བསྟན་འཛིན་དབྱངས་སྒྲོན། བཅུ་པ།
གུ་རུ་པུ་ར་སཾ་བྷོ་ཊ་སློབ་གྲྭ།

བོད་ཀྱི་སློབ་ཕྲུག་ནོར་བུའི་ཕྲེང་བ་ཡིས།།
རིག་གཞུང་སྐད་ཡིག་གཙང་མའི་རྒྱུན་ཞིག་འཛིན།།
བྱམས་དང་སྙིང་རྗེ་ཕྱི་ནང་ཤེས་བྱའི་གཏེར།།
༸གོང་ས་ཡབ་རྗེའི་ཐུགས་ཀྱི་རེ་བ་ཡིན།།

   ད་ལྟའི་འཛམ་གླིང་འདིའི་ནང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཉམས་ཆག་འགྲོ་བཞིན་པའི་དུས་སྐབས་འདིར། ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་པའི་སློབ་ཕྲུག་རྣམས་ལ་བཅངས་པའི་ཐུགས་རེ་གང་གནང་གི་ཡོད་པ་རྣམས་གལ་འགངས་ཆེན་པོ་ཆགས་ཡོད། ཁོང་གི་ཐུགས་རེ་རྒྱ་ཆེ་གཏིང་གཟབ་ཡོད་པ་དེ་དག་ནས་མདོར་ཙམ་ཞུས་ན།

༡༽ བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཐུགས་རེ།

   ༸གོང་ས་མཆོག་གིས་རྟག་ཏུ་བོད་པའི་སློབ་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་གཉིས་ཀ་ལེགས་པར་སློབ་སྦྱོང་བྱེད་དགོས་པ་ཡང་ནས་ཡང་དུ་ནན་སྐུལ་གནང་གི་ཡོད། ཁོང་གིས་བཙན་བྱོལ་དུ་འབྱོར་མ་ཐག་བོད་ཀྱི་སྐད་ཡིག་དང་། ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཆེད་བོད་ཕྲུག་རྣམས་ལ་དམིགས་བསལ་བོད་པའི་སློབ་གྲྭ་ཟུར་དུ་འཛུགས་སྐྲུན་གནང་ཡོད། བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་ངོ་བོ་མཚོན་ཐུབ་པའི་རྩ་ཆེའི་ནོར་བུ་རིན་ཆེན་ལྟ་བུ་ཞིག་རེད། བོད་ཀྱི་དཔེ་ཆ་རྙིང་པ་རྣམས་ཀྱི་ནང་ནང་དོན་རིག་པ་དང་། གསོ་བ་རིག་པ། སྒྲ་རིག་པ། ཚན་མ་རིག་པ་སོགས་གཞུང་ལུགས་མང་པོ་ཞིག་བཞུགས་ཡོད། དེ་དག་ནི་མི་རིགས་གཞན་གྱི་རིག་གཞུང་ནང་དུ་མེད་པའི་ཁྱད་ཆོས་ཤིག་ཡིན་པས། སློབ་ཕྲུག་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ཤེས་ན། དེའི་ནང་གི་ནོར་བུ་ལྟ་བུའི་ཤེས་བྱ་ཁག་ལ་ཐད་ཀར་སྦྱོང་བརྡར་བྱེད་ཐུབ། ༸གོང་ས་མཆོག་གིས་བོད་པའི་སློབ་ཕྲུག་རྣམས་ལ་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་དང་མཉམ་དུ་དེང་རབས་ཀྱི་རིག་གནས་གསར་པ་རྣམས་ལ་སྦྱོང་བརྡར་དང་འབད་བརྩོན་བྱེད་དགོས་པ་གསུངས་ཡོད། དངོས་པོ་ཡར་རྒྱས་ཀྱི་ཤེས་ཡོན་ནི་དེང་གི་དུས་རབས་འདིར་མེད་དུ་མི་རུང་བ་ཞིག་ཆགས་ཡོད། དེ་ཡང་ཚན་རིག་དང་། ཨང་རྩིས། རྒྱལ་སྤྱིའི་སྐད་ཡིག་སོགས་ལ་སློབ་སྦྱོང་བྱས་ན། འཛམ་གླིང་གི་ས་ཆ་གང་དུ་ཡིན་ཡང་བོད་པའི་གནད་དོན་སྐོར་སྐད་ཆ་ཤོད་ཐུབ་པ་དང་། དཀའ་ངལ་སེལ་ཐུབ་པའི་ནུས་པ་ཐོན་ངེས་ཡིན་པས། ཁོང་གིས་བོད་ཕྲུག་རྣམས་ལ་རྒྱལ་སྤྱིའི་གནས་བབ་ཤེས་པའི་ཤེས་ཡོན་ཅན་ཞིག་ཆགས་དགོས་པའི་རེ་བ་གནང་གི་ཡོད།

༢༽ བྱམས་སྙིང་རྗེའི་ལྟ་གྲུབ་ལ་གཞི་བཅོལ་བའི་ཐུགས་རེ།

   བོད་པའི་སློབ་ཕྲུག་རྣམས་ཀྱིས་དེང་དུས་ཀྱི་ཤེས་ཡོན་སྦྱོང་བརྡར་བྱེད་པ་ཙམ་མ་ཟད། བྱམས་པ་དང་སྙིང་རྗེ། གཞན་ཕན་གྱི་བསམ་པ་བཅས་གོང་མཐོར་གཏོང་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་༸གོང་ས་མཆོག་གིས་ནན་གྱིས་གསུངས་ཡོད། འཛམ་གླིང་འདིའི་ནང་དཀའ་ངལ་མང་པོ་ཞིག་བྱུང་དང་འབྱུང་བཞིན་པ་རྣམས་ཀྱི་རྩ་བ་ནི་སེམས་ནང་གི་འཁོན་འཛིན་དང་། ཞེ་སྡང་། ང་རྒྱལ། ཆགས་སྡང་སོགས་ཀྱི་ཉོན་མོངས་པ་ལས་བྱུང་བ་ཡིན་པས། དེ་དག་ཞི་བའི་ཐབས་ལམ་ནི་བྱམས་པ་དང་སྙིང་རྗེའི་ལྟ་གྲུབ་ལ་གཞི་བཅོལ་བའི་ཤེས་རབ་གོང་སྤེལ་གཏོང་རྒྱུ་དེ་ཡིན། ང་ཚོས་ནང་གི་སྙིང་རྗེའི་ས་བོན་འདི་གསོ་སྐྱོང་བྱས་ཏེ་ལྷན་སྐྱེས་ཀྱི་ནུས་པ་དེའི་ཐོག་ནས་ལས་སུ་འཇུག་པ་ནི་གཞི་རྩའི་བདེ་སྐྱིད་ཀྱི་མངོན་འདོད་དེ་སྒྲུབ་པ་ལ་གནད་ཤིན་ཏུ་ཆེ། འགྲོ་བ་རིག་དྲུག་སེམས་ཅན་ཐམས་ཅད་ལ་རང་བཞིན་ལྷན་སྐྱེས་སུ་ཡོད་པ་ནི་བྱམས་སྙིང་རྗེ་ཟེར་བ་དེ་རེད། བྱམས་སྙིང་རྗེ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན་པས། གལ་ཏེ་བྱམས་བརྩེ་དང་ཁ་བྲལ་བ་ཡིན་ན་ཁྲག་དྲི་དྲོ་བའི་དམག་འཐབ་ཀྱི་ཁྲོད་དུ་གནས་དགོས་ཀྱི་རེད། བྱམས་སྙིང་རྗེ་ཟེར་བ་དེ་ནི་ངེས་བར་དུ་ཆོས་ལུགས་དང་འབྲེལ་ཡང་རུང་མ་འབྲེལ་ཡང་རུང་། ཤེས་ཡོན་ལྡན་ཡང་རུང་། མ་ལྡན་ཡང་རུང་། གང་ལྟར་མེད་ཐབས་མེད་པའི་རང་བཞིན་ཡིན་པ་ཚང་མས་ཚོར་ཐུབ་ཀྱི་ཡོད། ང་ཚོ་ཐོག་མར་ཨ་མའི་མངལ་ནས་ཐོན་པ་ནས་བཟུང་ཨ་མའི་བྱམས་བརྩེ་ལ་བརྟེན་ནས་ང་ཚོ་གནས་ཐུབ་པ་བྱུང་ཡོད། སོང་ཙང་ང་ཚོས་འགྲོ་བ་མི་ཞིག་ཡིན་པ་ཆ་ནས་བདེ་སྐྱིད་དང་སྙིང་རྗེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུ་ནི་མི་སྒེར་གཅིག་གིས་འོས་འགན་མ་ཡིན་པར་མི་རིགས་ཚང་མའི་འོས་འགན་ཡིན།

༣༽ མི་རིགས་ཀྱི་ཆིག་སྒྲིལ་གྱི་ཐུགས་རེ།

   ༸གོང་ས་མཆོག་གིས་བཙན་བྱོལ་ནང་གི་བོད་པའི་སློབ་ཕྲུག་རྣམས་ལ་མི་རིགས་ཀྱི་ལ་རྒྱ་དང་ཆིག་སྒྲིལ་ལ་དམ་འཛིན་བྱེད་དགོས་པ་གསུངས་ཡོད། སོ་སོའི་མི་རིགས་ཀྱི་གནས་སྟངས་ཤེས་ནས། དེའི་ཐོག་ཕྱག་ལས་གནང་ཐུབ་པའི་ནུས་པ་ཡོད་པའི་ན་གཞོན་རྣམས་ཀྱིས་བོད་པའི་ངོ་བོ་དང་རིག་གཞུང་སྲུང་སྐྱོབ་ལ་ཕན་ཐོགས་ཡོང་བའི་ཕྱག་ལས་གནང་དགོས། དེ་ཡང་བོད་ནང་གི་བོད་མི་རྣམས་ལ་སེམས་ཐག་ཉེ་བོ་དང་། ཁོང་ཚོའི་དཀའ་ངལ་ལ་གདུང་སེམས་མཉམ་བསྐྱེད། རྒྱལ་སྤྱིའི་ནང་བོད་དོན་དྲིལ་བསྒྲགས་བྱེད་པ་བཅས་ཀྱི་ལས་འགན་འཁྱེར་ཐུབ་པའི་མི་ཞིག་ཆགས་རྒྱུ་ནི་༸གོང་ས་མཆོག་གི་རེ་བ་ཆེན་པོ་བཅངས་ཡོད། དེ་འདྲ་སོང་ཙང་། ང་ཚོས་སྒྲ་བསྒྲགས་པ་ཙམ་མིན་པར་ཁ་ཞེ་གཉིས་མེད་ཀྱི་ལག་ལེན་བསྟར་ཐུབ་པའི་འབད་བརྩོན་ལྷད་མེད་གནང་དགོས། ང་ཚོ་བོད་ཆོལ་ཁ་གསུམ་ནི་སྐྱིད་ན་སྐྱིད་མཉམ་དང་སྡུག་ན་སྡུག་མཉམ་ཡིན་གསུངས་པ་བཞིན་ཕན་ཚུན་གཅིག་ལ་གཅིག་ཕན་གྱིས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གནང་སྟེ། རང་ས་རང་ཡུལ་དགྲ་ལག་ནས་ཚུར་ལེན་ཐབས་བྱེད་དགོས་པ་ནི་ང་ཚོའི་ཕྲག་ཏུ་བབས་པའི་འོས་འགན་ཡིན་པས་ནང་ཁུལ་གནས་ཚུལ་ཆུང་ཙག་ཁག་ལ་མགོ་བོ་གཡེང་ནས་མ་བསྡད་པར། འཛམ་གླིང་ཆབ་སྲིད་འགྱུར་ལྡོག་འགྲོ་བའི་འགྲོས་དང་བསྟུན་ནས་རང་ས་རང་ཡུལ་ཕྱོགས་སུ་ལོག་ཐུབ་པ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བའི་གནད་དོན་ཡིན།

༤༽ རང་དབང་དང་མང་གཙོའི་ལྟ་གྲུབ་ལ་གཞི་བཅོལ་བའི་ཐུགས་རེ།

   ༸གོང་ས་མཆོག་གིས་རང་དབང་དང་མང་གཙོའི་ལྟ་གྲུབ་ནི་དེང་གི་འཛམ་གླིང་འདིའི་ནང་གལ་ཆེན་པོ་ཡིན་པ་གསུངས་ཡོད། ༸གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་བོད་མི་མང་ལ་མང་གཙོ་གསོལ་རས་བསྩལ་ཡོད། བོད་པའི་སློབ་ཕྲུག་རྣམས་ཀྱིས་རང་དབང་གི་རིན་ཐང་ཤེས་པ་དང་། མང་གཙོའི་ལམ་ལུགས་ཀྱི་ཁེ་ཕན་རྟོགས་དགོས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནི་མང་གཙོའི་ལམ་ལུགས་ལ་བརྟེན་ནས་འགྲོ་བཞིན་ཡོད། དེ་ཡང་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་དབང་ཆ་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་ཕྱི་ལོ་ ༢༠༡༡ ལོར་རྩིས་སྤྲོད་གནང་ཟིན་པ་དེས། འཛམ་གླིང་རྒྱལ་སྤྱི་ལ་བོད་པས་མང་གཙོའི་ལམ་ལུགས་ལ་བརྩི་བཀུར་བྱེད་ཀྱི་ཡོད་པ་བསྟན་ཡོད། ཁོང་གི་ཐུགས་རེ་འདི་ང་ཚོས་རྒྱུན་འཁྱོངས་བྱེད་དགོས།

༥༽ དུས་རབས་ཉེར་གཅིག་པའི་ཤེས་ཡོན་ལ་དམིགས་པའི་ཐུགས་རེ།

   དུས་རབས་ཉེར་གཅིག་པ་ནི་ལག་རྩལ་དང་འཕྲུལ་ཆས་ཡར་རྒྱས་ཧ་ཅང་ཆེན་པོ་བྱུང་བའི་དུས་རབས་ཤིག་རེད། ༸གོང་ས་མཆོག་གིས་བོད་པའི་སློབ་ཕྲུག་རྣམས་ལ་དུས་རབས་འདིའི་འགྱུར་བར་དཔག་པའི་ཤེས་ཡོན་ལྡན་པ་ཞིག་དགོས་པ་གསུངས་ཡོད། ཁོང་གིས་སློབ་ཕྲུག་རྣམས་ལ་ཚན་རིག་དང་། ཨང་རྩིས། ཁོར་ཡུག་སྲུང་སྐྱོབ། གློག་ཀླད་ལག་རྩལ་སོགས་ལ་དོ་སྣང་གནང་དགོས་པ་གསུངས་པ་དང་ཆབས་ཅིག་སློབ་གྲྭ་ཁག་གི་ནང་དུའང་དེ་དག་སློབ་ཁྲིད་ལེགས་པོ་ཡོང་བའི་བཀའ་གནང་ཡོད།

མདོར་ན་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་པའི་སློབ་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་། དེང་རབས་ཀྱི་ཤེས་ཡོན། བྱམས་སྙིང་རྗེའི་ལྟ་གྲུབ། མི་རིགས་ཆིག་སྒྲིལ། རང་དབང་དང་མང་གཙོའི་ལྟ་གྲུབ། དུས་རབས་ཉེར་གཅིག་པའི་ཤེས་ཡོན་བཅས་ལ་དམིགས་པའི་ཐུགས་རེ་བཅངས་ཡོད། དེ་དག་ནི་བོད་པའི་སློབ་ཕྲུག་ཚོར་མ་འོངས་པར་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་ཐུབ་པའི་ནུས་པ་ལྡན་པའི་མི་སྣ་ཞིག་ཏུ་འགྱུར་བའི་ཐབས་ལམ་མཆོག་ཡིན་པར་ངོས་འཛིན་གནང་གི་ཡོད།

དེ་ལྟར་བོད་ཀྱི་སློབ་ཕྲུག་རྣམས་ལ་ནི།།
༸གོང་ས་ཡབ་རྗེའི་ཐུགས་བསྐྱེད་རེ་བ་གང་།།
ཟབ་མོའི་ཚིག་གིས་བརྗོད་ལས་འདས་ན་ཡང་།།
སྙིང་ལ་བཅངས་ནས་ལག་ལེན་གཟེངས་མཐོར་སྤེལ།།