བསྟན་འཛིན་རང་གྲོལ། བཅུ་གཅིག
གོ་པལ་པུར་བོད་ཁྱིམ་སློབ་གྲྭ།
༄༅། །བོད་ཕྲུག་ང་ཚོས་ཕྱིར་དྲན་ཞིག་བྱས་པ་ཡིན་ན། ༸གོང་ས་མཆོག་གིས་ང་ཚོ་བོད་ཕྲུག་ཚོར་བོད་ཀྱི་སྐད་ཡིག་དང་། ཆོས་དང་རིག་གཞུང་མི་ཉམས་པའི་ཆེད་དུ་བཙན་བྱོལ་ལ་ཕེབས་རྗེས་བོད་པའི་སློབ་གྲྭ་ཐོག་མ་མ་སུ་རི་བོད་ཁྱིམ་དང་། དེ་ནས་སློབ་གྲྭ་ཇེ་མང་ཇེ་མང་། གཞིས་ཆག་དང་། དགོན་པ་ཇེ་མང་ཇེ་མང་གསེར་བཞེངས་གནང་བ་དེ་དག་ལ་ཕྲིར་དྲན་ཞིག་བྱས་པ་ཡིན་ན། ༸གོང་ས་མཆོག་ལ་ཐུགས་རེ་མང་པོ་ཡོད་པ་བཤད་མི་དགོས་པ་བཞིན། དེ་རིང་གུས་པས་༸གོང་ས་མཆོག་གི་ཐུགས་རེ་འགའ་ཤས་ཤིག་གི་སྐོར་༸གོང་ས་མཆོག་གི་༼མི་ཚེའི་ལམ་སྟོན།༽ཞེས་པའི་དཔེ་དེབ་ལས་བཤད་འདོད་བྱུང་།
བོད་ཀྱི་སྐད་ཡིག ཐོག་མ་བོད་ཀྱི་སྐད་ཡིག་ཐོག་བརྗོད་ན། གཙོ་ཆེ་ཤོས་བོད་ཀྱི་སྐད་ཡིག་ནི་སོ་སོའི་མི་རིགས་འདི་མི་རིགས་གཞན་ལས་དབྱེ་བ་ཟུར་དུ་ཕྱེ་ཐུབ་པའི་ཆ་རྐྱེན་ཡག་ཤོས་དེ་ཡིན་པ་བཞིན། འདི་ལ་ང་ཚོས་སློབ་སྦྱོང་དང་། གཅེས་སྤྲས། རྩ་ཆེན་ཡིན་པའི་ངོས་འཛིན་བརྩི་འཇོག་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ༸གོང་ས་མཆོག་གིས་“ང་ཚོ་གཞན་ཡུལ་དུ་བསླེབས་ཤིང་རང་ཉིད་ཀྱི་སྐད་ཡིག་སོགས་ཀྱི་ཐོག་ཏུ་དོ་སྣང་མ་བྱུང་བར་ཉམས་བརླག་ཕྱིན་པ་ཡིན་ན་ཧ་ཅང་ཐབས་སྐྱོ་བའི་རང་བཞིན་ཡིན།” ཞེས་གསུངས་པ་བཞིན། ང་རང་ཚོ་རང་ཉིད་ཀྱི་སྐད་ཡིག་བརྗེད་ན་ངོ་ཚ་ཡིན། འོན་ཀྱང། སོ་སོའི་སྐད་ཡིག་ཤེས་པ་དང་མཉམ་དུ་ཡུལ་གྲུ་གཞན་གྱི་སྐད་ཡིག་ལ་སློབ་སྦྱོང་བྱས་ན་དེ་ནི་འཇོན་ཐང་རེད། “སྐད་ཡིག་ཐམས་བཅད་ཤེས་ན་བཟང་མོད་ཀྱང་། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན་” ཞེས་པའི་བསླབ་བྱ་ལྟར་བོད་ཕྲུག་ང་ཚོས་སོ་སོའི་སྐད་ཡིག་ཉམས་རྒུད་དུ་མི་འགྲོ་ཆེད་བདག་གཅེས་དང་། སློབ་སྦྱོང་ལ་འབད་བརྩོན་དགོས་པ་འདི་ནི་༸གོང་ས་མཆོག་གི་ཐུགས་རེ་གལ་ཆེན་ཞིག་རེད་འདུག །
ཆོལ་གསུམ་གཅིག་སྒྲིལ། ཡང་༸གོང་ས་མཆོག་གིས་ཐུགས་རེ་གཞན་ཞིག་ནི། བོད་མི་ནང་ཁུལ་དང་ཆོལ་ཁ་གསུམ་ནང་ཁུལ་འཁྲུག་པ་མེད་པ་དང་། གཅིག་སྒྲིལ་ཡོང་བའི་ཐུགས་རེ་བཅངས་ཡོད། ༸གོང་ས་མཆོག་གིས་“ད་ཕན་རྒྱ་མིའི་འོག་ལ་སྡུག་བསྔལ་ཆོལ་ཁ་གསུམ་གཅིག་གྱུར་གྱིས་མྱངས་པ་རེད། རྒྱ་མིར་ངོ་རྒོལ་ཡང་ཆོལ་ཁ་གསུམ་གཅིག་གྱུར་གྱིས་ཐོག་ནས་བྱེད་ཀྱི་ཡོད། འདས་པའི་ལོ་རྒྱུས་ཀྱི་ནང་ལ་ཆོལ་ཁ་གསུམ་ཆབ་སྲིད་གཅིག་གྱུར་མིན་པའི་གནས་ཚུལ་བྱུང་ཡོད་ཀྱང་། བོད་མི་རིགས་ཀྱི་བསམ་བློ་དང་བོད་མི་རིགས་ཀྱི་ཤེས་རིག་ཐོག་ལ་ཆོལ་ཁ་གསུམ་གྱི་བསམ་ཚུལ་དང་་། འདུ་ཤེས་གཅིག་ཏུ་བསྒྲིལ་ནས་བསྡད་ཡོད།” ཅེས་བཀའ་སློབ་ནན་པོ་གསུངས་ཡོད། ང་ཚོ་བོད་ཀྱི་བཤད་སྲོལ་ལ་“སྐྱིད་ན་སྐྱིད་མཉམ་དང་། སྡུག་ན་སྡུག་མཉམ།” ཅེས་པ་ལྟར་ང་རང་ཚོ་བོད་ཕྲུག་རྣམས་ཀྱང་བོད་མི་རིགས་གཅིག་གི་བུ་ཕྲུག་ཡིན་པའི་ཆ་ནས་ཆོལ་ཁ་གསུམ་དབྱེ་འབྱེད་མེད་པར་གཅིག་ཏུ་བསྒྲིལ་ནས་སློབ་སྦྱོང་ལ་འབད་བརྩོན་དགོས་པའི་ཐུགས་རེ་བཅངས་ཡོད།
ཡ་རབས་སྤྱོད་བཟང་། “ཡ་རབས་སྤྱོད་བཟང་ཟེར་བ་འདི་ཆུ་ཚོད་༢༤རིང་གོམས་གཤིས་ལ་འཇགས་དགོས་པ་ཞིག་ཡིན། འདི་བྱས་ན་ཡ་རབས་དང་། འདི་བྱས་ན་མ་རབས་རེད་ཅེས་བསམ་གློས་ཤེས་པ་ཙམ་གྱིས་མི་འགྲིག་པར་ཡ་རབས་ཀྱི་སྤྱོད་པ་འདི་དག་རང་ཉིད་ཀྱི་གཤིས་རྒྱུད་ལ་འཇགས་པ་ཞིག་དང་། རང་ཉིད་ལ་གོམས་གཤིས་ཆགས་པ་ཞིག་དགོས་པ་ཡིན།” ཅེས་གསུངས་ཡོད། བྱས་ཙང་། ༸གོང་ས་མཆོག་གིས་ཐུགས་རེ་གཅིག་ནི། མི་སུ་འདྲ་ཞིག་ཡིན་རུང་རྒན་གཞོན་བར་གསུམ་དབྱེ་བ་མེད་པ་དང་། དབུལ་ཕྱུག་གི་དབྱེ་བ་མེད་པ། རྒྱལ་ཁབ་གཞན་གྱི་མི་རིགས་ཡིན་ན་ཡང་རྟག་ཏུ་ཡ་རབས་བྱེད་དགོས་པའི་ལམ་སྟོན་གནང་ཡོད། ང་ཚོ་བོད་པའི་བཤད་སྲོལ་གཞན་ཞིག་ལ་“མི་ཡ་རབས་བརྒྱ་ཐམ་པ་ཡོད་ན་ཉུང་དྲགས་པ་རེད། མི་མ་རབས་གཅིག་ཡོད་ན་མང་དྲགས་པ་རེད།” ཟེར་བ་བཞིན་ང་ཚོ་བོད་ཕྲུག་རྣམས་ལ་ག་དུས་ཡིན་རུང་ཡ་རབས་བྱེད་དགོས་པའི་ཐུགས་རེ་བཅངས་ཡོད།
ནང་ཆོས་ལ་སློབ་སྦྱོང་། ༸གོང་ས་མཆོག་གིས་“སྤྱི་ཡོངས་ཀྱི་ཆ་ནས་ནང་ཆོས་དང་འབྲེལ་བའི་རིག་གཞུང་སྲུང་སྐྱོབ་བྱེད་པ་ལ། ནང་ཆོས་ངེས་པར་དུ་རྩ་བ་བརྟན་པོ་ཞིག་ཆགས་དགོས། སོ་སོའི་སྐད་ཡིག་གི་ཐོག་ལ་ཕ་མེས་དུས་ནས་ཡོད་པའི་ནང་པའི་ཆོས་ཡོད་མུས་འདི་དག་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་བྱེད་དགོས། དེ་ལྟར་བྱེད་པ་ལ་རྩ་བ་སློབ་སྦྱོང་ལ་ཐུགས་ཡོད། ད་དུང་ང་རང་ཚོ་ཚང་མ་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་པ་ཡིན་པས་ང་རང་ཚོས་ལུས་ཀྱི་ཆ་ནས་བཅོམ་ལྡན་འདས་ལ་ཁ་ཕྱོགས་ཏེ་དད་གུས་བྱེད་ཀྱི་ཡོད་ཀྱང་སེམས་ཀྱིས་བཅོམ་ལྡན་འདས་ལ་རྒྱབ་ཕྱོགས་ཏེ་བསྡད་པ་ལྟ་བུ་བྱས་ན་ཡག་པོ་མེད།” ཅེས་གསུངས་ཡོད། དེ་ལྟར་ང་ཚོ་བོད་ཕྲུག་ཚོས་ཀྱང་ལུས་ཀྱི་ཆ་ནས་༸གོང་ས་མཆོག་ལ་ཐལ་མོ་སྦྱར་ནས་མཇལ་ཁ་ཞུ་བ་དང་། ཁ་ནས་སྐྱབས་སུ་ཆེ་ལབ་པ། མིག་ནས་མིག་ཆུ་གཏོང་བ། ངག་ནས་སྨོན་ལམ་འདེབས་པ་སོགས་ག་རེ་བྱེད་ཀྱི་ཡོད་ཀྱང་། བསམ་བློའི་ཐོག་ནས་༸གོང་ས་མཆོག་གི་བསླབ་བྱ་ག་རེ་གནང་བ་དེ་དག་དང་མ་འགལ་བ་བྱ་རྒྱུ་གལ་འགངས་ཆེ། ལྷག་པར་དུ། ༸གོང་ས་མཆོག་གིས་ང་ཚོ་བོད་ཕྲུག་རྣམས་ལ་ཐུགས་རེ་མང་པོ་བཅངས་ཡོད་པས། ང་རང་ཚོས་ཁོང་གི་ཐུགས་རེ་རྣམས་གང་ཐུབ་ཅི་ཐུབ་ཀྱིས་ལག་ལེན་བསྟར་དགོས་པ་ཡིན་ནོ། །

ད་བར་དཔྱད་མཆན་མེད།