ཚེ་རིང་གཡུ་སྒྲོན།
འཛིན་རིམ་བཅུ་གཅིག མོན་གྷོ་སཾ་བྷོ་ཊ་གཏན་ཉིན་སློབ་གྲྭ།
སྤྱིར་བོད་ཁ་བ་གངས་ཅན་གྱི་ལྗོངས་དེ་འཛམ་གླིང་སྟེང་གི་ས་གནས་མཐོ་ཤོས་སུ་ཆགས་ཡོད། དེར་བརྟེན་བོད་ལ་གངས་ལྗོངས་ས་མཐོའི་ཡུལ་ལྗོངས་དང་། འཛམ་གླིང་གི་སྣེ་གསུམ་པ་ཡང་ཟེར། སྔོན་མ་སྐལ་བ་མ་ཆགས་གོང་དུ་བོད་དེ་མཚོ་ཆེན་པོ་ཞིག་ཡིན་པར་གྲགས། རིམ་པས་འགྱུར་བ་བྱུང་སྟེ་ཧི་མ་ལ་ཡའི་རི་རྒྱུད་རྣམས་བྱུང་ཞིང་མཛེས་སྡུག་ལྡན་པའི་བོད་ཡུལ་གྱི་བཀོད་པ་དེ་བྱུང་། དེ་ནས་སེམས་ཅན་གྱི་རིགས་བྱུང་ཞིང་། ག་ལེར་འགྲོ་བ་མིའི་རིགས་བྱུང་། དེ་ཡང་བོད་མི་རིགས་འདི་ཉིད་ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་དང་། མ་བྲག་སྲིན་མོ་གཉིས་ལས་མཆེད་པར་གྲགས་པ་ནི། དེང་རབས་ཚན་རིག་པ་ཌ་ཝིན་གྱིས་མིའི་རིགས་སྤྲ་རིགས་ལས་བྱུང་བར་བཤད་པ་དང་ཡོངས་སུ་མཐུན།
བོད་ལ་མི་འབོར་མང་ཤོས་ཇི་ཙམ་བྱུང་མྱོང་བ་བཤད་ཚོད་དཀའ་ཡང་དུས་རབས་བཅུ་གཅིག་པའི་རྗེས་ནས་ད་བར་ས་ཡ་བདུན་ཡོད་པར་སྨྲ་བཞིན་ཡོད། བོད་མི་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་ལ་རིགས་མི་འདྲ་བ་བཞི་སྟེ་ཞིང་པ་དང་། ཚོང་པ། ས་མ་འབྲོག །འབྲོག་པ་བཅས་ཡིན། དེ་དག་ནི་གོ་ལ་སྤྱི་དང་ཕལ་ཆེར་མཚུངས་པར་སྣང་། ཞིང་པས་ཞིང་ལས་བྱས་ནས་འཚོ་ཐབས་བྱེད་ཅིང་། ཚོང་པས་ཐོན་རྫས་བརྗེ་ཚོང་བྱས་ནས་འཚོ་ཐབས་བྱེད། ས་མ་འབྲོག་ནི་ཞིང་ལས་དང་འབྲོག་ལས་གཉིས་ཀར་བྱེད་བཞིན་འཚོ་ཐབས་བྱེད། འབྲོག་པ་ནི་འཚོ་ཐབས་གཞན་གསུམ་དང་ཁྱད་པར་ཧ་ཅང་ཆེན་པོ་ཡོད་པ་ཞིག་སྟེ། གཙོ་བོ་སྒོ་ཕྱུགས་གསོ་སྐྱོང་བྱས་ནས་འཚོ་ཐབས་བྱེད་ཅིང་། སྒོ་ཕྱུགས་ལ་དགོས་པའི་རྩ་དང་ཆུ་བཟང་ས་ལ་དེད་ནས་གནས་སྤོ་བྱེད་པ་ལས་ས་གནས་གཅིག་ལ་གཞིས་ཆགས་ཏེ་སྡོད་ཀྱི་མེད།
འབྲོག་པས་སྒོ་ཕྱུགས་གཡག་དང་། འབྲི། ར། ལུག །མཛོ་ཕོ་མོ་སོགས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། འབྲོག་པའི་ཟས་རིགས་ནི་གཙོ་བོ་ཤ་དང་། མར། ཕྱུར་བ་དང་། ཞིང་པའི་ས་ནས་ཉོས་པའི་རྩམ་པ་བཅས་རེད། ཟས་རིགས་དེ་དག་ནི་གཅིག་ལས་གཅིག་ཞིམ་པ་དང་བྲོ་བ་ཆེ་བ། བཅུད་ཆེ་བ་ཡོད། དེར་བརྟེན་ཞིང་པ་དང་ཚོང་པ། གྲོང་ཁྱེར་བ་བཅས་ཀྱིས་འབྲོག་པའི་ཐོན་རྫས་ཉོ་རུ་ཡོང་གི་ཡོད། ངའི་མཐོང་སྣང་ལ་འབྲོག་པ་ནི་འདོད་ཆུང་ཆོག་ཤེས་ཅན། ཞི་འཇམ་བག་ཕེབས་ངང་གནས་མཁན་ཞིག་རེད། འབྲོག་པ་རྣམས་ལ་སྡོད་གནས་ས་རྡོ་ཡིས་གྲུབ་པའི་ཁང་པ་གཏན་འཇགས་མེད་པར་གུར་གྱི་ནང་སྡོད་ཀྱི་ཡོད། འབྲོག་པའི་གུར་ལ་ང་ཚོས་སྦྲ་གུར་ཟེར་ཞིང་། རྒྱུ་གཡག་གི་རྩིད་པ་ལས་གྲུབ་པ་ཞིག་རེད། དེ་ལ་དམིགས་བསལ་ཁྱད་ཆོས་ཤིག་ཡོད་པ་ནི་དབྱར་དུས་ཆར་པ་ཁོག་ཅིང་། དགུན་དུས་རླུང་བུ་ཁོག་པའི་ནུས་པ་ཡོད་ཅིང་། གནས་སྤོས་བྱེད་པའི་སྐབས་སྣ་ལོའི་སྟེང་བཀལ་ནས་འཁྱེར་བདེ་པོ་ཞིག་ཡོད། དེའི་ནང་ས་རྡོ་ལས་བཟོས་པའི་ཐབ་ཆེན་པོ་ཞིག་ཡོད་པ་དེས་དགུན་དུས་དྲོད་སྦྱིན་པ་ལ་ཕན་ཐོགས་ཆེ།
འབྲོག་པ་ཚོས་རང་གི་འཚོ་བའི་མཐུན་རྐྱེན་ཆེད་ཁོར་ཡུག་ལ་དོ་ཕོག་མི་གཏོང་ཞིང་། སོ་སོའི་དགོས་མཁོ་སོ་སོས་བསྐྲུན་ཐབས་བྱས་ནས་འཚོ་བ་ཉམ་ཆུང་ངང་སྐྱེལ་གྱི་ཡོད། འོན་ཀྱང་སྟབས་མི་ལེགས་པ་ཞིག་ལ་རྒྱ་དམར་གུང་འདྲེན་ཟེར་བས་བོད་ནང་བཙན་འཛུལ་བྱས་རྗེས། བོད་ཀྱི་སྐད་ཡིག་དང་། རིག་གཞུང་གཉིས་ཉམས་ཆགས་བཏང་དང་གཏོང་བཞིན་པའི་ཁོངས་འབྲོག་པའི་རིག་གཞུང་དང་ཡུལ་སྲོལ་ཡང་གཏོར་བཤིག་གཏོང་གི་ཡོད། དེ་ཡང་རྒྱ་གཞུང་གིས་འབྲོག་པ་ཚོར་བཙན་དབང་གིས་འབྲོག་ལས་མཚམས་འཇོག་དགོས་ཚུལ་དང་། ཡར་རྒྱས་ཀྱི་ཕྱོགས་སུ་སྐྱོད་དགོས་ཚུལ་གླེང་ནས་གྲོང་ཁྱེར་ནང་ཁང་པ་སྤྲད་ནས་སྤོ་རུ་འཇུག་གི་ཡོད། དེ་ནི་བོད་ཀྱི་འབྲོག་པའི་རིག་གནས་དང་། ཡུལ་སྲོལ་གོམས་གཤིས་སོགས་རྩ་མེད་དུ་གཏོང་རྒྱུའི་འཆར་གཞི་ཉག་གཅིག་རེད། དེར་བརྟེན་ང་ཚོ་བོད་མི་ཚོས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་བོད་ཀྱི་རང་དབང་མྱུར་དུ་ཐོབ་པའི་ཆེད་འབད་བརྩོན་བྱེད་དགོས། དེ་མིན་རྒྱ་དམར་གྱིས་བོད་ཟེར་བ་མིང་ཙམ་ཡང་མེད་པར་གཏོང་རྒྱུ་ངེས་པ་རེད་དོ།།
ད་བར་དཔྱད་མཆན་མེད།