ཡོན་ཏན་ཚང་ཡངས་བསྐྱར་སྒྲོལ་མ། དགུ་པ།
མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ།
༄༅། །བརྩེ་བའི་ཀློག་པ་པོ་རྣམ་པ་ལགས། ཁྱེད་རྣམས་ལ་རང་ཉིད་ལ་སྙིང་ཉེ་བའི་དགའ་སའམ་གཡང་ཞིག་ཡོང་ངེས་རེད། གཡང་ཟེར་བ་ནི་ང་ཚོས་བརྗེད་ཐབས་མེད་པའི་དངོས་པོའམ་ཡང་ན་དྲན་རྟེན་གྱི་ཚུལ་དུ་ཉར་བའི་དངོས་པོ་རེད། དེ་ཡང་རང་ཉིད་ཀྱི་གཡང་ལ་ཁྱད་ཆོས་མི་འདྲ་བ་རེ་ངེས་པར་དུ་ཚང་དགོས། ང་ཚོ་གངས་རི་ར་བས་བསྐོར་བའི་ཞིང་ཁམས་ཏེ། ཕ་ཡུལ་བོད་ཀྱི་གཡང་ཡོད་ན་མེད་ན་དེ་ད་ལྟ་འཚར་ལོངས་བྱེད་བཞིན་པའི་མ་འོངས་བོད་ཀྱི་སོན་རྩ་རྣམས་ཡིན། དེ་སྔོན་ངས་ཞུས་པ་བཞིན། གཡང་ཚང་མ་ལ་ཁྱད་ཆོས་རེ་ཚང་དགོས་པ་ལྟར། དེ་རིང་ཤེས་རིག་ལས་ཁུངས་ནས་གནང་བའི་རྩོམ་གྱི་བརྗོད་གཞི་སྟེ་༸གོང་ས་མཆོག་གིས་བོད་ཕྲུག་ལ་བཅངས་པའི་ཐུགས་རེའི་ཐོག་ཏུ་བོད་ཀྱི་སོན་རྩའམ་གཡང་རྣམས་ལ་ཚང་དགོས་པའི་བསམ་ཚུལ་གསུམ་ཙམ་ཞིག་འབྲི་རྒྱུ་ཡིན།
དང་པོ། བོད་མི་ཡག་པོ་ཡོང་བར་ཐུགས་རེ་ཡོད་པ།
ཡུལ་གངས་རིས་བསྐོར་བའི་གཞོན་ནུ་དག།
སྐྱབས་བླ་མའི་ཐུགས་རེ་སེམས་ལ་བཟུང་།།
རང་གཅེས་འཛིན་སྤོང་ནས་སྤྱི་སེམས་སྒྲུབ།།
མི་བཟང་པོ་བྱོས་ཤིག་གངས་ཕྲུག་ཚོ།།
རྒས་སྐྲ་དཀར་རྣམས་ལ་གུས་ཞབས་དང་།།
ཆུང་སོ་དཀར་རྣམས་ལ་བྱམས་ཀྱིས་སྐྱོངས།།
དུས་ཀུན་ཏུ་སུ་དང་འགྲོགས་པའི་ཚེ།།
རང་དམའ་སར་བཟུང་ནས་བྱ་བ་རྩོམ།།
སྤྱིར་རྒྱུན་གཏན་དུ་མི་བཟང་པོ་བྱེད་རྒྱུ་ནི་གལ་ཆེན་པོ་ཞིག་ཆགས་ཀྱིས་འདུག གང་ཡིན་ཟེར་ན་ཕན་ཚུན་འཆམ་མཐུན་དང་གཞན་ཕན་གྱི་བསམ་བློ་ནི་མི་བཟང་པོ་ཞིག་བྱས་ན་འགྲུབ་ཀྱི་རེད། དེ་ཡང་གླིང་འདིར་མི་སུ་ཞིག་ཡིན་རུང་ཕན་ཚུན་འཆམ་མཐུན་ངང་འདུན་མི་འདོད་མཁན་སུ་ཡོད། ད་དུང་ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་རང་ཉིད་ཕ་ཡུལ་དེ་རྒྱ་དམར་པོས་འཕྲོག་པ་དང་། གལ་ཏེ་ང་ཚོས་བཟང་པོ་མ་བྱས་ན། བོད་མི་རིགས་ལ་ལྡན་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཏེ། བཟང་སྤྱོད་དེ་བརླག་ངེས་ཡིན། ཁྱད་ཆོས་དེ་ཚོ་རིམ་གྱི་མེད་པར་འགྱུར་ན། རིམ་གྱིས་བོད་པ་དང་། བོད་མི་རིགས་ཟེར་བ་དེ་བརླག་ངེས་ཡིན། བྱས་ཙང་ང་ཚོ་བོད་མི་བཟང་པོ་ཞིག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཡང་བོད་མི་ཡག་པོ་ལབ་ན་སེམས་པ་བཟང་པོ་གཅིག་པུ་ལ་མི་གོ་བར་བསམ་བློ་ཡག་པོ་གཏོང་མཁན་ལའང་གོ་དགོས། བསམ་བློ་ཡག་པོ་རེ་བཏང་ཤེས་ན། གནས་སྟངས་ཅི་འདྲ་ཞིག་ལྷག་རུང་རང་ཉིད་དེ་ནས་མགྱོགས་མྱུར་ཐར་ཐུབ་ཀྱི་ཡོད། ད་དུང་བསམ་བློ་དེ་ཡང་གཞན་ཕན་གྱི་བསམ་བློ་རྩེར་བཟུང་ནས་བཏང་ཚེ། གླིང་འདིའི་མི་མཆོག་ཏུ་གྱུར་བ་ཞིག་ཆགས་ངེས་པར་མ་ཟད། རང་ཉིད་ཀྱི་ཕ་མ་དང་མི་རིགས་འདིའི་རྒྱན་ཆ་ཡག་ཤོས་དེ་ཡིན་པས། བརྩེ་བའི་སློབ་གྲོགས་ཆུང་ཆུང་ཚོས་རང་ཉིད་དང་མི་རིགས་ལ་བསམ་བློ་བཏང་སྟེ་བོད་མི་ཡག་པོ་ཞིག་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པར་མ་ཟད། ༸གོང་ས་མཆོག་གིས་ཀྱང་ང་ཚོ་བོད་མི་ཚོ་མི་ཡག་པོ་ཞིག་དང་ལྷག་པར་བོད་མི་ཡག་པོ་ཞིག་ཡོང་བར་ཐུགས་རེ་གནང་གི་ཡོད་པ་རེད། བྱས་ཙང་། ང་ཚོས་ཁོང་ཉིད་ཀྱི་ཐུགས་རེ་དེ་ཆུད་ཟོས་སུ་བཏང་ན་ག་ལ་འགྲིག་གམ།
གཉིས་པ། བོད་མི་ཤེས་ཡོན་ཅན་ཞིག་ཡོང་བར་ཐུགས་རེ་ཡོད་པ།
ཡུལ་གངས་རིས་བསྐོར་བའི་གཞོན་ནུ་དག།
སྐྱབས་བླ་མའི་ཐུགས་རེ་སེམས་ལ་བཟུང་།།
དེང་ཤེས་ཡོན་ཚན་རིག་གནས་ལ་བརྩོན། །
གནའ་རང་གི་རིག་གཞུང་སྲུང་སྐྱོབ་གྱིས།།
གནའ་མེས་པོས་བཞག་པའི་རིག་གཞུང་དང་།།
དེང་དུས་ཀྱི་ཤེས་ཡོན་ལག་རྩལ་དག།
མི་ང་ཚོས་ལེགས་པར་སྦྱངས་ནས་ནི།།
དུས་གནའ་དེང་ཤེས་ཡོན་ཟུང་འབྲེལ་གྱིས།།
དེང་དུས་སྤྱི་ཚོགས་ཡར་རྒྱས་འགྲོ་བཞིན་པའི་གནས་སྐབས་འདི་ལ་ཤེས་ཡོན་དགོས་རྒྱུ་དེ་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཆགས་ཡོད། དེང་སང་སྤྱི་ཚོགས་ནང་ཤེས་ཡོན་མེད་མཁན་ནི་སྔར་དང་རྩིས་ན་བརྒྱ་ཆ་ཧ་ཅང་གི་ཉུང་བ་ཡོད། དེར་བརྟེན་ང་ཚོ་བོད་མི་ལ་མཚོན་ན་ད་ལྟའི་འཆར་ཕ་ཡུལ་མེད་དུས་བཙན་བྱོལ་ལ་གནས་ཡོད་སྟབས་ཤེས་ཡོན་དགོས་རྒྱུ་དེ་གལ་གནས་ཆེན་པོ་ཡིན། ཤེས་ཡོན་དེ་ཡང་ཚན་རིག་དང་ཨང་རྩིས་ནི་དེང་དུས་སྤྱི་ཚོགས་ལ་དགོས་མཁོ་ཆེ་བ་དང་ང་ཚོ་བོད་པ་རྣམས་རྗེས་ལུས་མ་ཐེབས་པའི་ཆེད་དེང་དུས་ཤེས་ཡོན་དེ་ཚོ་སྦྱངས་རྒྱུ་གལ་ཆེན་པོ་ཡིན། ང་རང་ཚོ་མི་རིགས་གཞན་དང་ལྷན་དུ་དཔུང་པ་མཉམ་སྦྲེལ་གྱི་ཐོག་སླེབས་ཆེད་གཞན་ལས་ལྷག་པའི་སློབ་ལ་འབད་དགོས། དེང་དུས་སྤྱི་ཚོགས་ལ་མཁོ་བའི་ཤེས་ཡོན་དགོས་པ་དེ། ཨ་ཅང་ཅང་། ཡིན་ཡང་གནའ་རབས་ཀྱི་ང་ཚོ་བོད་མིའི་གོམས་སྲོལ་དང་རིགས་གཞུང་མི་ནུབ་པའི་ཆེད་བོད་ཀྱི་སྐད་དང་ཡི་གེ་ལ་ཧུར་ཐག་བྱས་ཏེ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ང་ཚོས་མ་བྱས་ན་སུས་བྱེད། བྱས་ཙང་ང་ཚོ་བོད་པ་ཚོས་གནའ་དེང་ཟུང་འབྲེལ་གྱི་ཐོག་བོད་མི་ཤེས་ཡོན་ཅན་ཞིག་ཆགས་དགོས།
གསུམ་པ། འགོ་འཁྲིད་བཟང་པོ་ཞིག་ཡོང་བར་ཐུགས་རེ་ཡོད་པ།
ཡུལ་གངས་རི་བསྐོར་བའི་གཞོན་ནུ་དག།
སྐྱབས་བླ་མའི་ཐུགས་རེ་སེམས་ལ་བཟུང་།།
རང་འགོ་འཁྲིད་བཟང་པོ་བྱས་པའི་ཚེ།།
མགོན་གོང་ས་མཆོག་གི་ཐུགས་རེ་སྒྲུབ།།
ཆུང་དང་པོ་སློབ་གྲྭའི་སྡིངས་ཆ་ལས།།
འགན་གང་ཐུབ་འཁུར་ནས་བྱ་བ་རྩོམས།།
དུས་རིམ་གྱིས་ནང་དང་སྤྱི་ཚོགས་ཡི།།
འགན་དེ་འདྲ་འཁུར་ན་འགོ་འཁྲིད་བཟང་།།
ཤེས་ཡོན་ཅན་དང་མི་བཟང་པོ་དེ་བདག་ཉིད་གཅིག་འབྲེལ་ཐོག་སླེབས་ཚེ། མི་དེ་འགོ་འཁྲིད་བཟང་པོ་ཞིག་ཆགས་རྒྱུ་ནི་གཏན་འཁེལ་བ་རེད། ཡིན་ནའང། འགོ་འཁྲིད་ཟེར་བ་དེ་གནམ་ནས་ལྷུང་རྒྱུ་ཞིག་མིན་པས། བརྩེ་བའི་སློབ་གྲོགས་ཆུང་ཆུང་ཚོས་དང་པོ་སློབ་གྲྭ་ནང་གི་འགན་འཁུར་རམ་འགོ་འཁྲིད་ཆུང་ཆུང་ནས་འགོ་བཙུགས་ཏེ་སྦྱངས་དགོས་པ་ཞིག་ཡིན་དུས། སློབ་གྲྭའི་སྡིངས་ཆ་གང་མང་ལ་འཛུལ་ཞུགས་ཀྱིས་རང་ཉིད་ལ་སྦྱོང་བརྡར་གྱི་གོ་སྐབས་ལེན་དགོས་པ་དེ་གལ་ཆེན་པོ་རེད། དེ་ནས་འགོ་འཁྲིད་ཆུང་ཆུང་ནས་འགོ་བཙུགས་ཏེ། རང་ཉིད་ཀྱི་ནང་མིའི་འགོ་འཁྲིད་པ་དང་། ནང་མི་ཕན་ཚུན་འཆམ་མཐུན་ཡོད་ཚེ་ནང་མི་དེའི་འགོ་འཁྲིད་སུ་ཞིག་ཡིན་རུང་ནང་མི་འཆམ་པོ་བཟོས་ཐུབ་པས་འགོ་འཁྲིད་བཟང་པོ་ཞིག་ཡིན་པ་དེ་ནས་རྟོགས་ཐུབ་ཀྱིས་ཡོད། དེ་ནས་གོམ་པ་མདུན་སྤོ་ཏོག་ཙམ་སྤོས་པ་ན། སྤྱི་ཚོགས་ཀྱི་འགོ་འཁྲིད་དེ་ཡིན། རང་ཉིད་ནང་མི་འགོ་འཁྲིད་ཐུབ་ན་སྤྱི་ཚོགས་འགོ་འཁྲིད་རྒྱུ་དེ་དཀའ་བ་དེ་ཙམ་མེད། ཡིན་ཡང་སྤྱི་ཚོགས་ནང་སླེབས་དུས་མི་མི་འདྲ་བ་དང་ལྟ་བ་མི་འདྲ་བ་རེ་ཡོད་དུས། ཚང་མའི་བློ་དང་མཐུན་པའི་བྱ་བ་བརྩམས་རྒྱུ་དེ་གལ་ཆེན་པོ་ཡིན། སྤྱི་ཚོགས་ནང་སླེབས་དུས་སོ་སོ་གཅིག་པུའི་བསྐོར་བསམ་བློ་མ་བཏང་བར་གཞན་ལ་ཕན་པའི་བསམ་བློ་མང་བ་བཏང་དགོས། དེ་ནས་རིམ་གྱི་མི་རིགས་དང་གླིང་འདིའི་འགོ་འཁྲིད་མགྱོགས་མྱུར་ཆགས་ཀྱིས་རེད།
ཡུལ་གངས་རི་མགོན་པོ་སྤྱན་རས་གཟིགས།།
མགོན་སྐྱབས་མགོན་བསྟན་འཛིན་རྒྱ་མཚོ་མཆོག།
སྐུ་མི་ནུབ་ཚེ་ལྷའི་ངོ་བོ་བརྟན།།
དེ་བོད་ཕྲུག་བདག་གིས་སྐྱབས་ཞུ་ཡིན།།
དེ་རིང་ངས་བྲིས་པའི་དོན་ཚན་གསུམ། གོང་ས་མཆོག་གི་བོད་ཕྲུག་ལ་བཅངས་པའི་ཐུགས་རེ་དེ་རྡོ་ལ་རི་མོ་བཀོད་པ་བཞིན། སེམས་ལ་འཇོག་པའི་རེ་བ་དང་བཅས་དེ་རིང་ངས་རྩོམ་འདི་འདི་ག་རང་ལ་འཇོག་རྒྱུ་ཡིན། བཀའ་དྲིན་ཆེ།

ད་བར་དཔྱད་མཆན་མེད།