ཕྱི་ས་གཏོང་བ། ཕྲེང་རྡོག་སྙུག་པ། མགོ་བོ་སྒུར་བ། བཀྲག་མདངས་ངོམ་པ། འཁྱིལ་ཆུར་གཡེངས་པ། པང་དུ་བཏབ་པ། མེ་ཏོག་བཏོག་པ། རྐང་འདྲེད་ཤོར་བ། ཁེར་བཤད་བྱེད་པ། མོ་བཏབ་པ། ཞིང་ཆུ་འདྲེན་པ། ཆུ་རྩེད་རྩེ་བ། དོ་སྣང་བྱེད་པ། སྐད་བརྒྱབ་པ། དྲན་མེད་དུ་བརྒྱལ་བ།
སྤོ་བོས་ཡར་འཕེལ་ལ་”ཀུན་དགའ་ཚེ་རིང་ཇི་ལྟར་བོར་ཚུལ་ཤོད་དང་”ཟེར། ལུ་གུ་འཚོ་སྐབས་ང་སོང་ནས་ཕྱི་ས་བཏང་སྟེ་ཕྱིར་ལོག་དུས། ཀུན་དགའ་ཚེ་རིང་མཐོང་རྒྱུ་མི་འདུག་ཟེར། དེ་སྐད་ལབ་པ་དང་། སྤོ་བོས་མིག་གིས་མཛུབ་བར་གྱི་ཕྲེང་རྡོག་བསྙུགས་འཕྲོ་དེར་བལྟས་ནས་བསྡད་སོང་། མི་རྣམས་འཚབ་འཚུབ་ངང་མདུན་དུ་གཏུགས་ཏེ་མོ་ལུང་ཅི་འདྲ་བྱུང་སོང་ངམ་ཞུས། སྤ་བོས་མི་མ་ཡིན་ཞིག་གིས་གནོད་འདུག་ཅེས་ཟེར། དགེ་རྒན་གྱིས་”ཡར་འཕེལ་ཁྱོད་ཀྱིས་ང་ཚོ་ལུ་གུ་འཚོ་ས་དེར་ཁྲིད་དང་”ཟེར། རྒན་ལགས་ཀྱིས་གཡས་ལྟ་གཡོན་གཡས་ལྟ་བྱས། ཡང་མགོ་བོ་སྒུར་ཏེ་འཁྱིལ་ཆུའི་ཁ་ནས་ཞིབ་ཏུ་འཚོལ། འཁྱིལ་ཆུའི་ངོགས་སུ་མེ་ཏོག་གི་འདབ་མ་ཁ་ཤས་སྟོར་འདུག མེ་ཏོག་དེ་དག་ནི་དེ་ལྟར་དཀར་དམར་གྱི་བཀྲག་མདངས་ངོམ་བཞིན་ཀུན་དགའ་ཚེ་རིང་དང་མཉམ་དུ་འཁྱིལ་ཆུར་གཡེངས་འདུག རྒན་ལགས་ཀྱིས་ཆུ་ཐིགས་འཛར་འཛར་ངང་ཀུན་དགའ་ཚེ་རིང་གྲགས་མེད་འགུལ་མེད་ངང་པང་དུ་བཏབ་ནས་བླངས་བྱུང་བ་དང་། “སྙིང་རྗེ་བའི་ཕྲུ་གུ་དེ་ནི་ཕལ་ཆེར་མེ་ཏོག་འདི་དག་བཏོག་རྩིས་བྱེད་སྐབས་རྐང་འདྲེད་ཤོར་ནས་ཆུ་ནང་དུ་ལྷུང་བ་འདྲ་”ཞེས་ཁེར་བཤད་བྱས། ངའི་ཕ་རྒན་གྱིས་”སྤོ་བོས་མོ་བཏབ་པ་ནི་ཅི་འདྲའི་ཐིག་ཨང་”ཟེར། སྤོ་བོས་”ཁ་ཉིན་ཞིང་ལ་ཆུ་གཏོང་སྐབས། ངས་གད་པ་འདིའི་ཁ་ནས་ཕྲུ་གུ་གཅེར་བུ་ཞིག་ཆུ་ནང་དུ་མཆོངས་པ་མཐོང་བྱུང་། ཉིན་དེར་ངས་ནི་ཕྲུ་གུ་ཞིག་ཆུ་རྩེད་རྩེས་བཞིན་འདུག་སྙམ་ནས་དོ་སྣང་མ་བྱས་”ཟེར། ང་ཚོ་ཕྲུག་གུ་ཚོས་”ཀུན་དགའ་ཚེ་རིང་རྙེད་བྱུང་”ཞེས་སྐད་བརྒྱབ། ཅི་བྱུང་ཧ་མ་གོ་བའི་མི་རྣམས་ནི་གཅིག་མཇུག་གཉིས་མཐུད་དུ་འཁྱིལ་ཆུའི་ཕྱོགས་སུ་བརྒྱུགས་ནས་བསླེབས་བྱུང་། ཁོར་ཡུག་ཀུན་ཏུ་དེ་མ་ཐག་ངུ་འབོད་ཀྱི་སྒྲ་ཡིས་བཀང་སོང་། ཨ་མ་གཡང་མོ་ནི་སྙིང་གི་བུ་ཆུང་གི་མིང་ནས་འབོད་བཞིན་ཡང་བསྐྱར་དྲན་མེད་དུ་བརྒྱལ་སོང་། ཀུན་དགའ་ཚེ་རིང་ཤི་བའི་ཕྱི་ཉིན་ནས་བཟུང་། ཡར་འཕེལ་སློབ་གྲྭར་ཡོང་རྒྱུ་མ་བྱུང་། ངེད་རྩེད་གྲོགས་བཞི་པོ་དེ་ད་ནི་ང་དང་གསལ་སྒྲོན་གཉིས་ལས་ལྷག་མ་སོང་།
 
མཆན་འགྲེལ།
བོར། བརླག་པ། ཕྱི་ས། མི་གཙང་བ་དྲི་ཆེན་ནམ་སྐྱག་པ། ཕྲེང་རྡོག གྲངས་ཀ་འདྲེན་བྱེད་ཕྲེང་བའི་རྡོག་པོ། ངོགས། ཆུ་བོ་དང་མཚོའི་འགྲམ། གཡེངས། ཆུའི་གཏིང་དུ་མི་ནུབ་པར་ཆུ་ངོས་སུ་གནས་པ། བླང་། ལེན། བཏོག ཤིང་ཏོག་དང་མེ་ཏོག་སོགས་གཅོད་པ། ཁ་ཉིན། ཁ་སང་གི་སྔ་ཉིན། གཅེར་བུ། ལུས་སྒྲིབ་བྱེད་མེད་པ། ཆུ་རྩེད། ཆུའི་རྩེད་མོ། ངུ་འབོད། ངུ་ངག་གི་ཀུ་ཅོ། བརྒྱལ། དྲན་པ་འཐོར་བ། ཕྱི་ཉིན། ཉིན་རྗེས་མ། རྩེད་གྲོགས། རྩེད་མོ་རྩེ་རོགས།