ཚེས་བཅུ་དབང་མོ། བཅུ་གཉིས།
མ་སུ་རི་སཾ་བྷོ་ཊ་གཏན་སློབ།

   རླུང་བུ་འུར་འུར་སྡང་བཞིན་པའི་དུས་ཤིག་ལ་བོད་དགེ་མཆོག་བྲེལ་འཚུབ་ངང་འཛིན་ཁང་ནང་ཤོག་དཀར་གཅིག་ཁྱེར་ཏེ་ཕེབས་མ་ཐག་ལྗང་པང་ཐོག་ས་སྨྱུག་དཀར་པོས་རྩོམ་གྱི་བརྗོད་གཞི། “༸གོང་ས་མཆོག་གིས་བོད་ཕྲུག་ལ་བཅངས་པའི་ཐུགས་རེ།” ཞེས་པ་དེ་བྲིས་གནང་སྟེ་རྩོམ་འབྲི་དགོས་པའི་ལམ་སྟོན་གནང་སོང། དེ་ནས་གུས་མོས་བསམ་བློ་ཞིབ་ཚགས་པོ་ཞིག་བཏང་ནས་རྩོམ་ཡིག་འབྲི་འགོ་བརྩམས་པ་ཡིན།

སྤྱིར་རྒྱལ་ཁབ་ཚང་མས་རང་གི་མ་འོངས་པའི་སོན་རྩ་རྣམས་ལ་རེ་བ་བྱེད་པ་ལྟར་རྒྱལ་ཁབ་ཀྱི་སོན་རྩ་ཕྲུ་གུ་རྣམས་ལ་ཡང་ལས་འགན་རེ་རེ་ཡོད་ངེས་རེད། བོད་ཕྲུག་ཞིག་ལ་ཆ་བཞག་ན་དམིགས་བསལ་གྱི་ལས་འགན་མི་འདྲ་བ་ཞིག་ཡོད། ཁྱེད་རང་ཚོས་མཁྱེན་གསལ་ལྟར་ང་རང་ཚོར་རང་དབང་རང་བཙན་མེད་པ་མ་ཟད་གཞན་གྱི་རྒྱལ་ཁབ་ཏུ་འཚོ་གནས་བྱས་དང་བྱེད་མུས་ཡིན། དེ་འདྲ་སོང་ཙང་། ༸གོང་ས་མཆོག་གིས་བོད་ཕྲུག་ང་ཚོར་བཅངས་པའི་ཐུགས་རེ་དང་པོ་ནི། ང་རང་ཚོའི་རྒྱལ་ཁབ་དེ་རྒྱ་དམར་གྱི་ལག་ནས་ཚུར་ལེན་རྒྱུ་དེ་རེད། དེ་ཡང་དྲག་པོའི་ལམ་ནས་མིན་པར་རང་གཞན་གཉིས་ཕན་འཚེ་མེད་ཞི་བའི་ལམ་ནས་ལེན་རྒྱུ་དེ་རེད།

གཉིས་པ་ནི། ༸གོང་ས་མཆོག་གིས་བོད་ཕྲུག་ཚོ་ལ་ནམ་ཞག་རྒྱུན་དུ་གཞན་ལ་ཕན་ཐོགས་བྱེད་མ་ཐུབ་ནའང་གནོད་མི་སྐྱེལ་བའི་བཀའ་སློབ་ཡང་ཡང་གནང་བ་ལྟར། གུས་མོ་ང་རང་ལ་མཚོན་ན་བཀའ་སློབ་དེས་བག་ཆགས་ཆེན་པོ་ཞིག་བཞག་ཙང་ཉིན་རེའི་འཚོ་བའི་ནང་གཞན་ལ་ཕན་པའི་བྱ་བ་དམིགས་བསལ་བྱེད་མ་ཐུབ་ཀྱང་གཞན་ལ་གནོད་པའི་བྱ་བ་བྱུང་ཚེ་སེམས་བདེ་པོ་མེད་པའི་ཚོར་བ་ཤུགས་ཆེན་ཡོང་གི་འདུག་པ་དེ་ལག་ལེན་བསྟར་རྒྱུ་དེ་ཁོང་གི་ཐུགས་རེ་གལ་འགངས་ཆེན་པོ་ཞིག་རེད་སྙམ།

ཁོང་གིས་བོད་ཕྲུག་ལ་བཅངས་པའི་ཐུགས་རེ་གསུམ་པ་ནི། བོད་ཀྱི་ཡུལ་སྲོལ་གོམས་གཤིས་བཟང་པོ་དག་མ་བརླག་པར་རྒྱུན་འཛིན་བྱ་རྒྱུ་དེ་རེད། རྒྱུ་མཚན་ནི་བོད་མི་རིགས་འཛམ་གླིང་ལ་གནས་མི་གནས་དེ་ཡུལ་སྲོལ་གོམས་གཤིས་བཟང་པོ་དེ་དག་གནས་མི་གནས་ལ་ཐུག་ཡོད་པས་རེད། ད་དུང་ནམ་རྒྱུན་ནས་ཁོང་གིས་འཛམ་གླིང་ཞི་བདེ་ཡོང་བར་སྐུ་ལས་ཚད་མེད་བསྐྱོན་པ་ལྟར་བོད་མི་རིགས་ཀྱི་རིག་གཞུང་ནང་དམིགས་བསལ་ཞིག་ཡོད་པ་ནི་བསམ་པའི་དཔལ་ཡོན་དེ་དག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱ་རྒྱུ་དེ་ཡིན། དེ་དག་ཚང་མ་གནས་པར་བྱེད་པའི་ཀ་བ་ལྟ་བུ་ནི། ལོ་ངོ་སྟོང་གཅིག་དང་ཕྱེད་ཀ་ཙམ་གྱི་ལོ་རྒྱུས་ཡོད་པའི་སྐད་ཡིག་ལེགས་སྦྱར་དང་མཉམ་པ་ཞིག་ཡོད་པ་དེ་ལ་སློབ་སྦྱོང་བྱས་ཏེ་གོང་གི་ཚན་པ་གསུམ་ལ་སློབ་སྦྱོང་བྱས་ཏེ་མི་རིགས་ཀྱི་རང་ཚུགས་མ་ཤོར་བར་གནས་ཐུབ་པ་ལྷན་དུ་འཛམ་གླིང་གི་ཞི་བདེར་ཕན་ཐོགས་པའི་བྱ་བ་ཆུང་ངུ་ལས་མེད་ཀྱང་བྱ་རྒྱུ་ནི་ཁོང་གིས་བོད་ཕྲུག་ལ་བཅངས་པའི་ཐུགས་རེ་ཡིན།

ཁོང་གི་ཐུགས་རེ་ཚང་མའི་ནང་ནས་བོད་མི་རིགས་རང་ལ་གལ་ཆེ་ཤོས་ནི་རང་ཅག་གི་སྐད་དང་ཡི་གེ་དེར་སློབ་སྦྱོང་བྱ་རྒྱུ་དེ་ཡིན། རྒྱུ་མཚན་ནི་ནམ་རྒྱུན་ལབ་སྲོལ་ཡོད་པ་ལྟར་རྒྱལ་ཁབ་དང་མི་རིགས་ཤིག་རྩ་བརླག་ཏུ་བཟོ་དགོས་ན་དང་པོ་དེར་མི་རིགས་དེའི་སྐད་ཡིག་དེ་ལ་གནོད་འཚེ་བྱེད་རྒྱུའི་ལས་ཀ་དེ་གལ་ཆེན་བརྩི་ཡི་རེད། བྱས་ཙང་བོད་ཕྲུག་ཞིག་ཡིན་པའི་ཆ་ནས་༸གོང་ས་མཆོག་གི་བཀའ་དགོངས་ལྟར་སྤྱི་ཚོགས་ལ་ཕན་བདེ་སྒྲུབ་མཁན་ཞིག་ཆགས་རྒྱུ་དེ་ཁོང་གི་ཐུགས་རེ་ཡིན་པ་ནམ་ཡང་བརྗེད་རྒྱུ་མེད་དོ།།