རི་དྭགས་རྔོན་པ། གད་མོ་སློང་བ། ཐབས་ཤེས་བཏོན་པ། ཁ་གཏད་པ། མེ་མདའ་བརྒྱབ་པ། དུ་བ་འཕྱུར་བ། མེ་ལྕེ་འབར་བ། ཁོང་ཁྲོ་ལངས་པ། བླ་ཆད་པ། ཁ་རྡུང་བཏང་བ། ཞིབ་ལྟ་བྱེད་པ། དགོངས་པ་འཚོམས་པ།
བགྲེས་སོང་དཔལ་འབྱོར་ཁོང་དུས་རྒྱུན་རི་དྭགས་རྔོན་རྒྱུར་ཧ་ཅང་དགའ་པོ་ཡོད། འོན་ཀྱང་ཁོང་གི་སྤྱན་གསལ་པོ་མེད་སྟབས། མི་དང་དོམ་ནོར་ནས་ཐེངས་ཁ་ཤས་ལ་མི་གསོད་གྲབས་བྱས། དེར་བརྟེན་ཁོང་གི་གྲོགས་པོ་རྣམས་ཁོང་དང་མཉམ་དུ་རི་དྭགས་རྒྱག་ཏུ་འགྲོ་སྐབས་རྟག་པར་ཞེད་སྣང་དང་དོགས་ཟོན་ཆེན་པོ་བྱེད་དགོས་ཀྱི་ཡོད།
ཉིན་ཞིག་གྲོགས་པོ་ལོ་གཞོན་ཞིག་གིས་ཁོང་ལ་གད་མོ་སློང་དགོས་སྙམ་ནས། ཤོག་བུ་དཀར་པོ་ཆེན་པོ་ཞིག་གི་སྟེང་དུ་ང་དོམ་མིན། (I AM NOT A BEAR )ཞེས་པའི་ཡི་གེ་ཆེ་ཐག་ཆོད་ཅིག་བྲིས་ནས། རང་ཉིད་ཀྱི་སྒལ་པའི་རྒྱབ་ཏུ་སྦྱར་ཏེ་ཕྱིན་པས། གྲོགས་པོ་གཞན་ཚོས་དེ་མཐོང་མ་ཐག་གད་མོས་མིག་ཆུའང་མི་འཚོག་པར་གྱུར། ཐབས་ཤེས་དེ་ལྟ་བུ་ཞིག་བཏོན་ནའང་གཞོན་ནུ་དེ་ག་ལ་སྲུང་ཐུབ། མི་རིང་བར་བགྲེས་སོང་དཔལ་འབྱོར་གྱིས་གཞོན་ནུ་དེར་ཁ་གཏད་ནས་མེ་མདའ་ཞིག་བརྒྱབ་བྱུང་བས། གཞོན་ནུ་དེའི་ཞྭ་མོར་ཐེབས་ཏེ་དུ་བ་འཕྱུར་རེ་ཕར་ཙམ་ལ་གཏོར་བྱུང་བས། གཞོན་ནུ་ཁོང་ནི་དངངས་སྐྲག་གིས་བླ་ཆད་གྲབས་བྱས་པ་དང་ལྷན་ཁོང་ཁྲོའི་མེ་ལྕེ་རབ་ཏུ་འབར་ཏེ་ “ཁྱོད་ཀྱིས་ཡི་གེ་འདི་མཐོང་མ་བྱུང་ངམ་” ཞེས་སྐད་ཤུགས་ཆེན་པོས་བགྲེས་སོང་ཁོང་ལ་ཁ་རྡུང་བཏང་བས། བགྲེས་སོང་དཔལ་འབྱོར་གྱིས་ “ངས་མཐོང་བྱུང་” ཞེས་བཤད་ནས་ཚུར་ཉེ་སར་བཅར་ཏེ་ཡི་གེ་དེར་ཞིབ་ལྟ་བྱས་རྗེས་ “འོ་ཙི། དགོངས་པ་གཏན་ནས་མ་འཚོམས། ངས་མིན་(NOT) ཞེས་པའི་ཡིག་འབྲུ་འདི་མཐོང་མ་བྱུང་” ཞེས་བཤད་དོ།