བསྟན་འཛིན་ནམ་མཁའ། བཅུ་གཉིས།
མ་སུ་རི་སཾ་བྷོ་ཊ་གཏན་སློབ།

   ཁ་སང་ངའི་སེམས་པ་ཉམ་དམའ་བོ་ཚོར་དུས་ངས་ཉི་ནུབ་ལ་བལྟས་ནས་སེམས་ཁམས་ཀྱི་ཚོར་བ་ཡར་རྒྱས་གཏོང་བར་འབད་བརྩོན་བྱས་པ་ཡིན། ཉི་ནུབ་ཀྱི་མཛེས་སྡུག་གིས་ངའི་སེམས་ཁམས་སྐྱིད་པོ་བཟོ་ཐུབ་པས་ང་ཉལ་ཁང་ནང་དུ་ཕྱིན་ནས་ཆུ་ཕོར་པ་གང་བཏུངས་ནས་ཉལ་རྒྱུའི་ཐབས་ཤེས་བྱས་པ་ཡིན། ང་གཉིད་ཤོར་ནས་སྐར་མ་ཁ་ཤས་རྗེས་ལ་ངའི་རྨི་ལམ་ནང་ངའི་རྩ་བའི་བླ་མ་ཏཱ་ལའི་བླ་མ་མཆོག་མཇལ་བའི་སྐལ་བཟང་གོ་སྐབས་ཐོབ་བྱུང། ཁོང་གིས་བོད་ཕྲུག་ཚོར་ཐུགས་རེ་མང་པོ་ཡོད་པའི་ནང་ནས་གལ་ཆེ་ཤོས་དྲུག་ཙམ་སྐོར་ང་ལ་བཀའ་མངགས་གནང་བྱུང་བ་དག་རིམ་པས་འོག་ཏུ་བཤད་ན།

དང་པོ་ནི། བོད་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་སྐོར།

   བོད་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་བྱེད་པ་དེས་བོད་མི་རིགས་ཀྱི་ངོ་བོ་དང་ལོ་རྒྱུས། ཆོས་ལུགས་ཕྱུག་པོ་དག་རྒྱུན་སྐྱོང་བྱེད་པར་ཧ་ཅང་གི་གལ་ཆེན་པོ་རེད། དུས་རབས་ཁ་ཤས་རིང་བོད་ཀྱི་ནང་ཆོས་ནང་སྙིང་རྗེ་དང། འཚེ་མེད་ཞི་བ། རང་བྱུང་ཁམས་ཀྱི་འབྲེལ་བ་དམ་ཟབ་ཡོད་པའི་ཐུན་མོང་མ་ཡིན་པ་དང་གཏིང་ཟབ་པའི་ཆོས་ལུགས་ཤིག་གསོ་སྐྱོང་བྱས་ཡོད། ཡིན་ན་ཡང་ཆབ་སྲིད་ཀྱི་འགྱུར་བ་དང། གོ་ལ་ཧྲིལ་པོར་དེང་རབས་ཀྱི་ཤུགས་རྐྱེན་གྱིས་སྔོན་གྱི་ཤུལ་གཞག་དེར་ཉེན་ཁ་ཆེན་པོ་བཟོས་ཡོད།

རིག་གནས་ཀྱི་ངོ་བོ། སྐད་ཡིག་ནི་རིག་གནས་གང་རུང་གི་སྙིང་པོ་ཡིན། བོད་ཀྱི་སྐད་ཡིག་དེ་དུས་རབས་ཁ་ཤས་རིང་གི་ཤེས་རབ་དང། དེ་མེད་ན་བོད་ཀྱི་རིག་གཞུང་མང་ཆེ་བ་ཉམས་རྒུད་གོ་ནོར་ཐེབས་པའི་ཉེན་ཁ་ཡོད། ༸གོང་ས་མཆོག་གིས་ཐུགས་འགན་ཆེ་བཞེས་ཀྱིས་བོད་ཀྱི་རིག་གནས་དང་སྐད་ཡིག་སྲུང་སྐྱོབ་བྱེད་པར་སྐུལ་འདེད་གཏོང་བར་གལ་ཆེའི་ནུས་པ་འདོན་གནང་ཡོད། སྡོམ་ཚིག བོད་པའི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུ་དེ་བོད་པ་ཙམ་མ་ཡིན་པར་འཛམ་བུ་གླིང་གི་ཁྱོན་ཡོངས་ལ་གལ་ཆེན་ཆགས་ཡོད། དེས་འཛམ་གླིང་གི་རིག་གནས་རྣམས་ལ་ཕན་ཐོགས་ཡོད་ལ་ཆོས་ལུགས་ཀྱི་ཤེས་ཡོན་སྤྲོད་པ་དང། འགྲོ་བ་མིའི་རིགས་ལ་སྙིང་རྗེ་དང། འཆམ་མཐུན། རྒྱལ་སྤྱིའི་རྒྱབ་སྐྱོར་བཅས་བརྒྱུད་ནས་རིན་ཐང་ཆེ་བའི་ཤུལ་བཞག་འདི་སྲུང་སྐྱོབ་བྱེད་ཐུབ་པ་དང་མ་འོངས་པའི་མི་རབས་ལ་རྩིས་སྤྲོད་ཐུབ་པ་དགོས།

གཉིས་པ། སློབ་གསོ་དོན་དུ་གཉེར་བའམ་འཚོལ་སྙེག་བྱེད་པ།

   ཤེས་ཡོན་གྱི་འཚོལ་ཞིབ་ནི་མི་སྒེར་གྱི་འཕེལ་རྒྱས་དང་སྤྱི་ཚོགས་ཡར་རྒྱས་གྱི་ལག་ཆ་ཤུགས་ཆེན་པོ་ཞིག་རེད། དེས་ཤེས་བྱ་དང་ལག་རྩལ། གོ་སྐབས་བཅས་སྒོ་ཕྱེ་ནས་མི་ཚེར་འགྱུར་བ་གཏོང་བ་དང་སྤྱི་ཚོགས་ཧྲིལ་པོ་ཡར་རྒྱས་གཏོང་ཐུབ། ཤེས་ཡོན་གྱིས་མི་སྒེར་ལ་སྐྱོན་བརྗོད་ཀྱི་བསམ་བློ་གཏོང་བའི་ནུས་པ་དང་ཤེས་རྟོགས་ལྡན་པའི་ཐག་གཅོད་བྱེད་པ་དང། དེས་མི་རྣམས་དབུལ་ཕོངས་ཀྱི་ཁོར་ཡུག་ནས་ཐར་ཏེ་རང་ཁ་རང་གསོ་བྱེད་པར་ཕན་ཐོགས། དེང་སང་སྤྱི་ཚོགས་ནང་དཔལ་འབྱོར་གྱི་དཀའ་ངལ་འཕྲད་ནས་ཁྱིམ་ཚང་ཁ་ཤས་ཀྱིས་ཕྲུ་གུ་སློབ་གྲྭར་གཏོང་མི་ཐུབ་པ་དང། ཁོ་ཚོ་ལས་ཀ་བྱེད་དགོས་པའམ་ཡང་ན་ཁྱིམ་དུ་བསྡད་ནས་རོགས་སྐྱོར་བྱེད་དགོས་པ་རེད།

བོད་ཀྱི་དབུ་ཁྲིད། ༸གོང་ས་མཆོག་གིས་དུས་རྟག་ཏུ་དེང་རབས་དང་སྲོལ་རྒྱུན་གྱི་ཤེས་ཡོན་གཉིས་བར་གལ་འགངས་ཆེ་བའི་གནད་ལ་ནན་བཤད་གནང་གི་ཡོད། ཁོང་གིས་བོད་རིགས་ན་གཞོན་ཚོར་ཚན་རིག་དང་ལག་རྩལ། རྒྱལ་སྤྱིའི་སློབ་ཚན་ཁག་ལ་སློབ་སྦྱོང་བྱེད་རྒྱུའི་སྐུལ་མ་གནང་གི་ཡོད། ཁོང་གིས་ཤེས་ཡོན་ཡག་པོ་ཞིག་གི་ཤེས་རྟོགས་ལྡན་པའི་མི་སྒེར་ཙམ་མ་ཡིན་པར་བྱམས་བརྩེ་དང་འགན་འཁྲི་ཡོད་པའི་འགྲོ་བ་མིའི་རིགས་ཀྱང་བསྐྲུན་པར་ཡིད་ཆེས་བྱེད་ཀྱི་ཡོད།

སྡོམ་ཚིག ཤེས་ཡོན་གྱི་སྙེག་འདོད་ནི་མི་ཚེ་གཅིག་གི་འགྲུལ་བཞུད་ཅིག་ཡིན་ཞིང། མི་སྒེར་དང་སྤྱི་ལ་དམིགས་བསལ་གྱི་དཀའ་སྡུག་དང་བཙན་བྱོལ་བ་ཚོར་ཤེས་ཡོན་གྱི་རེ་བའང་ཆེའོ།

གསུམ་པ། སྙིང་རྗེ་དང་བཟང་སྤྱོད་ཀྱི་ཉམས་ལེན།

   སྙིང་རྗེ་དང་ཀུན་སྤྱོད་ཀྱི་ལག་ལེན་དེ་ཞི་བདེ་དང་འཆམ་མཐུན། དོན་སྙིང་ལྡན་པའི་འཚོ་བ་ཞིག་གི་སྙིང་པོ་ཡིན། རིན་ཐང་དེ་དག་ནི་བོད་བརྒྱུད་ནང་བསྟན་ཁོ་ན་མ་ཡིན་པར་ཡོངས་ཁྱབ་འགྲོ་བ་མིའི་བདེ་སྐྱིད་ལ་མཚོན་ན་ཡང་ལྟེ་བ་དེ་ཡིན། དེང་སང་གི་འཛམ་གླིང་ནང་འཁྲུག་འཛིང་དང་རང་བཙན། དངོས་པོའི་རིང་ལུགས་བཅས་མང་ཆེ་བས་དབང་བསྒྱུར་བྱེད་པ་སོང་ཙང་སྙིང་རྗེ་དང་ཀུན་སྤྱོད་ཀྱི་བྱ་སྤྱོད་དེ་སྔར་ལས་གལ་ཆེ་བ་ཡིན། སློབ་གྲྭ་ཁག་གི་སློབ་ཚན་ནང་འཁོད་པའི་འབྲི་ཀློག་གི་ཤེས་ཡོན་ཁོ་ན་མ་ཡིན་པར་བྱམས་བརྩེ་དང། དྲང་བདེན། བརྩི་བཀུར་ལྟ་བུའི་རིན་ཐང་ཡང་སློབ་ཁྲིད་བྱེད་དགོས། དཔེར་ན། ཕ་མ་དང་སློབ་དཔོན། འགོ་ཁྲིད་ཚོས་ཀུན་སྤྱོད་དང་སྙིང་རྗེ་ཅན་གྱི་སྤྱོད་ལམ་དཔེ་སྟོན་སྒོ་ནས་ནུས་པ་འདོན་དགོས།

སྒོམ་རྒྱག་པ་དང་བསམ་གཞིག བོད་ཀྱི་ལུགས་སྲོལ་ནང་སྒོམ་རྒྱག་པ་ནི་སྙིང་རྗེ་ཇེ་དྲག་ཏུ་གཏོང་བ་དང་དེས་གནོད་འཚེ་ཅན་གྱི་ཁོང་ཁྲོ་དང་ཞེ་སྡང་ལྟུ་བུའི་སེམས་ཚོར་ལ་ཚད་འཛིན་བྱེད་པར་བཀོལ་བ་ཡིན།

སྡོམ་ཚིག སྙིང་རྗེ་དང་ཀུན་སྤྱོད་ཀྱི་ལག་ལེན་དེ་མི་སྒེར་གྱི་བདེ་སྐྱིད་དང་འཛམ་གླིང་ཞི་བདེ་གཉིས་ཀར་གལ་ཆེན་པོ་ཡིན། ༸གོང་ས་མཆོག་གིས་བཀའ་གནང་བ་ལྟར་ང་ཚོས་གཞན་ལ་རོགས་རམ་བྱེད་མ་ཐུབ་ནའང་མ་མཐར་ཡང་གནོད་སྐྱེལ་མི་རུང། སྙིང་རྗེ་དང་ཀུན་སྤྱོད་ནི་ཆོས་ལུགས་ཀྱི་རིན་ཐང་ཁོ་ན་རེད།

བཞི་པ། མ་འོངས་པའི་འགོ་ཁྲིད་ཀྱི་འགན་འཁྲི།

   ན་གཞོན་ཚོ་ནི་སང་ཉིན་གྱི་འགོ་ཁྲིད་ཡིན། མ་འོངས་པའི་འགོ་ཁྲིད་ཀྱི་འགན་འཁྲི་ནི་དབང་ཆའི་གནས་བབ་འཛིན་པ་ཙམ་མ་ཡིན་པར་གཞན་ལ་ཞབས་ཞུ་སྒྲུབ་རྒྱུ་དང། བོད་པའི་སྤྱི་ཚོགས་གནས་སྟངས་ཉག་ཕྲ་བའི་སྐབས་འདིར་འགན་འཁྲི་འདི་དེ་བས་དོན་སྙིང་ལྡན་པ་ཞིག་ཡིན། ༸གོང་ས་མཆོག་གིས་རྒྱུན་དུ་བོད་པའི་བྱིས་པ་དང་ན་གཞོན་ཚོར་ཁོང་ཚོའི་འགན་འཁྲིའི་སྐོར་དྲན་སྐུལ་གནང་གི་ཡོད། དེ་བཞིན་འཚེ་མེད་ཞི་བའི་ལམ་ནས་བདེན་པར་ལངས་པ། བོད་ཀྱི་ངོ་བོ་སྲུང་སྐྱོབ། སྙིང་རྗེ་དང་འཚེ་བ་མེད་པ། ཤེས་ཡོན་དང་ཤེས་རབ་འཚོལ་བ། སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་པ་སོགས་ཀྱི་འགན་འཁྲི་དང། དྲང་བདེན་དང། བྱམས་བརྩེ་དང་བརྩི་བཀུར། ཤེས་རབ་དང་བསམ་བློ་བཅས་ལ་ཤུགས་རྒྱབ་དགོས་པའི་ཐུགས་རེ་གནང་གི་ཡོད།

སྡོམ་ཚིག མ་འོངས་པའོ་འགོ་ཁྲིད་ཀྱི་འགན་འཁྲི་ནི་བརྗོད་གཞི་ཆེན་པོ་ཞིག་ཡིན་པ་མ་ཟད་ལས་འགན་ཚབས་ཆེན་ཞིག་ཀྱང་ཡིན། བོད་ཀྱི་ན་གཞོན་ཚང་མར་མ་འོངས་པ་ཡག་པོ་ཞིག་བཟོ་རྒྱུའི་ནུས་པ་ཡོད། ཀུན་སྤྱོད་ཀྱི་ཐོག་ནས་འཚེ་བ་མི་བྱེད་པ་བཅས་ལ་བརྟེན་ནས་འཛམ་གླིང་ལ་དགོས་མཁོ་ཆེ་བའི་འགོ་ཁྲིད་ཀྱི་རིགས་ཤིག་ཆགས་པའི་ཐུགས་རེ་གནང་གི་ཡོད།

ལྔ་པ། ཆོས་ལུགས་དང་རིག་གཞུང་ཚང་མར་བརྩི་བཀུར་བྱེད་པ།

   ཆོས་ལུགས་དང་རིག་གཞུང་ཚང་མར་བརྩི་བཀུར་བྱེད་པ་ནི་ཞི་བདེ་དང་འཆམ་མཐུན་གྱི་འཛམ་གླིང་ཞིག་ཏུ་འགྱུར་བར་མེད་དུ་མི་རུང་བའི་རིན་ཐང་ཞིག་ཡིན།  ཆོས་ལུགས་དང་རིག་གཞུང་ཚང་མས་བརྩེ་བ་དང་བྱམས་བརྩེ། སྙིང་རྗེ་སོགས་ལ་གོ་རྟོགས་ཀྱི་སློབ་ཁྲིད་བྱེད་ཀྱི་ཡོད། ང་ཚོས་ཡིད་ཆེས་དང་ལུགས་སྲོལ་མི་འདྲ་བར་བརྩི་བཀུར་བྱས་ན་མཐུན་སྒྲིལ་གྱི་ཟམ་པ་གཞན་དང་མི་འདྲ་བ་ཞིག་བསྐྲུན་གྱི་ཡོད། རིག་གནས་གཞན་ལ་གུས་ཞབས་བྱེད་པ་དེས་མི་རིགས་སྣ་ཚོགས་སྲུང་སྐྱོབ་བྱེད་པར་ཕན་ཐོགས་ཡོད། རིག་གནས་རེ་རེ་ལ་རང་ཉིད་ཀྱི་མཛེས་སྡུག་དང་ཤེས་རབ་དང་འཚོ་བའི་ཐབས་ལམ་ཡོད། སྲོལ་རྒྱུན་མི་འདྲ་བ་ཤེས་ནས་ང་ཚོ་མི་སྒེར་ལྟར་འཕེལ་རྒྱས་ཕྱིན་ནས་གོ་རྟོགས་དང་སྙིང་རྗེ་ཅན་དུ་འགྱུར་བ་རེད།

སྡོམ་ཚིག ཆོས་ལུགས་དང་རིག་གཞུང་ཚང་མར་བརྩི་བཀུར་བྱེད་པ་དེ་ང་ཚོ་ཞི་བདེའི་ངང་མཉམ་དུ་འཚོ་བ་སྐྱེལ་བར་ཕན་ཐོགས་ཡོད། དེས་གྲོགས་པོའི་བར་ཕན་ཐོགས་ཡོད། དེས་གྲོགས་པོའི་འབྲེལ་བ་ལ་སྐུལ་འདེགས་གཏོང་བ་དང་འཁྲུག་རྩོད་ཉུང་དུ་གཏོང་བའོ།

དྲུག་པ། བོད་མི་ནང་ཁུལ་མཐུན་སྒྲིལ་གྱི་གལ་ཆེན།

   བོད་མི་རིགས་དབར་གྱི་མཐུན་སྒྲིལ་ནི་ང་ཚོའི་ངོ་བོ་དང་རིག་གཞུང་དག་མ་འོངས་པར་མཉམ་སྤྱོད་བྱེད་པའི་རིན་ཐང་གལ་ཆེ་ཤོས་ཤིག་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་ཆིག་སྒྲིལ་ནི་སྟོབས་ཤུགས་ཀྱི་རྨང་གཞི་ཡིན་པ་དང། ལྷག་པར་དུ་བོད་ནང་དང་བཙན་བྱོལ་ནང་གནས་པའི་བོད་མི་ཚོར་མཚོན་ན་སྟོབས་ཤུགས་ཀྱི་རྨང་གཞི་ཡིན་ཚུལ་གསུངས་ཡོད། ཆིག་སྒྲིལ་ནི་མི་རབས་གཞོན་པའི་རེ་བར་རེ་བ་ཞིག་ཡིན་པས་རྒན་རབས་ཚོས་མཉམ་དུ་ལས་ཀ་བྱས་ནས་བོད་ཀྱི་རིན་ཐང་སྲུང་བར་བརྩོན་དགོས།

མཇུག་མཐར་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་ཕྲུག་རྣམས་ཤེས་ཡོན་ཅན་དང་བཟང་སྤྱོད་ཀྱི་རིག་གནས་ཐོག་རྩ་བ་ཚུགས་པ། མི་སྒེར་རང་ངོས་ནས་བོད་དང་འཛམ་གླིང་ཡོངས་ལ་ཤེས་རྟོགས་དང་བསམ་གཞིགས་ཡོད་པའི་མི་བཟང་པོ་ཞིག་ཆགས་པའི་ཐུགས་རེ་བྱེད་བཞིན་ཡོད།