བློ་བཟང་ཀུན་བཟང་། འཛིན་གྲྭ་བཅུ་པ། རྫོང་ཆོས་འབྲིང་རིམ་སློབ་གྲྭ།
སློབ་བུ་ང་ནི་བོད་བཙན་པོའི་གདོང་དམར་ཚང་གི་མི་རྒྱུད་ནས་མཆེད་པའི་བོད་རིགས་རྩམ་གཟན་པ་ཞིག་ཡིན་ནའང། རང་ཉིད་ཀྱི་ཕ་ཡུལ་མིག་གིས་ཡུད་ཙམ་ཡང་རིག་མ་མྱོང་བའི་རྒྱལ་ཁབ་དགྲ་ལག་ཏུ་ཤོར་ཟིན་པའི་བོད་ཕྲུག་ཅིག་ཡིན་ཀྱང་། ངས་མི་ཡུལ་གྱི་ས་མཐའ་ནས་རྒྱང་རིང་གི་ཕ་ཡུལ་དང་མི་རིགས་ཀྱི་དཀའ་སྡུག་རྣམས་ཡང་ནས་ཡང་དུ་སེམས་ནང་དྲན་གྱིན་རང་ཉིད་བོད་རིགས་ཞིག་ཡིན་པའི་ཆ་ནས་བོད་ཡིག་སྦྱོང་དགོས་པ་ནི་ངའི་ཕྲག་ཏུ་བབས་པའི་ལས་འགན་གཙོ་བོ་ཞིག་ཡིན་སྙམ་པ་སེམས་ནང་དྲན་གྱི་ཡོད།
འཛམ་བུ་གླིང་འདིའི་ཐོག་རྒྱལ་ཁབ་དང་མི་རིགས་ཤིག་ལ་ཆ་མཚོན་ན་སྐད་དང་ཡི་གེ་ནི་མེད་དུ་མི་རུང་བ་དང་སྲོག་རྩ་ལྟ་བུ་ཡིན། རྒྱལ་ཁབ་ཅིགགི་མི་རིགས་དེ་ཡུན་རིང་གནས་དང་མ་གནས་དེ་དེའི་སྐད་ཡིག་གསོན་པོར་གནས་མ་གནས་ལ་ཐུག་ཡོད། མིའི་སྤྱི་ཚོགས་ནང་སྐད་དང་ཡི་གེ་དེ་འཕེལ་རྒྱས་བྱུང་མེད་ན་ད་ལྟའི་འཆར་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་གོ་རྟོགས། ཚན་རྩལ་རིག་གནས་ལ་སོགས་པ་གོང་མཐོར་ཕྱིན་པ་དེ་ཧ་ཅང་ཡོང་མི་སྲིད་པ་ཞིག་ཡིན། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས། ཡི་གེ་ཡོད་པའི་མི་རིགས་རྣམས་རང་ཉིད་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གཞུང་བཅས་ཀྱི་འཕེལ་རྒྱས་འགྲོ་བའི་མྱུར་ཚད་མགྱོགས་པ་དང་། ཡི་གེ་མེད་པའི་མི་རྣམས་དེ་ལས་ལྡོག་སྟེ་རྗེས་ལུས་ཐེབས་ཀྱི་ཡོད། ཅེས་གསུངས་པ་ལྟར། འཇིག་རྟེན་འདིའི་རྒྱལ་ཁབ་དང་མི་རིགས་ཤིག་ལོ་རྒྱུས་ཐོག་ཡུན་རིང་གནས་དགོས་ན་དཔང་རྟགས་ཡག་ཤོས་དེ་སྐད་དང་ཡི་གེའི་ལམ་ནས་ར་སྤྲོད་ཐུབ་པ་མ་ཟད་སྲིད་འབྱོར་རིག་གསུམ་ཡང་གོང་འཕེལ་དེ་ལ་བརྟེན་ནས་འགྲོ་ཐུབ། དེ་མིན་མི་རིགས་ཤིག་རྩ་མེད་གཏོང་དགོས་ན་སྔོན་ལ་སྐད་ཡིག་དེ་མེད་པར་བཟོས་ན་མི་རིགས་དེ་རང་བཞིན་གྱིས་བརླག་འགྲོ།
བྱེ་བྲག་བོད་གངས་ཅན་ལྗོངས་ཀྱི་སྐད་ཡིག་ལ་ཆ་མཚོན་ན་མི་ལོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་བོད་མི་རིགས་ཀྱི་སྲོག་རྩ་ཡིན། ལྷག་པར་ནང་པ་སངས་རྒྱས་པའི་ལྟ་གྲུབ་དེ་སྐད་ཡིག་གཞན་ལ་ཟབ་ཅིང་རྒྱས་པ་ཞིག་ཧ་ལམ་མཇལ་རྒྱུ་མེད། བོད་ཀྱི་སྐད་ཡིག་གི་ལམ་ནས་འཛམ་གླིང་ཞི་བདེ་ཡོང་བ་ལ་ཞབས་འདེགས་རླབས་ཆེན་ཞིག་བསྒྲུབ་ཐུབ། བོད་མིའི་ཆོས་དང་རིག་གཞུང་། ངོ་བོ་སོགས་བོད་ཀྱི་སྐད་ཡིག་ལ་ཐུག་ཡོད། ད་ལྟའི་ཆར་ང་ཚོ་བོད་མི་རིགས་ཀྱི་སྐད་ཡིག་དེ་གནས་བབ་ཉག་ཕྲ་བའི་དུས་ཤིག་ཏུ་སླེབས་ཡོད།
བོད་ནང་བཞུགས་པའི་བོད་མི་རྣམས་ནི་རྒྱ་ནག་གཞུང་གི་སྲིད་ཇུས་ངན་པའི་ལག་བསྟར་འོག་ཏུ་གནས་དགོས་དུས་རང་མི་རིགས་ཀྱི་སྐད་ཡིག་སྦྱོང་བར་རང་དབང་མེད་པ་དང་ཐ་ན་དགོན་སྡེ་དང་སློབ་གྲྭ་ཁག་ལ་ཡིན་ནའང་བོད་ཀྱི་སྐད་ཡིག་དེ་བསླབ་མི་ཆོག་པའི་དམ་དྲག་བྱེད་བཞིན་ཡོད། ཁོང་ཚོའི་དམིགས་ཡུལ་ལྟེ་བ་དེ་བོད་མི་རིགས་དེ་རྩ་མེད་དུ་གཏོང་རྒྱུའི་ཐོག་ལ་སྲིད་ཇུས་དེ་འདྲ་ཞིག་བེད་སྤྱོད་བཞིན་ཡོད།
བཙན་བྱོལ་དུ་གནས་པའི་བོད་མིར་མཚོན་ན་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་འཚོ་བའི་མཐུན་རྐྱེན་སོགས་གང་ཅིའི་ཐད་ནས་བཟང་པོ་ཞིག་ཡོད་ནའང་ད་དུང་ཡང་བོད་མི་རིགས་ཀྱི་རྩ་དོན་དང་སྐད་ཡིག་རིག་གཞུང་སོགས་ཉམས་རྒུད་དུ་སོང་བའི་རྣམ་པ་ཞིག་མཐོང་ཡོང་གི་འདུག དེ་ལ་བཙན་བྱོལ་བོད་གཞུང་ནས་སྐད་ཡིག་གི་ལས་འགུལ་སྤེལ་རྒྱུ་དང་ཁྱིམ་ཚང་སོ་སོའི་ཕ་མ་རྣམས་ནས་བུ་ཕྲུག་ལ་རང་ཉིད་བོད་རིགས་ཤིག་ཡིན་པར་ངོས་འཛིན་དང་ལས་འགན། བོད་རྒྱལ་ཁབ་ལ་ཤ་ཞེན་དགོས་ལུགས་སོགས་ཁ་ཏ་བསླབ་བྱ་གནང་དགོས་མ་ཟད་ཁྱིམ་ཚང་ནང་དང་མི་རིགས་ཕན་ཚུན་དབར་འབྲེལ་བ་དང་བཀའ་མོལ་གནང་སྐབས་བོད་ཀྱི་སྐད་ཡིག་དེ་བཀོལ་སྤྱོད་གནང་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་དུ་སྣང་། ༸པཎ་ཆེན་མཆོག་སྐུ་ཕྲེང་བཅུ་པ་མཆོག་གིས་བོད་ཡིག་བེད་སྤྱོད་གཏོང་རྒྱུ་འདི་བོད་རྒྱ་ཆེའི་མི་མང་ལ་ཕན་ཐོགས་ཡོད་པ་དངོས་ཡོད་གནས་ཚུལ་གསལ་པོ་ཆགས་མི་འདུག་གམ། བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་གཏོང་རྒྱུའི་གནད་དོན་འདི་ནི་ཆུང་ཆུང་ཞིག་གཏན་ནས་མིན། དེ་བཞིན་ཁོང་གིས། ང་རང་གིས་རྒྱ་སྐད་བཤད་ཤེས་པ་འདི་ང་རང་གི་འཇོན་ཐང་དང་ཡོན་ཏན་རེད། གལ་སྲིད་ངས་མ་ཤེས་པ་ཡིན་ནའང་ངོ་ཚ་དགོས་དོན་མེད། འོན་ཀྱང་གལ་སྲིད་ང་རང་གིས་བོད་སྐད་དང་བོད་ཡིག་མ་ཤེས་པ་ཡིན་ན། དེ་ནི་ང་རང་གི་ཞབས་འདྲེན་ཡིན་པས་ངོ་ཚ་དགོས་པ་ཞིག་རེད། ཅེས་གསུངས་པ་བཞིན་རེད།
གལ་ཏེ་དེ་ལས་ལྡོག་སྟེ་སྐད་ཡིག་གཞན་ཞིག་དང་བསྲེས་ནས་ར་མ་ལུག་གི་སྐད་ལྟ་བུར་མཉམ་བསྲེས་བྱས་ནས་སྨྲས་ན། མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱིས། བོད་ཀྱི་ཕལ་སྐད་ཤེས་པ་གཞིར་བཞག་གིས་སྐད་རིགས་གཞན་ཤེས་ན་ཡོན་ཏན་ཡིན་གྱི་བོད་མིས་བོད་སྐད་མི་ཤེས་བཞིན་སྐད་རིགས་གཞན་ཞིག་སྨྲ་ཁུལ་བྱས་ན་ཁྲེལ་དགོད་བྱེད་མཁན་མ་གཏོགས་བསྔགས་བརྗོད་བྱེད་མཁན་ཞིག་འཛམ་གླིང་ཁྲོད་ན་ཡོད་ཚོད་མི་འདུག་པའི་ཕྱིར་རོ། ། ཞེས་གསུངས་པ་ལྟར་རང་མི་རིགས་ཀྱི་སྐད་ཡིག་སྟོང་འགྲོ་ན། རྒྱལ་ཁབ་དང་མི་རིགས་ཆེད་དུ་མ་གཏོར་ཀྱང་འཐོར་འགྲོ་ངེས། ༸གོང་ས་མཆོག་གིས། བོད་ཡིག་བོད་པས་མ་སྦྱངས་ན་སུས་སྦྱོང་། བོད་ཡིག་ལ་བོད་པས་བདག་པོ་མ་བརྒྱབ་ན་སུས་རྒྱག་ཟེར་བ་ལྟར་བཙན་བྱོལ་དུ་གནས་པའི་བོད་མི་དང་རང་མི་རིགས་ཀྱི་སྐད་ཡིག་ལ་དོ་སྣང་དང་སྲུང་སྐྱོབ་ངེས་པར་དུ་བྱེད་དགོས།
སློབ་བུ་རང་ཉིད་འཇིག་རྟེན་ནང་ནམ་གསོན་པའི་རིང་དུ་བོད་མི་རིགས་ལ་ཞབས་འདེགས་དང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཀྱི་དགོངས་བཞེད་བསྒྲུབ་རྒྱུ་དང་། དུས་རྒྱུན་དུ་ནས་སེམས་ནང་རང་ཉིད་བོད་རིགས་ཤིག་ཡིན་པར་སྤོབས་པ་དང་བོད་ཡིག་སྦྱོང་བ་དེ་ངས་བོད་མི་རིགས་ལ་ཞབས་འདེགས་དང་ལས་འགན་ཞིག་སྒྲུབ་བཞིན་ཡོད་སེམས་ཀྱིན་ཡོད། ༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས། ཁྱེད་ཅག་གིས་ངའི་འདྲ་པར་ལྷ་ཁང་དང་མཆོད་ཁང་དུ་བཤམས་ཏེ་དད་པ་ཡོད་མདོག་གིས་ཕྱག་འབུལ་དང་སྤོས་སོགས་ཀྱིས་བདུག་པ་ལས་ངའི་ཁར་ཉན་ནས་བོད་ཡིག་སྦྱོངས། ཞེས་པའི་ཞལ་གདམས་སྙིང་ལ་བཅང་དགོས་པ་མ་ཡིན་ནམ།
བོད་ཀྱི་ཆོས་དང་རིག་གཞུང་། སྲིད་འབྱོར་རིག་གསུམ་གོང་འཕེལ་དུ་འགྲོ་དགོས་ན་ད་ལྟ་བཀོལ་སྤྱོད་གནང་བཞིན་པའི་རང་མི་རིགས་ཀྱི་སྐད་ཡིག་དེ་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་དེ་ཆགས་ཡོད། བོད་ཀྱི་སྐད་ཡིག་དེ་གངས་ཅན་པ་ཡོངས་ཀྱི་འགན་བཞེས་ཏེ་བདག་གཅེས་གནང་དགོས་པ་མ་གཏོགས། དེ་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ། སྒེར་པ། དགོན་སྡེ་ཁག་གི་གྲྭ་བཙུན། སློབ་གྲྭ་ཁག་གི་སློབ་ཕྲུག་གཅིག་པུས་སྦྱོང་བར་མིན་པར་བོད་རིགས་རྩམ་གཟན་པ་ཡོངས་ཀྱིས་དོ་ཁུར་གནང་ན་བོད་ཀྱི་བདེན་མཐའ་གསལ་བར་ཡང་ཕན་ཐོགས་ཐུབ།
ལྷག་པར་བཙན་བྱོལ་དང་ཕྱི་རྒྱལ་ཁག་ཏུ་གནས་བཅའ་བའི་མི་རབས་གཞོན་པ་རྣམས་ལ་བོད་ཀྱི་སྐད་དང་ཡི་གིའི་ལམ་ནས་ཤེས་ཡོན་སློབ་གསོ་སྤྲོད་རྒྱུ་དེ་གལ་ཆེར་སྣང་།
འཛམ་བུ་གླིང་འདིའི་ཐོག་རྒྱལ་ཁབ་ཅིག་སྲིད་འབྱོར་རིག་གསུམ་གྱི་ལམ་ནས་འབུར་དུ་ཐོན་དགོས་ན་སྐད་ཡིག་དར་འཕེལ་གཏོང་རྒྱུ་ལས་མ་མཆིས། དེ་ལྟར་ཡང་། བཤད་སྒྲུབ་བསྟན་པའི་རྒྱལ་མཚན་གྱིས་ང་ཚོས་ངེས་པར་དུ་རང་གི་སྐད་ཡིག་འདི་རྐང་རྩ་བྱས་ནས། རིག་གནས་ཡོད་ཚད་སྦྱོང་བར་བྱེད་པ་དང་། མི་རིགས་འདིའི་སྲིད་འབྱོར་རིག་གསུམ་གོང་འཕེལ་དུ་འགྲོ་ཐུབ་པ་ཞིག་རེད། ཅེས་པ་དེ་བཞིན་རང་ཅག་བོད་མི་རིགས་རྣམས་ཀྱིས་བོད་ཀྱི་སྐད་དང་ཡི་གེ་དེ་གལ་འགངས་ཇི་ཙམ་ཆེ་མིན་རྟོགས་པའི་ཐོག་ནས་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་གནང་རྒྱུ་དེ་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་ཡིན།
མདོར་ན། བོད་མི་རིགས་ཀྱི་སྐད་ཡིག་དེ་དུས་ཡུན་ཇི་ཙམ་དུ་གསོན་པའི་རིང་དེ་སྲིད་དུ་བོད་མི་རིགས་ཞེས་པ་དེ་འཇིག་རྟེན་འདིའི་ཐོག་གསོན་པོར་གནས་ཐུབ། བོད་རྒྱལ་ལོ། ། བོད་ཀྱི་སྐད་ཡིག་རྒྱལ་ལོ། །

ད་བར་དཔྱད་མཆན་མེད།