བསྟན་འཛིན་ཟླ་འོད། བཅུ་གཉིས།
མོན་གྷོ་སཾ་བྷོ་ཊ་གཏན་ཉིན་སློབ་གྲྭ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རང་རེའི་བོད་ཕྲུག་ཚོར་བཅངས་པའི་ཐུགས་རེ། ཞེས་པའི་བརྗོད་གཞི་འདིའི་ཐོག་གུས་པའི་བསམ་ཚུལ་ལམ་མཐོང་ཚུལ་དོན་ཚན་བཞི་རུ་དབྱེ་ནས་གང་ནུས་ཞུ་རྒྱུ་ཡིན།
དོན་ཚན་དང་པོ། མ་འོངས་བོད་ཀྱི་སོན་རྩ།
ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་དང་ཁོང་གི་ཕེབས་རྗེས་སུ་བསྙེགས་པའི་བོད་འབངས་འབུམ་གཅིག་མ་ཟིན་ཙམ་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་འབྱོར་སྐབས། ཐོག་མར་མ་སུ་རིར་ན་གཞོན་ ༥༠ ཐམ་པ་ཞིག་ལ་སློབ་སྦྱོང་བྱེད་སའི་སློབ་གྲྭ་ཞིག་གསར་འཛུགས་བསྐྱངས་ནས། དུས་དེ་ནས་བཟུང་། རང་རེའི་བོད་ཕྲུག་རྣམས་ལ་༸གོང་ས་མཆོག་ནས། “ཁྱེད་ཚོ་ནི། མ་འོངས་བོད་ཀྱི་སོན་རྩ་ཡིན།” ཞེས་ན་གཞོན་རྣམས་ལ་ཐུགས་རེ་དང། འདེང་འཇོག་ཆེན་པོ་གནང་ནས་གལ་ཆེའི་རང་བཞིན་ལྡན་པའི་མིང་ཚིག་འདི་གསོལ་རས་སྩལ་ཏེ། དུས་དེ་ནས་བཟུང་བོད་མིའི་སྤྱི་ཚོགས་ཁྱོན་ཡོངས་ལ་མིང་ཚིག་འདི་དར་ཁྱབ་ཆེན་པོ་བྱུང་བ་མ་ཟད། མིང་ཚིག་འདི་བེད་སྤྱོད་ཀྱང་མུ་མཐུད་ནས་གནང་དང་གནང་བཞིན་པ་རེད།
ས་བོན་ནི་མྱུ་གུ་དང་སྡོང་པོའི་ཡལ་ག་ལོ་འདབ་འབྲས་བུ་ཡོངས་སུ་རྫོགས་པའི་ཉེར་ལེན་གྱི་རྒྱུ་ཡིན་པ་ལྟར། རང་རེའི་ན་གཞོན་རྣམས་ནི་མ་འོངས་པའི་རྒྱལ་ཁབ་ཀྱི་བདག་པོར་གྱུར་ནས། རྒྱལ་ཁབ་ཀྱི་ངོ་བོ་དང། ཆོས་དང་ཆབ་སྲིད། སྒྲིག་དང་ཁྲིམས། ཤེས་ཡོན། འཕྲོད་བསྟེན། དཔལ་འབྱོར། ཁོར་ཡུག་སོགས་རྒྱལ་ཁབ་གཅིག་གི་ཆ་ལག་ཡོངས་སུ་རྫོགས་པའི་རྒྱུ་རྐྱེན་གཅིག་པུ་དེ་ཡིན་སྟབས། ༸གོས་ས་མཆོག་ནས་གཞོན་སྐྱེས་རྣམས་ལ་དམིགས་བསལ་ཐུགས་རེ་བཅངས་ནས། བཙན་བྱོལ་དུ་འབྱོར་མ་ཐག་དགོན་པ་སོགས་མ་བཙུགས་པར། རྒྱ་གར་སྲིད་བློན་ནེ་ཧ་རུ་དང་བཀའ་བསྡུར་མང་པོ་གནང་ནས། ན་གཞོན་ཚོར་སློབ་གྲྭ་གསར་འཛུགས་བསྐྱངས་པ་དེ་ནི། ང་ཚོ་བོད་ཕྲུག་ཚོར་བཅངས་པའི་ཐུགས་རེ་རྣམས་མཚོན་ཐུབ་པ་རེད།
དོན་ཚན་གཉིས་པ། ན་གཞོན་འདབ་གཤོག་གཉིས་ལྡན།
མ་འོངས་བོད་ཀྱི་སོན་རྩ། ཞེས་ཐུགས་རེ་ཆེན་པོས་གལ་ཆེའི་མཚན་གནས་འདི་འདྲ་ཞིག་གསོལ་རས་སྩལ་བ་དང་ཆབས་ཅིག ས་བོན་དེ་མ་སྐམ་པར་གསོས་པར་གནས་ན། མྱུ་གུ་དང་སྡོང་པོ་སོགས་རང་བཞིན་གྱིས་རྒྱས་ཡོང་བ་ལྟར། རང་རེའི་ན་གཞོན་ཚོ་མ་འོངས་རྒྱལ་ཁབ་འཛིན་སྐྱོང་བྱེད་པ་ལ། བྱེད་ཐུབ་མཁན་གྱི་མི་ཞིག་བཟོ་ཐབས་སུ། འདབ་གཤོག་གཉིས་ལྡན་དགོས་པར་གཟིགས་ནས་གནའ་རབས་རྒྱ་ཆེ་ལ་གཏིང་ཟབ་པའི་སྲོལ་རྒྱུན་གྱི་ཤེས་ཡོན་དང། དེང་རབས་ཀྱི་ཤེས་ཡོན་ཚན་རིག་གིས་མཚོན་པའི་སློབ་སྦྱོང་ཕུན་སུམ་ཚོགས་པ་ཡོད་པའི་སློབ་གྲྭ་ཁག་བཅུ་ཕྲག་མང་པོ་གསར་འཛུགས་བསྐྱངས་ནས། མ་འོངས་རྒྱལ་ཁབ་འཛིན་སྐྱོང་བྱེད་ཐུབ་ཐབས་སུ་ཐུགས་རེ་ཆེན་པོ་གནང་ནས་སྐུ་ལས་མང་པོ་བསྐྱོན་ཡོད། དེ་དག་མ་བརྗེད་པར་རྟག་ཏུ་དྲན་དགོས་པ་རེད་སྙམ།
དོན་ཚན་གསུམ་པ། ཡ་རབས་བཟང་སྤྱོད་འཇགས་ཐབས།
གཞི་རྩ་སངས་རྒྱས་རྩ་ཆེའི་ཆོས་ཀྱི་བསླབ་བྱ་ལས་འབྱུང་བའི་མི་རབས་གོང་མའི་ཡ་རབས་བཟང་སྤྱོད་རྣམས། མི་རབས་གཞོན་པ་ཚོར་གོམས་གཤིས་འཇགས་ཐབས་ཐུགས་ལ་བཅངས་ནས་ཐུགས་རེ་ཆེན་པོ་གནང་བཞིན་པ་རེད་ལ། ཐུགས་རེ་ཙམ་མ་ཡིན་པར་དངོས་སུ་བཀའ་སློབ་སྔ་ཕྱི་རིམ་པར་གནང་ཞིང། ཕྱག་དེབ་བརྒྱ་ཕྲག་བརྒལ་བ་འཛམ་གླིང་ཡུལ་གྲུ་སྤྱིའི་གཞོན་སྐྱེས་དང་ལྷག་པར་བོད་ཕྲུག་ཚོར་དམིགས་ཏེ་འགྲེམས་སྤེལ་གནང་ཡོད་ལ་ལྷག་པར་ཕྱག་དེབ་སི་ཤེས་ཡོན་(SEE Learning) ཞེས་བྱམས་སྙིང་རྗེ་རྩ་བར་བྱས་པས་ཡ་རབས་བཟང་སྤྱོད་དང་ལྡན་པའི་ཤེས་བྱའི་དཔལ་ཡོན་ལྡན་པའི་མི་ཞིག་ཡོང་ཐབས་སུ་ཐུགས་རེ་དང་སྐུ་ལས་དུ་མ་བསྐྱོན་ཡོད།
དེ་སྔ་བོད་གངས་ཅན་ལྗོངས་སུ་བསྟན་པ་ས་དར་རྡོ་དར་ཡིན་ཞེས་བསྒྲགས་ཀྱང། དོན་དངོས་སུ་བོད་ཕྲུག་གཙོ་བོར་འགྱུར་བའི་མང་ཚོགས་རྣམས་དབང་རྟུལ་དད་པའི་རྗེས་འབྲང་ལྟ་བུ་ཆགས་ཡོད་སྟབས། རྒྱ་གར་དུ་བཙན་བྱོལ་ལ་ཕེབས་པ་ནས་བཟུང། བོད་ཕྲུག་གཞོན་སྐྱེས་ཁྱིམ་པ་ཕོ་མོ་ཚོ་ལའང་རིགས་ལམ་ནས་བཟུང་ནང་ཆོས་སློབ་སྦྱོང་གི་གོ་སྐབས་བཟང་པོ་གནང་སྟེ། བོད་ཕྲུག་གཞོན་སྐྱེས་རྣམས་ནང་ཆོས་ཀྱི་ཤེས་ཡོན་ཡར་རྒྱས་འགྲོ་བཞིན་པ་འདི་དག་ནི། ཁོང་གི་ཐུགས་རེ་བཅངས་ཤིང་ཕྱག་ལེན་གནང་བའི་བཀའ་དྲིན་བླ་ན་མེད་པ་ཞིག་ཡིན།
དོན་ཚན་བཞི་པ། ༸རྒྱལ་བའི་ཐུགས་རེ་ཇི་བཞིན་བསྒྲུབ་དགོས་གལ་སྐོར།
༸གོང་ས་མཆོག་ནས་ང་རང་ཚོ་བོད་མི་ཚད་ལྡན་ཞིག་ཆགས་རྒྱུར་ཐུགས་རེ་བཅངས་པ་འདི་ནི། ཧ་ཅང་གི་རྩ་ཆེན་ཞིག་ཡིན་པར་ང་ཚོས་ངེས་པར་དུ་ཤེས་དགོས་ཀྱི་འདུག་ལ། ཐུགས་རེ་ཇི་བཞིན་སྒྲུབ་དགོས་པ་ནི་དེ་བས་གལ་ཆེན་སྟེ། ད་ལྟ་ང་ཚོས་སྒྲུབ་བཞིན་པ་འདི་ནི་ཁོང་གི་ཐུགས་རེའི་བརྒྱ་ཆ་བཞི་བཅུ་ཙམ་ལས་ཟིན་མེད་པར་མཐོང་བས། ད་དུང་རིག་གནས་ཀུན་གྱི་རྩོམ་གཞི་བོད་ཀྱི་སྐད་ཡིག་ལ་དོ་སྣང་ཆེ་རུ་བཏང་སྟེ་ཡར་རྒྱས་སྔར་ལྷག་བྱེད་དགོས་ཀྱི་འདུག གཉིས་ནས་ང་རང་ཚོ་སྡོད་སའི་ཁོར་ཡུག་གི་དབང་གིས་ཕྱི་རྒྱལ་གྱི་ཤན་ཞུགས་དང། སྐད་ཡིག་སྲེ་ལྷད། ཡ་རབ་བཟང་སྤྱོད་ཉམས་ཆགས་འགྲོ་བཞིན་པ་འདི་དག་ངོ་འཕྲོད་པར་བྱས་ཏེ། སྔར་ལྷག་བོད་ཀྱི་སྐད་ཡིག་ཡར་རྒྱས་དང། ཕྱི་རྒྱལ་གྱི་ལུགས་སྲོལ་ལེགས་པ་རྣམས་ལེན་ཐུབ་པ་དང་སྡུག་པའི་ཆ་རྣམས་དོར་དགོས་པ་བྱས་ཏེ། ཡ་རབས་བཟང་སྤྱོད་འདབ་གཤོག་གཉིས་ལྡན་གྱི་བོད་ཕྲུག་ཚད་ལྡན་ཞིག་ཡོང་བར་ང་ཚོས་འབད་བརྩོན་ངེས་པར་དུ་བྱེད་དགོས་ཀྱི་འདུག དེ་ལྟར་བྱུང་ན། ༸གོང་ས་མཆོག་གིས་ང་ཚོར་བཅངས་པའི་ཐུགས་རེ་རྩ་ཆེན་དེ་ང་ཚོས་ཆུད་ཟོས་སུ་མི་འགྲོ་བར་ཁོང་གི་དགོངས་གཞི་བསྒྲུབ་པ་ཡོང་གི་རེད།

ད་བར་དཔྱད་མཆན་མེད།