བསྟན་འཛིན་རང་གྲོལ།
འཛིན་རིམ་དགུ་པ། གོ་པལ་པུར་བོད་ཁྱིམ་སློབ་གྲྭ།
སྒོ་ཕྱུགས་སེམས་ཅན་གསོ་སྐྱོང་བྱས་ཏེ་མི་ཚེ་སྐྱེལ་མཁན་ལ་འབྲོག་པ་ཟེར་ཞིང་། འབྲོག་པ་ནི་བོད་ས་སྟོད་སྨད་བར་གསུམ་ག་ས་ག་ལ་ཡོད། འབྲོག་པ་ནི་ས་ཆ་གཅིག་རང་ལ་གཏན་སྡོད་མི་བྱེད་པར་སྒོ་ཕྱུགས་སེམས་ཅན་ཤ་ཤེད་བཟང་པོ་དང་། དཀར་ཆུ་འོ་མ་བཟང་པོ་ཡོང་བའི་ཆེད་དུ། རྩྭ་ཆུ་གང་དུ་བཟང་བ་ཡོད་ན་དེའི་ས་ཆར་གནས་སྤོ་བྱས་ནས་འགྲོ་ཡི་ཡོད། དེ་ལ་ཚེར་ས་སྤོས་པའམ། སྐྱས་སྤོས་པ། རུ་སྤོ་བ་ཡང་ཟེར་གྱི་ཡོད། འབྲོག་པས་སྒོ་ཕྱུགས་སེམས་ཅན་གསོ་སྐྱོང་བྱེད་ཀྱི་ཡོད་ཅེས་གོང་དུ་བཤད་པ་བཞིན། འབྲོག་པས་གཡག་དང་འབྲི། རྟ། ར་ལུག་སོགས་གཅེས་ཉར་གྱིས་གསོ་སྐྱོང་བྱེད་པ་གང་ཞིག་ལ། སེམས་ཅན་དེ་ཚོར་ས་གནས་རྩ་ཆུ་བཟང་སར་འཚོ་སྐྱོང་བྱས་ནས་ཤ་ཤེད་རྒྱས་པོ་དང་། སྐྱེ་འཕེལ་བཟང་པོ་ཡོང་བ་བྱེད་ཀྱི་ཡོད། དེའི་རྒྱུ་མཚན་ནི་འབྲོག་པའི་འཚོ་རྟེན་གཙོ་བོ་དེ་རྟ་ནོར་ལུག་ཡིན་པས་རེད།
འབྲོག་པས་གཡག་གཅེས་ཉར་བྱས་ནས་ཁོ་ཚོར་རྩིད་པ་དང་། ཁུ་ལུ། པགས་པ་བཅས་ཡོང་གི་ཡོད། རྩིད་པ་དང་ཁུ་ལུ་ལས་སྦྲ་གུར་དང་། སླེའུ་འམ་ཕྱར་བ། ཐག་པ་སོགས་བཟོ་ཡི་ཡོད། ར་ལུག་གི་སྤུ་ཡིས་དྲོད་འཇམ་ལྡན་པའི་པགས་རྩག་དང་། བོད་བཟོ་སྟོད་ཐུང་། གོས་ཐུང་། ཕྱུ་པ་སོགས་བཟོ་ཡི་ཡོད། འབྲོག་པས་འབྲི་གཅེས་ཉར་བྱས་ནས་གཙོ་བོ་འོ་མ་དང་། འོ་མ་ལས་སྤྲི་དང་མར། ད་ར། ཕྱུ་ར་སོགས་བཟོ་ཡི་ཡོད། འབྲོག་པ་མང་ཆེ་བར་འདོགས་ཁྱི་ཆེན་པོ་དང་། ཞེད་སྣང་ཚ་བོ་དེ་འདྲ་མང་པོ་ཡོད། འདོགས་ཁྱི་གསོས་ནས་ཁེ་ཕན་ནི་སྒོ་ཕྱུགས་སེམས་ཅན་དེ་ཚོ་གཅན་གཟན་གཞན་ལས་སྲུང་སྐྱོབ་ཆེད་དང་། འབྲོག་པའི་སྦྲ་གུར་ནང་རྐུན་མ་དང་ཇག་པ་ལས་སྲུང་སྐྱོབ་ཆེད་དུ་ཡིན།
བོད་ཡུལ་ལྷ་ཡུལ་འདྲ་པ་དེའི་ཕྱིའི་བཀོད་པ་མཛེས་པ། ཕུ་ལ་གངས་རི་མཐོན་བོ་ནམ་མཁའི་ཀ་བ་དང་འདྲ་བ། གངས་དཀར་རྩེ་མོ་ནས་ཆུ་རྒྱུན་དྭངས་བསིལ་དལ་གྱིས་བབས་ནས་སྤང་ལྗོངས་དང་། རི་ཀླུང་ཁག་བརྒྱུད་རྒྱ་མཚོར་རྒྱུག། རྒྱ་མཚོ་དང་། མཚེའུ་གཡུ་ཡིས་མན་ཊལ་འདྲ་བ། གངས་རི་དཀར་པོ་དུང་གི་མཆོད་རྟེན་འདྲ་བ། ཨ་སྔོན་མཐོན་པོ་སྔོ་བསངས་དབྱིངས་སུ་སྤྲིན་དཀར་དལ་གྱིས་འཕྱུར། སྐབས་འགར་ཤིང་ནགས་སྟུགས་པོའི་ཁྲོད་ན་བུན་གྱིས་ཁྱབ་ནས་འདྲེན་བྱེད་དབང་པོ་ག་ཚོད་གསལ་ཡང་མོག་མོག་པོ་ཙམ་ལས་མི་མཐོང་། གཡས་གཡོན་སྤང་ལྗོངས་ཀྱི་སྟེང་ལ་རྩྭ་དང་མེ་ཏོག་ཁྲ་ཆིལ་ལེར་བཞད་པས་སྨན་རྩྭའི་མེ་ཏོག་གི་དྲི་བསངས་གང་སར་ཁྱབ། དེའི་སྟེང་དུ་འབྲོག་པ་ཕོ་གཞོན་མོ་གཞོན་གྱིས་སྙན་པའི་གླུ་དབྱངས་དང་བཅས་རྟ་ནོར་ལུག་རྣམས་ཞི་བདེ་བག་ཕེབས་ཀྱི་འཚོ་སྐྱོང་བྱེད། སྤང་རྩྭ་བཟས་ཤིང་གངས་ཆུ་འཐུང་ནས་གྲོད་པ་རྒྱགས་པའི་རྟ་ནོར་ལུག་རྣམས་ཉི་འོད་དྲོ་ཞིང་དཔྱིད་རླུང་བསིལ་བསིལ་གྱི་སྤང་ལྗོངས་སྟེང་གཉིད་ཁུག་ནས་བསྡད།
འབྲོག་པའི་ཟས་གཙོ་བོ་ནི་ཞོ་དང་། མར། འོ་མ། ཕྱུར་ར་སོགས་དཀར་ཟས་དང་། གཡག་ཤ་དང་། ར་ལུག་གི་ཤ་སོགས་དམར་ཟས་ཀྱི་རིགས་ཟ་བ་མ་ཟད། རྩམ་པ་དང་། འབྲས། གྲོ་ཞིབ་ལ་སོགས་པ་ཞིང་པའི་སྟོན་འབྲས་རིགས་ཉོས་ཏེ་བཟའ་ཡི་ཡོད། ད་དུང་ཚལ་རིགས་ཀྱང་ཉུང་ངུ་ཙམ་ཟ་ཡི་ཡོད། འབྲོག་པ་ཚོས་དུས་ཚོད་མང་ཆེ་བ་ར་ལུག་དང་། གཡག འབྲི་སོགས་ཀྱིས་སྤུ་དང་ཀོ་བ་ལས་བཟོས་པའི་པགས་རྩག་དང་། ཀོ་ལྷམ། སྣམ་བུའི་ཕྱུ་བ། སྟོད་ཐུང་། དོར་མ་སོགས་བཟོས་ཏེ་གྱོན་གྱི་ཡོད། དབྱར་དུས་སུ་འབྲོག་པ་ཕོ་མོ་ཚོས་ཁྲོམ་ནས་ཉོས་པའི་རས་ཀྱི་ཕྱུ་བ་དང་། གོས་ཐུང་། འོག་འཇུག ལྷམ་སོགས་ཀྱང་གྱོན་གྱི་ཡོད།
འབྲོག་པའི་ཕོ་མོ་བར་གྱི་ལས་ཀ་བྱེད་སྟངས་ལ་ཁྱད་པར་མི་འདྲ་བ་ཅུང་ཙམ་འདུག འབྲོག་པ་བུ་མོ་ཚོས་རྒྱུན་གཏན་ནས་འབྲི་དང་ར་ལུག་གི་འོ་མ་འཇོ་བ་དང་། ཞོ་བསྙལ་བ། ཞོགས་དཀྲོག་ནས་མར་འདོན་པ། ཕྱུ་ར་དང་ཕྱུར་ཞིབ་བཟོ་བ་སོགས་དཀར་ཆུ་དང་འབྲེལ་བའི་ལས་ཀ་ལས་པ་མ་ཟད། བལ་གསེད་པ་དང་། བལ་གྱིས་སྣལ་མ་འཁེལ་བ། དེ་ནས་ཐག་འཐག་པ་སོགས་བལ་ལས་དང་འབྲེལ་བའི་ལས་ཀ་བྱེད། ད་དུང་ཉིན་རེའི་ཇ་བསྐོལ་བ་དང་། ཁ་ལག་བཟོ་བ། སྣོད་ཆས་གཙང་བཀྲུ་སོགས་ནང་གི་ལས་ཀ་ཙག་ཙིག་ཚང་མ་འབྲོག་པ་བུ་མོ་ཚོས་བྱེད་ཀྱི་ཡོད། འབྲོག་པ་བུ་འམ་སྐྱེས་པ་ཚོས་ནོར་ལུག་འཚོ་སྐྱོང་ཆེད་རི་མཐོ་སར་འགྲོ་བ་དང་། དེ་དག་མཚེར་སར་བསྐོང་བ། ནོར་བཤའ་བ་སྟེ་གཡག་ལུག་གསོད་པ་དང་། པགས་པ་མཉེད་པ། ཕྱི་ལ་འབྲེལ་བ་བྱས་ཏེ་ཤ་མར་ཕྱུ་ར་སོགས་ཀྱིས་ཚོང་རྒྱབ་སྟེ་རྩམ་པ་དང་འབྲས་གྲོ་ཞིབ་སོགས་མཁོ་བསྒྲུབ་ཀྱི་ཤུགས་ལས་མང་ཆེ་བ་འབྲོག་པ་བུས་བྱེད་ཀྱི་ཡོད།
འབྲོག་པ་ཚོར་དགའ་དགའ་སྤྲོ་སྤྲོ་བྱེད་པའི་དུས་ཆེན་ཡང་མང་པོ་འདུག གཙོ་ཆེ་བ་ནི་བོད་ཀྱི་ལོ་གསར་དང་། ཞོ་སྟོན། ལྷ་བབས་དུས་ཆེན། གཉེན་སྒྲིག་སྟེ་ཆང་ས་སོགས་བོད་མི་གཞན་དང་མཚུངས་པའི་དུས་ཆེན་སྲུང་བརྩི་བྱེད་སྟངས་མང་པོ་ཡོད། དེ་དུས་འབྲོག་པ་ཕོ་མོ་རྒན་གཞོན་ཚང་མ་རྩྭ་ཐང་སྟེང་མཉམ་དུ་འཛོམས་ཏེ་རྟ་རྒྱུག་འགྲན་པ། གཡག་རྒྱུག་འགྲན་པ། ཤེད་ཤུགས་འགྲན་པ། མདའ་རྩལ་འགྲན་པ། ད་དུང་གཞས་དང་ཞབས་བྲོ་བར་མཚམས་མེད་པར་འཁྲབ་སྟེ་དགའ་སྤྲོའི་ངང་དུས་སྟོན་བྱེད་ཀྱི་ཡོད། བོད་ཀྱི་འབྲོག་པའི་རང་གཤིས་ནི་སེམས་རྒྱུད་དྲང་བ་དང་། རང་བཞིན་བཟང་བ། བློ་ཁོག་ཆེ་བ། ཆོས་ལ་དད་པ་ཆེ་བ་སོགས་བཟང་ཕྱོགས་ཀྱི་ཁྱད་ཆོས་མང་པོ་ཡོད་ལ། གཞན་ལ་མགོ་སྐོར་གཏོང་བ་དང་། འཁྲུག་རྩོད་དང་། རྐུ་ཇག་སོགས་མ་རབས་ཀྱི་སྤྱོད་པ་བྱེད་པ་ཧ་ཅང་ཉུང་ཉུང་རེད་འདུག གོང་དུ་བཤད་པའི་བོད་ཀྱི་འབྲོག་པའི་འཚོ་བའི་གནས་སྟངས་དེ་དག་ནི་ངས་དཔེ་དེབ་བཀླགས་ནས་ཤེས་པ་དང་། ཡུ་གྲུབ་སོགས་བརྙན་ལས་མཐོང་བ། དགེ་རྒན་གྱིས་སློབ་ཁྲིད་སྐབས་འགྲེལ་བཤད་གནང་བ་སོགས་ལས་གང་ཤེས་རྟོགས་བྱུང་བ་དག་ཡིན།
ད་དུང་འདིར་ངའི་པཱ་ལགས་དང་། ཨ་མ་ལགས་གཉིས་བོད་ནས་ཡོང་བ་ཞིག་ཡིན་པས། ཁོང་གཉིས་ལས་ཨ་མ་ལགས་འབྲོག་པ་ཞིག་གི་ཁྱིམ་ཚང་ནང་སྐྱེས་པས། འབྲོག་པའི་འཚོ་བ་དངོས་ཀྱི་གནའ་གཏམ་ང་དང་གཅུང་པོར་བཤད་དུས་དེ་ནི་སྙན་ཅིང་རིང་བ་དང་། ཨ་མ་ལགས་ཁོང་རི་མཐོན་པོ་དང་། གཡང་གཟར་པོར་ནོར་ལུག་འཚོ་སྐྱོང་བྱེད་སྐབས་ཁོང་ལ་དཀའ་ངལ་གང་ཕྲད་པ་དེ་དག་ལ་གདོང་ལེན་བྱེད་སྟངས་གསུང་གི་རེད། ངས་ཁོང་ལ་རྟ་ནོར་ལུག་ནང་ནས་འཚོ་སྐྱོང་ཁག་ཤོས་གང་རེད་དམ་ཞེས་དྲི་དུས་དེ་ནི་ར་རེད་འདུག རྒྱུ་མཚན་ནི་ར་ཁྱུ་དག་ནི་ཡང་རྩལ་ཆེ་བས་བྱ་དང་བྱེའུ་སྐྱོག་ཆེད་བྲག་རི་གཡང་གཟར་ལ་འཛེགས་ནས་འགྲོ་རྒྱུར་དགའ་བོ་ཡོད་འདུག བྱས་ཙང་ཨ་མས་ང་དང་གཅུང་པོས་སྤྱོད་པ་ཚུབ་ཐེར་བྱེད་དུས་སྤྱོད་ངན་ར་ལྟ་བུ་ཞིག་འདུག་གསུང་གི་རེད།
ད་དུང་ཁོང་མོས་སྐབས་སྐབས་སུ་ང་ཚོར་རི་སྒང་ལ་ནོར་ལུག་འཚོ་སྐབས་འདྲེ་ཡིས་ཀི་སྒྲ་གྲགས་པ་ནི་འདྲེ་མིན་པར་གཅན་གཟན་མི་འདྲེ་ཞེས་པ་མི་རྒོད་དང་མཚུངས་པ་ཞིག་ཡོད་པའི་སྐོར་གསུང་གི་རེད། དེ་དུས་ང་ལ་དགོད་བྲོ་བ་དང་ཞེད་སྣང་གི་འཚོར་བ་ཡང་ཡོང་གི་ཡོད། ང་ནི་ཨ་མས་བཤད་པའི་འབྲོག་པའི་འཚོ་བ་དང་འབྲེལ་བའི་གནའ་གཏམ་དེ་དག་ལ་ཉན་བཞིན་ཉན་བཞིན་དབང་མེད་དུ་ཁོང་མོའི་གནའ་གཏམ་དབྱིངས་སུ་འཛུལ་བས་ང་རང་མཐའ་མེད་པའི་རྩྭ་ཐང་སྟེང་རྟ་ནོར་ལུག་འཚོ་བཞིན་པ་དང་། རྟ་ནོར་ལུག་དང་མཉམ་དུ་རྩེད་དགའ་རོལ་བའི་རྨི་ལམ་ཡང་རྨིས་མྱོང་། ཨེ་མ་ང་ཚོ་བོད་ཀྱི་འབྲོག་པའི་འཚོ་བ་དེ་འདྲའི་སྐྱིད་པ་ལ། རེད་དེ། ད་སྐབས་བོད་འདི་རྒྱ་མི་གུང་ཁྲན་གྱིས་བཙན་འཛུལ་བྱས་པའི་དབང་གིས་ངའི་ཕ་ཡུལ་གངས་ལྗོངས་ཀྱི་ཞིང་པ་དང་། འབྲོག་པ། ས་མ་འབྲོག་སོགས་ཀྱི་འཚོ་བའི་གོམས་གཤིས་དང་། རིག་གཞུང་། ཁོར་ཡུག་སོགས་ལ་གནོད་འཚེ་དང་། གཏོར་བཅོམ་ཚད་མེད་ཐེབས་ཏེ་དམྱལ་བ་མི་ཡུལ་ནང་སླེབས་པ་ལྟ་བུར་གྱུར་ཡོད་པས། ང་ཚོ་བོད་ཀྱི་འབྲོག་པའི་གནས་སྟངས་ཀྱང་སྔར་ན་མེད་པའི་འགྱུར་བ་ཐེབས་ཡོད། དེ་འདྲའི་ཐབས་སྡུག་པའི་གནས་སྟངས་མྱུར་དུ་སྐྱོབས་ཐབས་མ་བྱས་ན་ང་ཚོ་བོད་ཀྱི་འབྲོག་པ་དང་། ཞིང་པའི་ཡུལ་གོམས། གཤིས་ལུགས། རིག་གཞུང་དང་བཅས་པ་རྩ་མེད་དུ་འགྱུར་བཞིན་པ་ནི་ཧ་ཅང་སྐྱོ་བའི་གནས་སོ། །
ད་བར་དཔྱད་མཆན་མེད།