོ་འགྲོ་བ་མིའི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་དང་། གཉིས་པ་ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ། གསུམ་པ་བོད་ཀྱི་སྐད་ཡིག་དང་རིག་གཞུང། ཁོར་ཡུག་སྲུང་སྐྱོབ་གནང་རྒྱུ། བཞི་པ་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་གནང་རྒྱུ་བཅས་རེད། ང་ཚོ་བོད་མི་ཡོད་དོ་ཅོག་གིས་ཁོང་གི་ཐུགས་བསྐྱེད་དམ་བཅའ་བཞི་བསྒྲུབ་རྒྱུ་ནི་ང་ཚོའི་ལས་འགན་གཙོ་བོ་ཞིག་ཆགས་ཡོད་པ་ཀུན་མཁྱེན་ནས་ལག་བསྟར་གནང་དགོས། གལ་སྲིད་ང་ཚོས་༸གོང་ས་མཆོག་གི་ལམ་སྟོན་རྣམས་ལག་ལེན་བསྟར་བ་ཡིན་ན་ང་ཚོ་བོད་ཕྲུག་ཅིག་ཡིན་པའི་ཆ་ནས་ལས་འགན་འགྲུབ་པ་རེད། ཁོང་གི་ཐུགས་བསྐྱེད་དམ་བཅའ་བཞི་རེ་རེ་བཞིན་བརྗོད་ན།

   ༡༽ ༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་དང་པོ་འགྲོ་བ་མིའི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་ནི། ཡ་རབས་བཟང་སྤྱོད་ཟེར་ན་ཡ་རབས་ཀྱི་སྤྱོད་པ་ལ་ཟེར། བཟང་སྤྱོད་ཀྱི་སྙིང་པོ་ནི་བྱམས་བརྩེ་རེད། ང་ཚོས་སཱི་ཤེས་ཡོན་སྦྱངས་པ་ཡིན་ན་ཡ་རབས་བཟང་སྤྱོད་རང་ཞིན་གྱིས་སླེབ་ཀྱི་རེད། སཱི་ཤེས་ཡོན་ནང་ཡ་རབས་དང། ལྷག་བསམ།  གཞན་ཕན། བྱམས་བརྩེ། འཛམ་གླིང་ཞི་བདེ་སོགས་སློབ་སྟོན་གནང་ཡོད།  ལྷག་བསམ་ཟེར་ན་རང་ལ་ལྷག་པ་གཞན་ལ་བསམ་པ་ལ་ཟེར། གཞན་ཕན་ཟེར་བ་ནི་གཞན་ལ་ཕན་ཐོགས་བྱེད་པ་ལ་ཟེར། བྱམས་བརྩེ་ནི་བྱམས་དང་བརྩེ་བ་ལ་ཟེར། འཛམ་གླིང་ཞི་བདེ་ཟེར་ན་འཛམ་བུ་གླིང་ལ་ཞི་བདེ་ཡོང་བ་ལ་ཟེར། ༸གོང་ས་མཆོག་གིས། “སེམས་ཁྲལ་བྱས་ནས་དཀའ་ངལ་དེ་མེད་པ་ཆགས་ཀྱི་ཡོད་ན་སེམས་ཁྲལ་བྱེད་དགོས།  གལ་སྲིད་སེམས་ཁྲལ་བྱས་ནས་དཀའ་ངལ་དེ་མེད་པ་མ་ཆགས་ན་སེམས་ཁྲལ་བྱས་ན་ཕན་ཐོགས་མེད།” ཅེས་གསུངས་ཡོད། ཁོང་གིས་འཛམ་བུ་གླིང་སློབ་གྲྭ་ཚང་མའི་ནང་སཱི་ཤེས་ཡོན་སློབ་ཁྲིད་བྱེད་དགོས་པའི་བཀའ་སློབ་གནང་ཡོད། ༸གོང་ས་མཆོག་གིས། “སྐྱོན་གཅིག་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་མི་དེ་ནག་པོ་ནག་རྐྱང་དང་། དགེ་མཚན་གཅིག་ཡོད་པའི་རྒྱུ་མཚན་གྱིས་མི་དེ་དཀར་པོ་དཀར་རྐྱང་ལ་བཏང་ན་ནོར་འཁྲུལ་རེད།” ཞེས་གསུངས་ཡོད།  ཁོང་གིས་ད་དུང་གྲོང་སྡེའི་ནང་མི་མ་རབས་གཅིག་ཡོད་ཀྱང་མང་དྲགས་པ་དང་ཡ་རབས་བརྒྱ་ཡོད་ཀྱང་ཉུང་དྲགས་པ་རེད་གསུངས་ཡོད། ང་ཚོས་ག་དུས་ཡིན་ཡང་ང་རང་ང་རང་དང་ང་ང་ལབ་རྒྱུ་མེད། དེས་རང་ལ་སྡུག་བསྔལ་མང་པོ་ཡོང་གི་ཡོད། སྤྱི་ཚོགས་ནང་སྡོད་དུས་གཞན་ལ་བསམ་བློ་མང་ཙམ་བཏང་ན་བདེ་སྐྱིད་ཡོང་གི་རེད། ༸གོང་ས་མཆོག་གིས། “ཞི་བདེ་དེ་གནམ་ནས་འབབ་པ་དང་ས་ནས་སྐྱེ་ཡི་མེད། ཞི་བདེ་དེ་རང་གི་སེམས་ནས་བཟོ་དགོས་ཀྱི་ཡོད།” ཅེས་གསུངས་ཡོད། ཁོང་གི་མི་ཕན་ཚུན་བར་ལ་འཆམ་མཐུན་བྱས་ན་ཞི་བདེ་ཡོང་གི་རེད་གསུངས་ཡོད། ༸གོང་ས་མཆོག་གིས་གཞན་ལ་བདེ་སྐྱིད་འདོད་ན་སྙིང་རྗེ་ལག་བསྟར་དང་། རང་ལ་བདེ་སྐྱིད་འདོད་ན་སྙིང་རྗེ་ལག་ལེན་བསྟར་དགོས་གསུངས་ཡོད། སློབ་གསོ་འདི་དག་བྱིས་བཅོལ་ཁང་དང་། འབྲིང་རིམ་སློབ་གྲྭ། གཙུག་ལག་སློབ་ཆེན་ཁག་ཏུའང་ངེས་པར་དུ་ལག་བསྟར་བྱེད་དགོས་པ་གསུངས་ཡོད།

   ༢༽ ༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་གཉིས་པ་ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ་ནི། ༸གོང་ས་མཆོག་གིས་ངའི་ཆོས་ལུགས་ནི་སྙིང་རྗེ་ཡིན་གསུངས་ཡོད། གཞན་གྱི་བསམ་བློ་སྒྱུར་ཐབས་ཡང་བྱམས་བརྩེ་དང་སྙིང་རྗེ་ཡིན་པ་ལས་ཁོང་ཁྲོ་མིན་ཞེས་གསུངས་ཡོད། ཁོང་གིས་ཆོས་ལུགས་ཚང་མའི་ལྷ་ཁང་དུ་ཕེབས་ནས་ཆོས་ལུགས་དེའི་བླ་མ་དང་མཇལའཕྲད་གནང་ནས། དེའི་ལུགས་ཀྱི་དབུ་ཞྭ་མཆོད་དེ་གུས་བརྩི་གནང་གི་ཡོད། ཁོང་གིས་ཆོས་ལུགས་ཚང་མ་མཐུན་འབྲེལ་ཡོང་ཐབས་གནང་གི་ཡོད།

   ༣༽ ༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་པ་བོད་ཀྱི་སྐད་ཡིག་དང་། རིག་གཞུང་།  ཁོར་ཡུག་སྲུང་སྐྱོབ་གནང་རྒྱུ་ནི། དམིགས་བསལ་བོད་ཕྲུག་རྣམས་ཀྱིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་བཅས་བདག་པོ་རྒྱག་དགོས་པའི་ལས་འགན་ཡིན། བོད་ཀྱི་སྐད་ཡིག་དང་རིག་གཞུང་སྦྱངས་ནས་བོད་པའི་མཚན་ཉིད་ཚང་བ་ཞིག་བྱེད་དགོས་པའི་ལམ་སྟོན་གནང་ཡོད། བོད་པའི་སློབ་གྲྭ་ཟུར་དུ་བཙུགས་དགོས་དོན་ཡང་དེ་ཡིན། ཐོག་མ་ཤེས་ཡོན་སློབ་སྦྱོང་ཟེར་བ་ནི་ཤེས་བྱ་ཡོན་ཏན་ལ་སློབ་སྦྱོང་བྱས་པ་ལ་ཟེར།  གལ་སྲིད་རང་ལ་ཡང་མི་ཚེ་དོན་དང་ལྡན་པ་ཞིག་དང་གཞན་ལ་ཕན་ཐོགས་ཡོང་ཐུབ་པ། འཛམ་གླིང་གི་མི་གྲལ་ལ་ཚུད་ཐུབ་པ་ཡོང་བ་ལ་གཙོ་ཆེ་ཤོས་ཤེས་ཡོན་གྱི་ཆ་ནས་ཚད་ལོན་དགོས། ཁོང་གིས་ཤེས་ཡོན་སྦྱངས་པའི་གོ་དོན་གྱི་སྙིང་པོ་ནི་མི་ལ་བདེ་སྐྱིད་ཅིག་ཐོབ་པའི་ཆེད་དུ་ཡིན་ཞེས་གསུངས་ཡོད། ཤེས་ཡོན་སྤྲད་པའི་མི་དེ་རང་གཞན་གཉིས་ཀར་བདེ་སྐྱིད་སྐྲུན་ཐུབ་པ་ཞིག་བྱུང་ན་ཤེས་ཡོན་སྦྱངས་པའི་གོ་དོན་ཚང་བ་རེད། ༸གོང་ས་མཆོག་གིས་སློབ་སྦྱོང་ཡོད་ན་མི་ཚེའི་མདུན་ལམ་བཟང་པོ་ཞིག་ཡོང་རྒྱུ་དང་སློབ་སྦྱོང་མེད་ན་མདུན་ལམ་བཟང་པོ་ཞིག་ཡོང་མི་ཐུབ། དེ་བཞིན་ཁོང་གིས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་པའི་བཀའ་སློབ་མང་པོ་གནང་ཡོད།

   ༤༽ ༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་པ་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་གནང་རྒྱུ་ནི། སངས་རྒྱས་ཀྱི་ཆོས་རྒྱ་གར་འཕགས་པའི་ཡུལ་ནས་བོད་ལ་དར་བ་རེད། ད་ལྟ་བོད་ལ་ཡོད་པའི་ནང་པའི་ཆོས་འདི་རྒྱ་གར་གྱི་གནའ་བོའི་རིག་གཞུང་རེད། ༸གོང་ས་མཆོག་གིས་འཛམ་གླིང་ཡོངས་ལ་ཆོས་ཀྱི་སློབ་སྟོན་གནང་བ་དེ་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་གནང་བ་རེད།