རིན་ཆེན་དཔལ་སྒྲོན།
འཛིན་རིམ་བཅུ་གཅིག སཾ་བྷོ་ཊ་ཧར་པ་པུར་ཉིན་སློབ།
སྤྱིར་འབྲོག་པ་ཞེས་པ་ནི་གཏན་སྡོད་ཀྱི་ཁང་ཁྱིམ་ཞིག་མེད་པར། གནས་གཞན་དང་གཞན་དུ་གནས་སྤོས་ཀྱི་འཚོ་བ་སྐྱེལ་མཁན་ཞིག་ཡིན། ཁོང་ཚོའི་འཚོ་བ་གཙོ་བོ་ནི་རྟ་ནོར་ལུག་གསུམ་ལ་བརྟེན་གྱི་ཡོད། རྟ་ནོར་ལུག་གསུམ་གྱི་འཚོ་ཐབས་ཆེད་འབྲོག་པ་རྣམས་ནས་དུས་ནས་དུས་སུ་རྩྭ་བཟང་དང་ཆུ་བཟང་དུ་གནས་སྤོས་བྱེད་ཀྱི་ཡོད། བོད་མི་རིགས་ཀྱི་ཐོག་མའི་འཚོ་ཐབས་ནི་འབྲོག་པ་ཡིན་པ་དང་། བོད་ལ་དུས་ཚོད་འཕོ་འགྱུར་གྱིས་ཕྱིས་སུ་ས་མ་འབྲོག་དང་། ཞིང་པ། དེ་བཞིན་གྲོང་ཁྱེར་གྱི་འཚོ་བ་བཅས་སུ་འགྱུར་ལྡོག་བྱུང་བ་ཞིག་ཡིན། འབྲོག་པའི་འཚོ་བ་ནི་བོད་མི་རིགས་ཀྱི་ཆེས་ཐོག་མའི་འཚོ་ཐབས་ཤིག་ཡིན་སྟབས་བོད་མི་རིགས་ཀྱིས་འབྲོག་ཐབས་ལ་དགའ་ཞེན་དང་བརྩེ་སེམས་ཤིག་ཡོད། བོད་ནི་འཛམ་གླིང་གི་མཐོ་སྒང་དུ་གནས་ཡོད་པས་ཕར་འགྲོ་ཚུར་འགྲོ་བྱེད་པའི་འགྲུལ་བསྐྱོད་ཀྱི་ལམ་ཁ་ཡག་པོ་མེད་སྟབས། བོད་མི་རིགས་ཀྱི་འགྲིམ་འགྲུལ་ནི་གཙོ་བོ་ནོར་གཡག་ལ་བརྟེན་ནས་འགྲུལ་བཞུད་བྱེད་བཞིན་ཡོད། ནོར་གཡག་ནི་བོད་ཀྱི་འབྲོག་པ་རྣམས་ཀྱི་གཅེས་ནོར་ཡིན་ལ། འབྲོག་པའི་འཚོ་ཐབས་ཀྱི་བླ་སྲོག་ཅིག་ཀྱང་ཡིན། འབྲོག་པའི་གཅེས་ནོར་གཡག་ལ་བོད་མི་རིགས་ཀྱི་མཐོ་སྒང་གི་གྲུ་གཟིངས་ཞེས་མིང་སྙན་མོ་ཞིག་འབོད་བཞིན་ཡོད།
ང་ཚོ་བོད་མི་རིགས་ཀྱི་འབྲོག་པའི་མི་རྒྱུད་ནི་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ། བཙན་པོའི་རིགས་རྒྱུད་དང་། ཡང་མེས་ཀྱི་མེས་པོ་དམ་པ་རྣམས་ཀྱི་རྒྱུད་པ་ལས་བྱུང་བ་ཞིག་ཡིན། ཁོང་རྣམས་ཀྱི་གཤིས་རྒྱུད་ནི་འཇམ་ལ། ངང་རྒྱུད་རིང་བ། སྡུག་རུས་འཁྱོག་པོ། དཀའ་སྡུག་ལ་གདོང་ལེན་བྱེད་མཁན་གྱི་མི་རིགས་ཤིག་ཡིན། དེ་འདྲའི་ཁྱད་ཆོས་ལྡན་པའི་མི་རིགས་ཤིག་གི་འཚོ་ཐབས་ནི་བོད་མི་རིགས་ཀྱི་ཁྱད་ཆོས་མཚོན་ཐུབ་ཀྱི་ཡོད་ལ། བོད་མི་རིགས་ཀྱི་རིག་གཞུང་གི་ངོ་བོ་ཞིག་མཚོན་ཐུབ་ཀྱི་ཡོད། བོད་མཐོ་སྒང་དུ་གནས་པའི་བོད་མི་རིགས་རྣམས་ཀྱིས་གྲང་ངར་ཆེ་བའི་གནམ་གཤིས་ཁྲོད་གནས་ཐུབ་ཐུབ་ཀྱི་ཡོད། དེ་ཡང་འབྲོག་པ་ནི་དེ་བས་ཀྱང་གདོང་ལེན་བྱེད་ཐུབ་མཁན་ཞིག་ཡིན། རྒྱུ་མཚན་ནི་ཁོང་ཚོ་ལ་དྲོད་ཁོལ་ལྡན་པའི་གཏན་སྡོད་ཀྱི་ཁང་པ་ཞིག་མེད་ལ། འཚོ་བ་ཕུན་སུམ་ཚོགས་པའི་གཏན་སྡོད་ཀྱི་ཁྱིམ་ཚང་ཞིག་ཀྱང་མེད། འོན་ཀྱང་། ཁོ་ཚོས་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་སྒོ་ཕྱུགས་ཀྱི་འཚོ་བ་རྒྱུན་གནས་བྱས་ཏེ་བོད་མི་རིགས་ཕྱི་རབས་པ་རྣམས་ལ་གསོན་ཤུགས་གསར་པ་ཞིག་སྦྱིན་བཞིན་ཡོད། ཁོ་ཚོའི་ཁ་ཟས་གཙོ་བོ་ནི་ཤ་མར་ཐུད་གསུམ་དང་། མཛའ་གྲོགས་ཡག་ཤོས་ནི་སྒོ་ཕྱུགས་སེམས་ཅན། སེམས་ལ་དྲོད་ཁོལ་སྦྱིན་མཁན་ནི་ནོར་གཡག་གི་རྩིད་པ་ལས་གྲུབ་པའི་སྦྲ་གུར་དེ་ཚོ་ཡིན།
བོད་ཀྱི་འབྲོག་པའི་འཚོ་ཐབས་ནི་འགྲན་སེམས་དང་། ང་རྒྱལ། འགྲན་རྩོད། བྲེལ་འཚུབ་ཆེ་བའི་འཚོ་ཐབས་ཤིག་མིན། ཁོ་ཚོའི་འཚོ་ཐབས་ནི་བག་ཕེབས་དང་། དལ་ལྷོད། ལྷིང་འཇགས། འཆམ་མཐུན་གྱི་འཚོ་ཐབས་ཤིག་ཡིན། མི་རྣམས་ཀྱི་རང་བཞིན་ནི་གཤིས་རྒྱུད་བཟང་པོ། གཡོ་སྒྱུ་མེད་པ། དྲང་བདེན། སྙིང་རྗེ་དང་བྱམས་སེམས་ཆེ་བའི་མི་རྒྱུད་ཞིག་ཡིན། སྒོ་ཕྱུགས་སེམས་ཅན་གྱི་བལ། རྩིད་པ། སྤུ་སོགས་ཉེ་བར་མཁོ་བ་རྣམས་བདེ་སྤྱད་དེ་ཅ་དངོས་འདྲ་མིན་བཟོ་ཡི་ཡོད། དཔེར་ན། ནོར་གྱི་རྩིད་པས་སྦྲ་གུར་དང་། ཕྱ་ར། སྒྱེ་མོ། ཐག་ཐིག་སྐུད་གསུམ་སོགས་འབྲོག་པའི་འཚོ་ཐབས་ལ་མེད་དུ་མི་རུང་བའི་ཡོ་བྱད་རྣམས་བཟོ་ཡི་ཡོད། འབྲོག་པའི་ནོར་འབྲི་ལས་བྱུང་བའི་འོ་མ་ནི་བཅུད་ཆེ་ཞིང་། རོ་མངར་བ། དེ་ལས་མར་དང་། ཕྱུ་ར། ཞོ་སོགས་འབྲོག་པའི་འཚོ་རྟེན་གྱི་བླ་སྲོག་ཅིག་ཡིན། མ་ཟད། དེ་དག་ཞིང་པ་དང་ལྷན་དུ་རྩམ་པར་བརྗེ་པོ་བརྒྱབ་པ་སོགས་ཞིང་འབྲོག་གི་འཚོ་བ་ནི་མཉམ་ལས་ཤིག་དང་། འཆམ་མཐུན་གྱི་འཚོ་ཐབས་ཤིག་ཡིན། དེས་བོད་མི་རིགས་ཀྱི་རང་བཞིན་གྱི་ཁྱད་ཆོས་ཡང་དེ་ནས་མངོན་ཐུབ་ཀྱི་ཡོད།
ནམ་དུས་དབྱེ་བ་མེད་པར་མཐོ་སྒང་གི་བོད་ཀྱི་འབྲོག་པའི་ནམ་དུས་ཡག་ཤོས་ནི། གཡང་དཀར་མ་མོའི་འབའ་སྒྲ་དང་། དྭངས་གཙང་ཆུ་བོ་ཡི་སྐད་སྒྲ། བྱིའུ་ཆུང་འཇོལ་མོའི་གསུང་སྐད། རྟ་མཆོག་གི་འཚེར་སྒྲ། དམན་ཆུང་བུ་མོའི་མཛའ་གླུ་ལེན་པའི་དབྱར་ཟླ་ཡིན། མ་ཟད། དབྱར་གསུམ་གྱི་ཟླ་བ་ནི་རྟ་ནོར་ལུག་གསུམ་དང་། སྒོ་ཕྱུགས་སེམས་ཅན་སོགས་ཀྱི་ལུས་ལ་ཤ་ཤེད་རྒྱས་པའི་ནམ་ཟླ་ཞིག་ཡིན། དམན་ཆུང་འབྲོག་མོ་ཡིས་ལག་ཟུང་ཕྱི་ལ་བཏོན་ཞིང་། བཞིན་རས་འཛུམ་མདངས་ཀྱི་ཁེངས་པའི་ནམ་ཟླ་ཞིག་ཡིན། སྦྲ་གུར་གྱི་མཁའ་ཁུངས་ནས་ནམ་མཁའི་སྐར་ཚོགས་ལ་རྒྱང་ལྟ་བྱེད་པའི་ནམ་ཟླ་ཞིག་ཡིན། འབྲོག་ཕྲུག་གི་རྐང་པ་དམར་རྗེན་དུ་རྩྭ་ཐང་སྟེང་དུ་རྒྱུགས་ཤིང་། མེ་ཏོག་གི་འདམ་མ་དབུ་སྐྲའི་ལན་བུར་བཅིངས་ཏེ་ལུག་ཕྲུག་དང་ལྷན་དུ་རྩེད་གར་རོལ་བའི་ནམ་ཟླ་ཞིག་ཡིན། ཁ་བ་དང་བུ་ཡུག་འཚུབ་པའི་དགུན་དུས་ནི་བོད་ཀྱི་འབྲོག་པའི་འཚོ་ཐབས་ཀྱི་དཀའ་སྡུག་ཆེ་ཤོས་ཀྱི་དུས་ཚོད་ཅིག་སྟེ། འབྲོག་པའི་བཞིན་ངོགས་སྐྱོ་སྣང་གིས་ཁེངས་ཤིང་། རྟ་ནོར་ལུག་གསུམ་ལ་ཟ་རྒྱུ་དཀོན་པའི་ནམ་ཟླ་ཞིག འབྲོག་ཕྲུག་རྣམས་མེ་འཐབ་ཀྱི་འཁྲིས་སུ་སྒོར་ཞིང་། མེ་ཕུང་ལ་འཐམས་ཏེ་དགུན་དུས་གང་མགྱོགས་ཡོལ་བར་རེ་སྨོན་བྱེད་པའི་ནམ་ཟླ་ཞིག། ཁ་བ་དང་བུ་ཡུག་གི་ཁྲོད་ནས་སེམས་ཅན་གྱི་ཚེ་སྲོག་ལ་སྲུང་སྐྱོབ་ཀྱི་གདོང་ལེན་བྱེད་རྒྱུ་ནི་འབྲོག་པ་རྣམས་ཀྱི་ཆེས་ལས་འགན་གལ་ཆེ་ཤོས་དེ་ཡིན་པས། འབྲོག་པས་གནས་སྟངས་ཅི་འདྲ་ཞིག་འཕྲད་ཀྱང་སེམས་ཅནགྱི་ཚེ་སྲོག་གི་ཆེད་དུ་ཡོད་ཚད་བློས་གཏོང་བྱེད་ཀྱི་ཡོད།
འོན་ཀྱང་། དེ་རིང་ཁ་སང་གི་རྙོག་ཟིང་ཆེ་བའི་སྤྱི་ཚོགས་ནང་མི་རྣམས་ཀྱིས་འབྲོག་པའི་འཚོ་བ་ནི་ཧ་ཅང་དཀའ་ལས་ཁག་པོ་དང་ཆེས་རྗེས་ལུས་ཀྱི་རྣམ་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། དེས་རྐྱེན་པས་བོད་ཀྱི་འབྲོག་པའི་འཚོ་ཐབས་ལ་ཡང་འགྱུར་ལྡོག་ཆེན་པོ་ཞིག་འགྲོ་བཞིན་ཡོད། མ་ཟད། རྒྱ་དམར་གྱིས་ཀྱང་བོད་ཀྱི་འབྲོག་པའི་འཚོ་ཐབས་རྩ་མེད་ཤུལ་མེད་དུ་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད། བོད་ཀྱི་འབྲོག་པ་རྣམས་གྲོང་ཁྱེར་དུ་བཙན་དབང་གིས་གནས་སྤོས་བྱེད་དུ་བཅུག་པ་དང་། སྒོ་ཕྱུགས་སེམས་ཅན་རྣམས་ཉར་གསོག་བྱེད་མི་ཆོག་པའི་བཙན་བཀའ་གཏོང་བཞིན་ཡོད། དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ནི་འབྲོག་པའི་འཚོ་ཐབས་ནི་བོད་མི་རིགས་ཀྱི་རིག་གཞུང་དང་། ངོ་བོ། ཁྱད་ཆོས་དང་འབྲེལ་བ་ཡོད་པས་དེ་དག་རྩ་མེད་བཟོ་བའི་སྲིད་ཇུས་ཤིག་ཡིན། དེ་ན་བོད་ཀྱི་འབྲོག་པའི་འཚོ་ཐབས་དང་། དེའི་གོམས་སྲོལ། རིག་གཞུང་བཅས་རྒྱུན་གནས་ཡོང་བའི་ཆེད་ང་ཚོས་མཐའ་གཅིག་ཏུ་རྒྱ་མིའི་སྲིད་ཇུས་ལ་ངོ་རྒོལ་བྱེད་དགོས་ལ། མཐོ་སྒང་གི་འབྲོག་པའི་འཚོ་ཐབས་ནམ་ཡང་འགྱུར་བ་མེད་པར་གནས་པའི་ཆེད་ང་ཚོས་འབྲོག་པའི་རྒྱབ་ཏུ་ལངས་ནས་ཁོ་ཚོར་ལ་ཞེན་གྱི་འཛུམ་མདངས་སྟོན་དགོས། །
ད་བར་དཔྱད་མཆན་མེད།