བསྟན་འཛིན་དབང་མོ།
འཛིན་རིམ་བཅུ་པ། སཾ་བྷོ་ཊ་ཧར་པ་པུར་ཉིན་སློབ།
སྤང་ལྗོངས་རྩྭ་ཐང་ཡངས་པོ་གོས་དང་འདྲ། །
དཀར་དམར་མེ་ཏོག་སྣ་ཚོགས་ཁྲ་ལམ་བཞད།
སྦྲ་གུར་གྲུ་བཞི་འབྲོག་པའི་འཚོ་ཁྱིམ་ཡིན། །
རྩམ་པ་ཤ་མར་འབྲོག་པའི་འཚོ་བ་ཡིན། །
ཞེས་ཚིགས་སུ་བཅད་པས་མདུན་བསུས་ཏེ། དེ་རིང་གི་བརྗོད་གཞི་འདིའི་སྒང་ལ་རང་མོས་ཚིག་འགའ་བརྗོད་འདོད་སྐྱེས། ང་ཚོའི་བོད་ཀྱི་འབྲོག་པ་ནི་ཡུལ་གངས་ཅན་གྱི་ངོ་བོ་གལ་ཆེན་ཞིག་ཏུ་ཆགས་ཡོད། ཕ་ཡུལ་གངས་རི་ར་བས་སྐོར་བའི་ཞིང་ཁམས་སུ་གནས་བཅས་པའི་འབྲོག་མི་རྣམས་ལ། ང་ནི་སུས་བཤད་ཀྱང་བོད་པ་གཙང་མ་ཞིག་ཡིན། ཞེས་པའི་ལོ་རྒྱུས་ཐོག་གི་མཚོན་རྟགས་གལ་ཆེན་ཞིག་དེ་ལ་ལྡན་ཡོད་པས་ང་ཚོའི་འབྲོག་པའི་ལོ་རྒྱུས་ཀྱི་རི་མོ་ནི་ང་ཚོའི་མཚོན་བྱེད་གལ་ཆེན་ཡིན། ས་བབ་མཐོ་བའི་ཡུལ་ལྗོངས་དེའི་ནང་གནས་བཞིན་ཡོད། ཡུལ་ལྗོངས་དེ་ནི་འཛམ་གླིང་གཞན་དང་མི་འདྲ་བའི་མཁའ་རླུང་གཙང་ཞིང་གངས་ཆུ་ཞིམ་པས། ལུས་ལ་ནད་ཚ་དཀོན་ཞིང་སེམས་ལ་ཞི་བདེས་ཁྱབ་ཡོད། འབྲོག་པའི་རྩ་ཐང་རྣམས་ནི་ལྗང་ཐིང་ངེར་ཡོད་པས་མི་ཡུལ་གྱི་བདེ་ལྡན་ཞིང་ཁམས་ཞིག་ཡིན། མཛེས་ཤིང་ཡིད་འཕྲོག་པའི་སྤང་ལྗོངས་དང་གངས་རིའི་ཕྲེང་བས་ཡོངས་སུ་བསྐོར་བའི་ཡུལ་ལྗོངས་དེའི་ནང་། བོད་ཀྱི་འབྲོག་པ་རྣམས་འཚོ་བ་སྐྱེལ་བཞིན་ཡོད་ལ། འབྲོག་པ་རྣམས་ཀྱི་ཉིན་ལྟར་གྱི་འཚོ་བ་དེ་རང་བྱུང་ཁམས་ཆེན་པོ་ལ་བརྟེན་ནས་ཡོད། དེར་མ་ཟད་སྒོ་ཕྱུགས་སེམས་ཅན་འབྲི་གཡག་ར་ལུག་མང་བས་སེམས་ཅན་གྱི་སྤུ་ཡིས། འབྲོག་པ་རྣམས་ཀྱི་དགོས་མཁོ་ལྟར་གྱོན་ཆས་མཐུག་པོ་བཟོ་བ་དང་སེམས་ཅན་གྱི་ཤ་ཡིས་ཟས་ནང་དུ་བླུགས་ཏེ་ཐུག་པ་སོགས་ཁ་ལག་གཡོ་བསྐོལ་བྱེད། ཞལ་ཟས་གཙོ་བོ་ནི་རྩམ་པ་ཡིན། རྩམ་པ་དེ་ནི་ཟས་སྟབས་བདེ་ཞིག་དང་འཚོ་བཅུད་ལྡན་པ་ཞིག་ཡིན།
དེང་དུས་སྤྱི་ཚོགས་ནང་དུ་འཕྲུལ་རིག་འདྲ་མིན་བེད་སྤྱོད་བྱེད་ཀྱི་ཡོད་པ་ལ་བརྟེན་ནས། སྤྱིར་བཏང་མིའི་འཚོ་བ་འཕྲུལ་ཆས་མེད་པ་ཡིན་ན། འཚོ་བ་འགྲོ་མི་ཐུབ་པ་ལྟ་བུ་ཡིན་ན་ཡང་འབྲོག་པའི་འཚོ་བའི་ནང་དུ་འཕྲུལ་རིག་བེད་སྤྱོད་མ་བྱས་ན་ཡང་། རང་བྱུང་ཁམས་དང་སྲོལ་རྒྱུན་གྱི་འཚོ་བ་བརྟེན་ནས། རང་གི་དགོས་མཁོ་རྣམས་ཡོངས་རྫོགས་འགྲུབ་ཐུབ་ཀྱི་ཡོད། དེར་མ་ཟད་ཁོང་ཚོ་ཁོར་ཡུག་གཙང་མ་ལ་སྡོད་ཀྱི་ཡོད་པས། མི་ཚང་མའི་ལུས་དང་སེམས་ཁམས་འཕྲོད་བསྟེན་ཡང་ཧ་ཅང་ཡག་པོ་ཡོད། བོད་ཀྱི་འབྲོག་པ་རྣམས་ནམ་དུས་བཞིའི་འགྱུར་འགྲོས་ལ་བརྟེན་ནས། རྟ་ནོར་ལུག་གསུམ་འཚོ་སྐྱོང་བྱེད། དཔེར་ན། དཔྱིད་ཀ་སླེབས་པ་དང་། དགུན་གྱི་འཁྱག་རོམ་རྣམས་བཞུར་ནས་ས་གཞི་ཆེན་པོར་དྲོད་རྒྱས་ཏེ། མེ་ཏོག་ཤར་བའི་སྐབས་སུ་རྩྭ་ཆུ་བཟང་སར་སྤོས་པ་དང་རྩ་ཐང་འདྲ་མིན་ཡོད་པས། སྒོ་ཕྱུགས་སེམས་ཅན་རྣམས་ལ་ཡང་རྩྭ་ཆུ་གང་བཟང་གི་ཁ་ལག་ཞིམ་པོ་རག་ཐུབ་ཀྱི་ཡོད། དབྱར་ཁ་ཉི་མ་ཧ་ཅང་ཚ་པོས་གངས་ཆུ་རྣམས་ཞུར་ཏེ་རྒྱུག་ཆུ་དང་འདྲེས་ནས་ཆུ་བོའི་གཞུང་རྒྱས། སྤང་ལྗོངས་ལ་མེ་ཏོག་གིས་ཁེངས། རྩྭ་ཆུ་བཟང་བས་རྟ་ནོར་ལུག་གསུམ་ཤ་ཤེད་རྒྱས། སྟོན་ཁ་མེ་ཏོག་རྣམས་ལྷུང་ནས་ལྗང་མདོག་གི་ས་གཞི་ལ་མི་རྟག་པའི་སེར་ཐིག་ཆགས། ཡང་འབྲོག་པ་རྣམས་ཀྱིས་དགུན་ཁའི་གྲང་ངར་ལ་གདོང་ལེན་གྱི་གྲ་སྒྲིག་བྱེད་དགོས་ཀྱི་ཡོད། གཡག་རྩིད་ལས་བཟོས་པའི་སྦྲ་གུར་ནང་མཐའ་ལ་སྒྱེ་མོ་རྣམས་བརྩིགས་ནས་ནང་དྲོན་མོ་བཟོས་ཡོད། དགུན་ཁའི་སྐབས་སུ་གནམ་གཤིས་གྲང་བས་གངས་མཐུག་པོ་བརྒྱབ་ནས་རྩ་ཐང་ཆ་ཚང་ཁ་བས་གཡོགས།
དེར་མ་ཟད་དགུན་ཁའི་གྲང་ངར་ཆེ་བས་ལས་ཀ་མང་ཆེ་བ་མཚམས་བཞག་དགོས་ཀྱི་ཡོད། འབྲོག་པའི་སྦྲ་གུར་ནང་དུ་འབྲོག་ཐབ་ཞིག་ཡོད་ལ་དེའི་ནང་མེ་བཏང་ནས་ཁ་ལག་བཟོ་གི་ཡོད། གཡག་གི་ལྕི་བ་དང་ལུག་གི་རིལ་མ་བསྐམས་ནས་དེར་མེ་གཏོང་བར་བེད་སྤྱོད་བྱེད། སྦྲ་གུར་ནི་འབྲོག་པའི་ཁང་པ་ཡིན་ལ་དེའི་ནང་མི་རབས་ནས་མི་རབས་བར། འཚོ་བ་བསྐྱལ་ནས་ཡོང་བ་ཞིག་རེད། འབྲོག་ཁྱིམ་གྲུ་བཞིའི་ནང་དུ་འབྲོག་ཐབ་ཀྱི་བུ་མོ་སྡོད་སའི་གཡས་ཕྱོགས་སུ་སྒམ་ཆུང་གྲུ་བཞི་ནར་མོ་ཞིག་ཡོད་ལ་དེའི་ནང་བཅད་གསུམ་བརྒྱབ་ནས་བཟོས་ཡོད། བཅད་གཅིག་གི་ནང་དུ་རྩམ་པ་བླུགས། གཞན་དེ་གཉིས་ནང་མར་དང་ཕྱུར་བ་བླུགས་ནས་ཡོད། ཞོགས་པ་དང་ཉིན་གུང་རྩམ་པ་དང་བག་ལེབ་མཆོད། དགུང་ཟས་ནི་ཐུག་པ་དང་མོག་མོག་ཡིན་ལ་ད་དུང་ཟས་ཀྱི་མཆོད་པ་དཀོན་མཆོག་གསུམ་ལ་འབུལ། དུག་ལོག་མཐུག་པོ་ལུག་པགས་སོགས་ཀྱིས་བཟོས་པའི་སློག་པ་གྱོན་ནས་རང་ཉིད། གནམ་གྲང་མོ་ལས་སྐྱོབ་པར་བྱས། མདོར་ན་བོད་ཀྱི་འབྲོག་པ་རྣམས་ད་བར་དུ། བོད་ཀྱི་ས་བབ་དང་མཐུན་པའི་ཁོར་ཡུག་དང་འདྲིས་ནས་ཡོད་ལ། བོད་ཀྱི་ངོ་བོ་ཡང་ད་བར་མཚོན་པར་བྱས་ནས་བཞུགས་རེད། མཐར་རེ་སྨོན། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། བོད་མི་གཞིས་བྱེས་ལྷན་འཛོམས་ཀྱི་བདེ་སྐྱིད་ཉི་མ་མྱུར་དུ་འཆར་བར་ཤོག །
ད་བར་དཔྱད་མཆན་མེད།