བསྟན་འཛིན་དབྱངས་སྒྲོན།
འཛིན་གྲྭ་དགུ་པ། གུ་རུ་པུ་ར་སཾ་བྷོ་ཊ་ཉིན་སློབ།

ཚ་གདུང་ཤིན་ཏུ་ཆེ་བའི་དབྱར་ཁའི་གུང་གསེང་ཉིན་ཞིག་གི་ཞོགས་པར་ང་རང་དྲོ་སོབ་སོབ་ཀྱི་མལ་ལས་ལངས་ཏེ་དེ་རིང་གུང་གསེང་ཡིན་པས་ཨ་མའི་ལས་ཚེགས་ལེན་དགོས་བསམས་ཀྱང། གློ་བུར་དུ་བདག་ལ་རྩོམ་ཡིག་ཅིག་འབྲི་རྒྱུའི་འདུན་པ་དྲག་པོ་ཞིག་སྐྱེས་ཏེ་ཉལ་ཁང་གི་ཕྱོགས་སུ་བྱ་འཕུར་བ་ལྟར་རྒྱུགས་པ་ཡིན། ངས་ལམ་སེང་དཀར་གཙང་ཤོག་བུའི་སྟེང་སྨྱུ་གུ་ཞིག་བཟུང་སྟེ། ཉ་མོ་འཁྱུག་བགྲོད་བྱེད་པ་བཞིན་སྨྱུག་རྩེ་སྒུལ་འགོ་བརྩམས་པ་ཡིན། སྤྱིར་བུ་མོ་ང་ནི་རྒྱ་གར་འཕགས་པའི་ཡུལ་དུ་འཚར་ལོངས་བྱུང་བའི་བཙན་བྱོལ་མི་རབས་གསར་པ་ཞིག་ཡིན་ཀྱང་རྒྱ་གར་ནི་ངའི་གནས་ཚང་དང་ཕ་ཡུལ་གཉིས་པ་ལྟར་ཡིན་ཞིང་བོད་ནི་བདག་གི་ཕ་ཡུལ་ངོ་མ་དེ་ཡིན། ཕ་ཡུལ་བོད་ནི་བདག་གི་མེས་པོ་གོང་མ་རྣམས་ཀྱི་བཀའ་དྲིན་གཞལ་ཟླ་བྲལ་བའི་གྲིབ་བསིལ་གྱི་འོག་ནས་བོད་ཀྱི་ཆོས་དང་རིག་གཞུང་མི་རབས་དག་གིས་མི་ཉམས་རྒྱུན་གནས་ཐུབ་པའི་འབད་བརྩོན་གནང་ཡོད་པ་དང། དེ་དག་སློབ་སྦྱོང་དང་རིག་པས་རྩོད་སའི་གནས་ཆེན་གཙུག་ལག་ཁང་དེ་དག་ད་ལྟ་འང་མངོན་སུམ་དུ་མཇལ་རྒྱུ་ཡོད་པ་དཔེ་དེབ་དང་དྲྭ་རྒྱ། ཞལ་རྒྱུན་སོགས་ལས་མང་དུ་ཐོས་པར་བརྟེན་ནས་གནས་ཆེན་དག་མཇལ་དུ་འགྲོ་རྒྱུའི་འདུན་པ་ནི་རྦ་རླབས་ལྟར་དྲག་ཏུ་ཕྱུར། བོད་ཀྱི་ལྟ་ན་སྡུག་པའི་ལྷ་ཡུལ་ལྟ་བུའི་ཡུལ་ལྗོངས་དང། ནང་པའི་ཆོས་དང་རིག་གནས་དེ་དག་རྒྱལ་ཁབ་གཞན་དང་ཚན་རིག་ལ་མེད་དུ་མི་རུང་བ་ཞིག་ཡིན། ད་དུང་བོད་ཀྱི་རང་དབང་སླར་གསོ་དེ་བོད་མི་རིགས་ལ་ཕན་ཐོགས་ཡོད་པ་མ་ཟད་མི་རིགས་གཞན་ལ་ཡང་ཕན་ཐོགས་ཆེན་པོ་ཡོད། གང་ཡིན་ཟེར་ན་ནང་པའི་ཆོས་ནི་ཚན་རིག་པ་དང་དཔུང་པ་མཉམ་གཤིབ་ཀྱིས་འགྲོ་ཐུབ་མཁན་གྱི་ཆོས་ལུགས་ཁོ་ན་དེ་ཡིན།

བོད་ཀྱི་ནང་པའི་ཆོས་ལུགས་ནི་རྒྱལ་ཁབ་གཞན་གྱི་སློབ་ཆེན་དེ་དག་གི་བསླབ་བཞིར་གྱུར་པའི་ནང་སེམས་ཀྱི་འགྲོ་སྟངས་འཛམ་གླིང་མཁས་དབང་དག་གི་འགྲམ་ཆུ་ལྡང་ས་ཞིག་ཡིན། བོད་ནི་མཐའ་ཚང་མ་རི་རྒྱུད་སྟོབས་ལྡན་གྱིས་བསྐོར་ཡོད་པ་དང་གཏེར་ཆུ། སྨན་རྩ། གཏེར་ཁ་ཕུན་སུམ་ཚོགས་པའི་ཡུལ་ཞིག་ཡིན། བོད་ནི་ཨེ་ཤེ་ཡའི་ནང་དུ་ཆགས་ཡོད་པ་དང་ཕྱིའི་རྒྱལ་ཁབ་མང་པོ་ཞིག་གི་ཆུའི་བང་མཛོད་ཀྱང་ཡིན། བོད་ཀྱི་རླུང་ཁམས་ནི་ཤིན་ཏུ་སྲབ་པས་གནམ་གཤིས་གྲང་ངར་ཤིན་ཏུ་ཆེ་ཡང་ཡུལ་ལྗོངས་ནི་ལྟ་ན་སྡུག་པ་རྒྱལ་པོའི་སྐྱེད་མོས་ཚལ་དང་འདྲ་ལ། རྩྭ་ཐང་དུ་རྟ་ནོར་དང་སྒོ་ཕྱུགས་སེམས་ཅན་སོགས་དང་ལྷན་དུ་འཚོ་བ་རོལ་ཁན་གྱི་མི་རྣམས་ཀྱི་ཀུན་སྤྱོད་ནི་ཧ་ཅང་གི་བཟང་པོ་ཡོད་སྟབས་བཙན་བྱོལ་དུ་ཡོད་པའི་བོད་མི་ཡང་རང་རང་སོའི་ཕ་ཡུལ་དུ་འགྲོ་འདོདཡོད་པ་མ་ཟད་ཕྱིའི་རྒྱལ་ཁབ་ནས་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཞིག་བོད་དུ་ཡུལ་སྐོར་ལ་ཕེབས་ཀྱི་ཡོད། ཚ་དྲོད་ཤིན་ཏུ་ཆེ་བའི་རྒྱ་གར་དུ་འབྲས་དང་སྲན་རིགས་རྡལ་ཟ་བའི་སྐབས་རོ་བཅུད་ལྡན་པའི་རྩམ་པའི་དྲི་ཞིམ་སྣ་ལ་འཐུལ་དུས་རང་ཉིད་ཀྱི་ཕ་ཡུལ་ཡིད་ལ་ལྷང་ལྷང་དུ་དྲན། སྐབས་རེ་གསར་འགྱུར་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང། ཆོས་དད་རང་མོས་མེད་པའི་ཛ་དྲག་གི་གནས་སྟངས་དེ་དག་མིག་ལམ་དུ་འཆར་དུས། རང་ཉིད་བོད་ཕྲུག་ཅིག་ཡིན་པའི་ཆ་ནས་བོད་ནང་གདུང་སེམས་མཉམ་སྐྱེད་ཀྱི་ཚོར་སྣང་ཞིག་ངམ་ངམ་ཤུགས་ཀྱིས་སྐྱེ་ཞོར། རང་དགོས་ཤེས་ཡོན་ལ་འབད་པ་ཧུར་ལེན་གྱིས། ནར་སོན་རྗེས་མི་རིགས་ཀྱི་འཐབ་རྩོད་ཆེད་ཡོད་ཚད་འབུལ་འདོད་པའི་བསམ་བློའི་འགུལ་ཤུགས་ཤིག་སྐྱེས། རྗེས་ཕྱོགས་སུ་༧གོང་ས་མཆོག་བོད་དུ་ཕེབས་ཐུབ་པའི་སྨོན་ལམ་དང། རང་ཉིད་ཀྱང་ཕ་མེས་རྣམས་ལྟེ་ཁྲག་འཕོ་བའི་ཁ་བའི་ལྗོངས་ཀྱི་པང་དུ་ལོག་འདོད་ཆེན་པོ་ཡོད།།

བོད་མི་ས་ཡ་དྲུག་གི་ཕ་ཡུལ་དེ།།
རྒྱ་ནག་དམར་པོས་བཙན་བཟུང་བྱེད་སོང་བས།།
འདུན་པ་མེད་བཞིན་ཕ་ཡུལ་གཡུགས་དགོས་བྱུང་།།
ཉིན་ཞིག་ལྟེ་ཁྲག་འཕོ་སར་ལོག་རྒྱུ་ཡིན།།