ཚེ་རིང་ལྷ་འཛོམས། གཞི་འོག་བོད་དགེ།
བདེ་སླར་སཾ་བྷོ་ཊ་སི་ཝི་པི་ཉིན་སློབ།

   མི་རིགས་ཤིག་ཤེས་སྤྱོད་དང་རིག་གནས་ལྡན་དགོས་ན་དགེ་རྒན་ནི་གལ་ཆེ་ཞིག་ཡིན། ང་ཚོའི་སྤྱི་ཚོགས་ནང་དགེ་རྒན་གྱི་ལས་གནས་ལ་བཞུགས་མཁན་ཧ་ཅང་མང་པོ་ཡོད། དེ་ཡང་རང་ཉིད་ལ་ཆ་མཚོན་ན་ཆུང་བྱིས་པའི་དུས་ནས་དགེ་རྒན་གྱི་ལས་གནས་ལ་དོ་དབྱིངས་ཡོད་པ་ཞིག་ཡིན། དམིགས་བསལ་དེང་སང་གི་དུས་ལ་དགེ་རྒན་ནི་ལས་སླ་པོ་ཞིག་རྩ་བ་ནས་མིན། གང་ལ་ཞུ་ན་དུས་རྣམས་འགྱུར་བ་བཞིན་མིའི་རང་བཞིན་འགྱུར་ཡོད་པས་སྔར་དང་མི་འདྲ་བ་སློབ་མའི་སྤྱོད་ལམ་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད། དེ་ཙམ་དུ་མ་ཟད། སྤྱི་ཚོགས་ཁྲ་ཟིང་དེའི་ཁྲོད་དུ་མི་མང་པོ་ཞིག་དགེ་རྒན་གྱི་ལས་གནས་ལས་ལྷག་པའི་ཕྱི་རྒྱལ་ལ་འགྲོ་མཁན་ལ་དམིགས་ནས་དགེ་རྒན་ལ་བཞུགས་མཁན་དཀོན་པོ་ཡིན། གང་ལྟར་དགེ་རྒན་གྱི་ལས་གནས་ལ་བཞུགས་པ་ཡིན་ན་མི་ཚེ་གང་པོ་བྱེད་དགོས་བསམ་མཁན་ཡང་ཉུང་ཉུང་ཡིན། ཡིན་ན་ཡང་ང་རང་ལ་ཆ་མཚོན་ན་དགེ་རྒན་གྱི་ལས་གནས་འདི་རྩ་ཆེན་པོ་ཞིག་དང་གལ་ཆེན་པོ་ཞིག་ཏུ་མཐོང་གིན་ཡོད། དགེ་རྒན་གྱི་ལས་ཀ་བཟང་པོ་ཞིག་ཡིན་པ་དང་དགེ་རྒན་ལ་ཆ་རྐྱེན་མང་པོ་ཞིག་ཚང་དགོས་པ་གནའ་དེང་གཉིས་ཀྱི་ཤེས་ཡོན་ལམ་སྟོན་ནང་ཁ་གསལ་བཀོད་ཡོད། དེའི་ནང་ནས་གཙོ་བོ་ང་ཚོའི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་པ་བཞིན་དགེ་རྒན་ལ་ཚང་དགོས་པའི་ཆ་རྐྱེན་གལ་ཆེ་ཤོས་ཤིག་ནི། སློབ་མ་ག་འདྲ་ཞིག་ཡིན་རུང་སྙིང་རྗེ་དང་བརྩེ་བའི་སྒོ་ནས་སློབ་ཁྲིད་གནང་དགོས་པ་དང་སློབ་མ་བཟང་པོ་ཞིག་བསྐྱང་དགོས་པར་བཀའ་སློབ་མང་པོ་སྩལ་གནང་ཡོད།

༡ ༽ སློབ་མ་བཟང་པོ་ཞིག་སྐྱོང་དགོས་པ།

   དེ་ཡང་འགྲོ་བ་མི་ཞིག་དང་སེམས་ལྡན་ཡིན་པའི་ཆ་ནས་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་མཚུངས་ཡིན་པས། རྒྱལ་བ་རིན་པོ་ཆེས་དུས་རྟག་ཏུ་དགེ་རྒན་རྣམས་ཀྱིས་རང་ཉིད་སློབ་མ་རྣམས་ལ་བྱམས་བརྩེ་དང་སེམས་ཚོར་ཡོད་པའི་ཐོག་ནས་སློབ་ཁྲིད་དང་སློབ་མ་བཟང་པོ་ཞིག་སྐྱོང་དགོས་པ་བཀའ་སློབ་ཕེབས་ཡོད། དེ་བཞིན་ངས་སློབ་མ་རྣམས་ལ་བྱམས་བརྩེའི་ངང་ནས་སློབ་ཁྲིད་དང་རྒྱབ་ལྗོངས་ཀྱི་དཀའ་ངལ་མང་དག་ཞིག་ལ་དཔྱད་པའི་ཐོག་ནས་སློབ་མ་ཡག་པོ་ཞིག་ཡོང་ཐབས་འབད་བརྩོན་བྱེད་བཞིན་ཡོད། སྤྱིར་སློབ་གྲྭའི་ནང་སློབ་ཕྲུག་གི་རྒྱབ་ལྗོངས་མི་འདྲ་བ་དང་ཁྱིམ་ཚང་གི་གནས་སྟངས་མི་འདྲ་བ་ཤ་སྟག་ཡིན་པས་ཚང་མ་ལ་སྤྱི་སྙོམས་ལྟ་ཚུལ་དང་སློབ་ཁྲིད་གཙོས་པའི་ཤེས་ཡོན་ག་འདྲ་ཞིག་ཡིན་རུང་གང་ཐུབ་གཅིག་མཚུངས་ཡོང་བའི་འབད་འབུངས་བྱེད་བཞིན་ཡོད། དེ་བཞིན་སློབ་མ་སུ་ཞིག་ཡིན་རུང་མ་འོངས་པར་མི་བཟང་པོ་ཞིག་ཡོང་ཐབས་སུ་རྟག་ཏུ་བསླབ་བྱ་དང་མིག་དཔེ་བཟང་པོ་སྟོན་གྱིན་ཡོད། གཙོ་བོ་ང་ཚོ་དགེ་རྒན་གྱི་སྤྱོད་ལམ་བཟང་པོ་དང་སྐད་ཆ་ཤོད་སྟངས་སོགས་དངོས་གནས་སློབ་མའི་མདུན་ལ་མིག་དཔེ་ཡག་པོ་སྟོན་དགོས་པ་གལ་ཆེ་ཞིག་མཐོང་བྱུང་། སློབ་མ་ག་འདྲ་ཞིག་སྐྱོང་མིན་སློབ་ཁྲིད་ཀྱི་དགེ་རྒན་ལ་རག་ལས་ཡོད། སློབ་ཕྲུག་ནི་མི་རྒན་པའི་ལད་ཟློས་ལ་བལྟ་རྒྱུ་རང་བཞིན་ཞིག་ཡིན། ང་ཚོ་དགེ་རྒན་ནམ་འགོ་འཁྲིད་སུ་ཞིག་ཡིན་རུང་ཀུན་སྤྱོད་ལེགས་པོ་སྟོན་དགོས་པ་གལ་ཆེའི་འགན་འཁྲི་ཆེན་པོ་ཞིག་ཆགས་ཡོད་པས་ང་ཚོ་ངེས་པར་དུ་ཡིད་ལ་བཅངས་ནས་ལས་ཀ་བྱ་དགོས།

༢ ༽ དགེ་རྒན་རང་ཉིད་སློབ་ཚན་ག་འདྲ་ཞིག་ཡིན་རུང་ངེས་པ་རྙེད་པ་ཞིག་དགོས།

   ང་ཚོ་ནི་སློབ་མ་རྣམས་ཀྱི་མི་ཚེ་མདུན་ལམ་བཟོ་མཁན་ཡིན་སྟབས། སློབ་ཕྲུག་ཚོའི་མི་ཚེའི་ནང་དགེ་རྒན་ཡག་སྡུག་ག་འདྲ་ཞིག་ཡིན་རུང་བརྗེད་མི་ཐུབ། བྱས་ཙང་ང་ཚོ་དགེ་རྒན་རྣམས་ཀྱི་ལས་འགན་གཙོ་བོ་ནི། སློབ་ཚན་གང་ཡིན་རུང་དེ་ལ་ངེས་པ་རྙེད་དགོས་པ་དང་བཟང་སྤྱོད་སོགས་ཀྱི་མིག་དཔེ་བཟང་པོ་སྟོན་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་བཞིན་གལ་ཆེ་ཤོས་ཤིག་ནི་རང་ཉིད་སློབ་ཚན་ག་འདྲ་ཞིག་བསླབ་པ་ཡིན་ན་དེ་སྤུས་དག་དང་ཞིབ་ཚགས་བྱས་ནས་སློབ་འཁྲིད་བྱ་དགོས་པ་ཡང་འོས་འགན་ཡིན། ང་ཚོའི་རྩ་བའི་བླ་མའི་དགོངས་པ་ལྟར་སློབ་མ་རྣམས་ལ་བརྩེ་བ་དང་ལྡན་པ་ཚོར་བ་ཡོད་པའི་སྒོ་ནས་སློབ་ཁྲིད་དགོས་པ་ཡང་ཡང་གསུངས་གནང་ཡོད་པས། ང་ཚོ་ངེས་པར་དུ་ཡིད་ལ་བཅངས་ནས་ལག་ལེན་དུ་འཁེལ་ཐུབ་པ་ཞིག་དགོས། སློབ་ཚན་གང་ཞིག་ཡིན་རུང་དེང་དུས་དང་མཐུན་པའི་སྒོ་ནས་སློབ་མ་ལ་དོ་དབྱིངས་ཡོང་ཐབས་སུ་ཐབས་ཤེས་སྣ་ཚོགས་ཀྱི་ཐོག་ནས་འཁྲིད་དགོས། སློབ་མ་རྣམས་ལ་གནའ་དེང་གཉིས་ཀྱི་ཤེས་བྱ་སྤྲོད་ཐབས་བྱ་དགོས་ལ་དེ་དག་ཡོང་བ་ལ་འབད་བརྩོན་ལྷུག་པོ་གནང་དགོས། དམིགས་བསལ་གྱི་ང་ཚོ་བོད་མི་རིགས་ཀྱི་སྐད་ཡིག་གི་ཆེད་དུ་ཐབས་ཤེས་ཡོད་རྒུ་སྩལ་སྤྲུགས་ཀྱི་ལམ་ནས་བོད་མི་ཞིག་བཟོ་དགོས་ལ་བོད་ཡིག་ལ་དབྱིངས་ཡོང་ཐབས་བྱ་དགོས།

༣ ༽ དགེ་རྒན་ཞེས་པ་ལྷག་བསམ་གྱི་ཀུན་སློང་ལྡན་པ།

   སྤྱི་ཚོགས་ནང་ལས་གནས་སྣ་ཚོགས་ཡོད་ན་ཡང་རང་ཉིད་ཀྱི་འདོད་པ་དང་མདུན་ལམ་ལྟར་དགེ་རྒན་ཞེས་པ་ཞིག་བདམས་ཟིན་པ་ན་ངེས་པར་དུ་རང་གི་ཀུན་སློང་ལ་ལས་རིགས་དེ་རྩ་ཆེན་པོ་ཞིག་དང་མཐོང་ཆེན་ཞིག་ཡིན་པ་ཤེས་དགོས། ༸རྒྱལ་བ་རིན་པོ་ཆེའི་དགོངས་པ་བཞིན་རང་གི་སློབ་མ་དང་ལས་ཀ་བྱེད་སའི་སློབ་གྲྭའི་ཁོར་ཡུག་ནང་ལས་ཀ་ག་འདྲ་ཞིག་ཡིན་ན་བསམ་བློ་བཏང་སྟངས་དེ་གཞན་ལ་ལྷག་བསམ་ཡོད་པ་ཡིན་ན་དཀའ་ངལ་ཅི་ཡིན་རུང་བསལ་མ་ཐུབ་པ་མེད་པའི་བཀའ་སློབ་ཕེབས་ཡོད། དེར་བརྟེན་ང་ཚོ་དགེ་རྒན་རྣམས་གླ་ཕོགས་གཅིག་པུ་བསམ་པ་མ་ཡིན་པར་དངོས་གནས་མ་འོངས་བོད་ཀྱི་སོན་རྩ་རྣམས་ལ་ཤེས་སྤྱོད་གཉིས་ལྡན་ཡོད་པ་ཞིག་བཟོ་དགོས། ང་ཚོས་འགོ་འཁྲིད་པའི་ཐོག་ནས་མིག་སྟོས་བཟང་པོ་དང་ལྷག་བསམ་གྱི་སྒོ་ནས་ངེས་པར་དུ་བྱ་དགོས། ང་རང་གི་ལས་ཀའི་ཉམས་མྱོང་དང་འབྲེལ་ནས་སློབ་མ་རྣམས་ལ་ལྷག་བསམ་དང་ཀུན་སློང་བཟང་པོ་འཁྱེར་བའི་གནས་སྟངས་ལ་སློབ་མས་དགའ་པོ་བྱེད་སྟངས་དང་དཀའ་ངལ་ཅི་རིགས་ཞེད་སྣང་མེད་པ་བཤད་ཐུབ་པ་སོགས་ཀྱི་མིག་མཐོང་ལག་ཟིན་བྱུང་སོང་། ང་ཚོ་ལས་ཀ་གང་ཞིག་ཡིན་རུང་ལྷག་བསམ་ལྡན་པ་དང་ཀུན་སློང་བཟང་པོ་ཞིག་ཡོད་ན་སློབ་མ་ཡིན་ན་དགེ་རྒན་ལ་མཐོང་ཆེན་དང་ཡིད་ཆེས་ཆེན་པོ་འཇོག་གི་ཡོད་པའི་སྣང་བ་བྱུང་།

༤ ༽ སྒོ་གསུམ་གྱི་སྤྱོད་ལམ་མིག་དཔེར་འོས་པ།

   ང་ཚོ་བོད་རིགས་ཤིག་གི་བརྒྱུད་ནས་ཡུལ་སྲོལ་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་སྔར་ནས་ཡོད་པ་ཞིག་ཡིན། དེ་ཡང་བོད་མི་ཞེས་པ་ནི་རང་བཞིན་སེམས་བཟང་པོ་དང་གཤིས་སྤྱོད་ཉམ་ཆུང་ལྡན་པའི་མི་རབས་ཤིག་ཡིན་པ་བཤད་སྲོལ་ཡོད། ཡིན་ན་ཡང་ད་ཆ་དུས་ཚོད་དང་ཕྱིའི་དངོས་པོ་ཡར་རྒྱས་ཤུགས་ཆེན་ཕྱིན་པ་སོང་ཙང་སྔར་གྱི་ཡ་རབས་གོམས་གཤིས་དེ་ག་ལེར་འགྱུར་འགྲོ་བཞིན་ཡོད། བྱས་ཙང་འཛམ་གླིང་ཞི་བདེའི་དེད་དཔོན་མཆོག་གི་དགོངས་པ་ལྟར་གོ་ལ་ཁྱོན་ཡོངས་ཆ་སྙོམས་བཟོ་ཐབས་སུ་སཱི་ཤེས་ཡོན་ཞེས་པ་སློབ་གྲྭ་དང་མཐོ་རིམ་སློབ་ཁག་ལ་སློབ་ཁྲིད་བྱེད་བཞིན་ཡོད། དེ་ནི་གཙོ་བོ་ནང་སེམས་ཀྱི་ཁྱད་ཆོས་ཡར་རྒྱས་གོང་སྤེལ་དང་སྤྱོད་ལམ་བཟང་པོ་འདྲ་བསྐྲུན་ཐབས་ཤིག་ཡིན། ང་ཚོ་དགེ་རྒན་ཞིག་ལ་ཆ་མཚོན་ན་སྒོ་གསུམ་གྱི་སྤྱོད་ལམ་དེ་ཧ་ཅང་གི་གལ་ཆེན་ཆགས་ཡོད། གང་ལ་ཞུ་ན་ང་ཚོ་ལ་མིག་དཔེ་ལྟ་མཁན་སློབ་ཕྲུག་སྟོང་ཕྲག་མང་པོས་དགེ་རྒན་རྣམས་ཀྱི་བྱེད་སྟངས་ལ་ལྟ་བཞིན་ཡོད། དགེ་རྒན་གྱིས་སྒོ་གསུམ་སྤྱོད་ལམ་ཡག་པོ་ཞིག་བསྲུང་ཐུབ་པ་ཡིན་ན་སློབ་མ་དེ་གཤིས་སྤྱོད་དེ་ག་རང་འགྱུར་གྱི་ཡོད་པ་གསལ་པོ་རེད། འདས་པའི་དགེ་རྒན་གྱི་ལས་ཀའི་ཉམས་མྱོང་ལྟར་ན་དངོས་གནས་སློབ་མ་རྣམས་ཀྱིས་དགེ་རྒན་ལ་དོ་སྣང་ཤུགས་ཆེན་སྤྲོད་པའི་སྣང་བ་བྱུང་། དེ་ཡང་རང་གི་དགའ་བའི་དགེ་རྒན་འདྲ་ཡིན་ན་སློབ་ཕྲུག་དེ་འགྲོ་སྟངས་དང་སྐད་ཆ་ཤོད་སྟངས་སོགས་ལ་དོ་སྣང་ཆེན་པོ་གནང་གི་ཡོད། བྱས་ཙང་ང་ཚོ་དགེ་རྒན་གྱི་སྒོ་གསུམ་སྤྱོད་ལམ་འཁྱེར་སྟངས་དེ་སློབ་མ་བཟང་པོ་ཞིག་སྐྱོང་བའི་ལག་ཆ་ལྟ་བུ་ཞིག་ཆགས་ཡོད། ༸གོང་ས་མཆོག་གི་དགོངས་པ་དེ་དག་སེམས་ལ་ངེས་ནས་སློབ་གྲྭ་ཞིག་གི་ནང་ལས་ཀ་ཧུར་ཐག་དང་ཀུན་སློང་བཟང་པོ་ཞིག་ཡོད་པ་ཡིན་ན་སླད་མ་འོངས་པའི་སོན་རྩ་རྣམས་ལ་རང་བཞིན་གྱི་མཛའ་བརྩེ་ལྡན་པའི་མི་སྣ་ཞིག་འཚར་ལོངས་དང་སློབ་ཕྲུག་སུ་ཞིག་ཡིན་རུང་སྤྱི་ཚོགས་ག་འདྲ་ཞིག་ལ་ལས་གནས་སུ་བཞུགས་པ་ཡིན་ན་ཡ་རབས་བཟང་སྤྱོད་ལྡན་པའི་སློབ་བུ་བསྐྱངས་ཡོད་པ་ཡིན་ན་སྤོབས་པ་སྐྱེད་འོས་པའི་བྱ་བ་ཞིག་ཆགས་ཡོད། དེ་ནི་ང་ཚོ་དགེ་རྒན་ཞིག་ཡིན་པའི་ཆ་ནས་དམིགས་ཡུལ་བཟང་པོ་དེ་དག་བཅང་ནས་ལས་བྱས་པ་ན་བསོད་ནམས་འཕེལ་པ་མ་ཟད་རང་ཉིད་ལ་བདེ་སྐྱིད་ཐོབ་ཐུབ། ཁོང་གི་དགོངས་པ་དེ་དག་ལ་ང་ཚོས་གང་ཐུབ་ཅི་ཐུབ་འབད་བརྩོན་བྱ་དགོས་པ་ལས་འགན་རེད་ལ་འགན་འཁྲི་ཞིག་ཀྱང་ཡིན། ང་ཚོ་ནི་རྒྱལ་ཁབ་ཅིག་གི་དཔའ་བོ་འམ་སློབ་མ་ཞིག་གི་མར་མེ་ལྟ་བུ་ཞིག་ཆགས་ཡོད། འཇིག་རྟེན་འདིའི་ནང་ཡིག་རྨོངས་པ་མུན་པ་སེལ་མཁན་དེ་དགེ་རྒན་ཞིག་ཡིན་དུས་རང་ངོས་ནས་ཆ་རྐྱེན་ག་འདྲ་ཞིག་ཚང་ཡོད་པ་ཡིན་ན་དེ་དག་ལག་བསྟར་ཡོང་པ་ཞིག་དམིགས་ཡུལ་ཏུ་བརྟན་པོར་འཛིན་དགོས། སློབ་མའི་མདུན་ལམ་ག་འདྲ་ཞིག་འབྱུང་མིན་གཙོ་བོ་དེ་དགེ་རྒན་ལ་རག་ལས་ཡོད་པའི་བསམ་བློ་ཡག་པོ་ཞིག་བཏང་ནས་སློབ་མ་དེ་ཤེས་སྤྱོད་གཉིས་ལྡན་གྱི་མི་སྣ་ཡག་པོ་ཞིག་བཟོས་དགོས། ང་ཚོ་ལས་གནས་དེ་རྩ་ཆེན་པོ་དང་སྤྱི་ཚོགས་ནང་གལ་ཆེན་ཞིག་ཡིན་པ་སྨོས་མི་དགོས་པ་ཡིན། དེང་དུས་ཀྱི་མཐུན་རྐྱེན་དང་འབྲེལ་ནས་སློབ་ཕྲུག་རྣམས་ཀྱི་སྤྱོད་ལམ་དེ་སྔར་ལས་ཁྱད་པར་ཆེན་པོ་ཕྱིན་ཡོད་ན་ཡང་དགེ་རྒན་སུ་ཐབས་མཁས་པའི་སྒོ་ནས་སློབ་མ་སྐྱོང་དགོས་པ་དེ་གལ་གནད་ཞིག་ཆགས་ཡོད།མདོར་ན་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་དགོངས་པ་བཞིན་ལག་བསྟར་ཡོང་བའི་སྨོན་འདུན་དང་སླད་མ་འོངས་པ་སློབ་ཕྲུག་ཤེས་སྤྱོད་ལྡན་པ་མང་དག་ཞིག་ཐོན་ཡོང་བའི་རེ་བ་བཟང་པོ་ཡོད།