ཤེས་རབ་བློ་གྲོས།
འཛིན་རིམ་བཅུ་གཉིས། བོན་གཞིས་དྷོ་ལན་ཇི་སཾ་བྷོ་ཊ་ཉིན་སློབ།

འཛམ་གླིང་གོ་ལ་ཆེན་པོ་འདིའི་སྟེང་རྒྱལ་ཁབ་འདྲ་མིན་ཡོད་པའི་ནང་ནས་བོད་ནི་ས་མཐོ་ཤོས་ཡིན་པས། ང་ཚོའི་བོད་ལ་མཐོ་སྒང་ཟེར། ཕྱོགས་བཞི་གངས་རི་བསྐོར་ཡོད་པས་གནམ་གཤིས་སྤྱི་ཡོངས་ནས་གྲང་མོ་ཡོད། མཁའ་རླུང་སིལ་པོ་དང་ཁོར་ཡུག་གཙང་མ་ཡིན་པས་ནད་དང་ན་ཚ་ཡང་ཉུང་བ་ཡོད། བོད་མི་ཚོས་རང་རང་གི་འཚོ་བ་འདྲ་མིན་སྐྱེལ་གྱི་ཡོད། མང་ཆེ་བ་ཞིང་པ་དང་དེ་ནས་འབྲོག་པ། ཚོང་པ། ཨར་ལས། བཟོ་རིགས་ཀྱི་ལག་ཤས་རིགས་དང་སྨན་པ། གཞུང་ཞབས་པ། དམག་མི་སོགས་ཀྱང་ཡོད། བོད་མི་ཡི་འཚོ་བའི་རིགས་འདྲ་མིན་ནང་ནས་ད་ལན་གུས་པས། ང་ཚོ་བོད་ཀྱི་འབྲོག་པའི་སྐོར་རང་རྩོམ་ཚིག་ལྷུག་ཞིག་སེམས་ལ་གང་དྲན་པ་དང་སྔ་མ་གང་ཐོས་པ་སོགས་ཡིག་ཐོག་ཏུ་འགོད་རྒྱུ་ཡིན།

སྤྱིར་འབྲོག་པ་ཞེས་པ་ནི། སྒོ་ཕྱུགས་སེམས་ཅན་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་ཞིག་དང་ས་གནས་གཅིག་ནས་གཞན་ལ་སོ་སོའི་དགོས་མཁོ་བཞིན་གནས་སྤོས་བྱེད་མཁན་ལ་གོ་དགོས། འབྲོག་པའི་མི་ཚེ་ནི་འཚོ་རྟེན་གཞན་དང་མི་འདྲ་བ་སེམས་ཅན་གྱི་གནས་སྟངས་དང་བསྟུན་དགོས་ཀྱི་ཡོད། སེམས་ཅན་གསོ་སྐྱོང་ཡག་པོ་བྱུང་ན་འབྲོག་པའི་འཚོ་བ་ཡང་བདེ་སྐྱིད་ངང་ཡོང་གི་ཡོད། ཁོ་ཚོས་ཉིན་གྱི་ཟས་རིགས་ནི་མང་ཆེ་བ་རྩམ་པ་དང་ཤ མར། བོད་ཇ། པགས། ཞོ། ཕྱུ་ར། འོ་མ་སོགས་སེམས་ཅན་ལས་ཡོང་གི་ཡོད། དབྱར་དགུན་གྱི་གནམ་གཤིས་འགྱུར་སྐབས་ས་ཆ་ཡང་དགོས་མཁོ་བཞིན་འགྱུར་བ་གཏོང་གི་ཡོད་པས། ལོ་གཅིག་ནང་གནས་སྤོས་ཐེངས་གཉིས་གསུམ་བྱེད་དགོས་ཀྱི་ཡོད། བོད་ཀྱི་འབྲོག་པ་ནི་བོད་ཀྱི་ས་ཆ་འདྲ་མིན་མ་ཟད་རྒྱ་གར་གྱི་ས་མཚམས་སོགས་སུ་ཡང་མཐོང་རྒྱུ་ཡོད། ད་ལྟ་རྒྱ་གར་གྱི་ས་མཚམས་ལ་དྭགས་སོགས་སུ་ཡོད་པའི་འབྲོག་པ་དེ་ཚོ་སྔ་མོ་བོད་ཀྱི་ས་མཚམས་ཀྱི་འབྲོག་པ་དེ་དག་ཡིན། འབྲོག་པའི་ཁྱིམ་ཚང་སོ་སོ་ལ་རང་རང་གི་ནོར་ལུག་མང་ཉུང་གི་ཁྱད་པར་ཡོད། ནོར་ལུག་གཡག་གཅིག་ལ་རིན་པ་རྒྱ་སྒོར་འབུམ་གཅིག་ལྷག་ཡིན་པས། འབྲོག་པ་སུ་ལ་ནོར་ལུག་སེམས་ཅན་མང་བ་དེ་ཚོ་ངོ་མ་ཕྱུག་པོ་ཡིན། འབྲོག་པ་ཚོས་རང་གི་བུ་ཕྲུག་ལ་སེམས་ཅན་གསོ་སྐྱོང་གི་སློབ་སྦྱོང་རང་ཁྱིམ་དུ་སློབ་ཀྱི་ཡོད་པས། འབྲོག་པའི་ཕྲུག་གུ་ཆུང་ཆུང་མང་ཆེ་བས་ནོར་ལུག་དང་གྲོགས་པོ་སྒྲིག་ཐུབ་པ་མ་ཟད། ཁོ་ཚོས་ནོར་ལུག་གི་ལུས་ཀྱི་རྣམ་འགྱུར་ལས་གནས་ཚུལ་མང་པོ་ཞིག་ཤེས་རྟོགས་ཐུབ་ཀྱི་ཡོད། དེ་ཚོ་ང་ཚོའི་སློབ་གྲྭའི་ཁོར་ཡུག་ནང་སྦྱོང་རྒྱུའི་གོ་སྐབས་མེད།

འབྲོག་པའི་ཁྱིམ་ཚང་ནང་གི་ནང་མི་རྒན་གཞོན་ཚང་མས་ལས་ཀ་གང་ཡིན་ཡང་མཉམ་རུབ་ཐོག་བྱེད་ཀྱི་ཡོད། ཚང་མ་གཅིག་མཐུན་དང་ཕན་ཚུན་གུས་བཀུར་ཆེན་པོ་ཡོད། འབྲོག་པ་མང་ཆེ་བ་ལ་དེང་དུས་ཀྱི་ཤེས་ཡོན་མེད་ཀྱང་རང་ཉིད་ཀྱི་མི་ཚེ་ལ་སྟངས་འཛིན་དང་མི་ཚེ་དོན་དང་ལྡན་པ་ཞིག་ཇི་ལྟར་སྐྱེལ་དགོས་པ། ཁྱིམ་ཚང་ཇི་ལྟར་སྐྱོང་དགོས་པ་སོགས་ཀྱི་སྐོར་ལ་ལེགས་པོ་ཤེས་ཀྱི་ཡོད། འབྲོག་པས་རང་རང་གི་སེམས་ཅན་ལ་ལྟ་ལྟོགས་བྱེད་སྟངས་དེ་ཕ་མ་ཞིག་གི་རང་གི་ཕྲུག་གུ་ལ་ལྟ་ལྟོགས་དང་གསོ་སྐྱོང་བྱེད་པ་བཞིན་བྱེད་ཀྱི་ཡོད། ཁོ་ཚོའི་མི་ཚེ་ནི། སྤངས་རྩ། རྒྱུགས་ཆུ། ཐང་། རི། ཆུ་མིག སེམས་ཅན། བཅས་ཕྱིའི་ཁོར་ཡུག་དང་ཤིན་ཏུ་ཐག་ཉེ་བོའི་འཚོ་བ་སྐྱེལ་གྱི་ཡོད་པས། བོད་ཀྱི་འབྲོག་པ་མང་ཆེ་བའི་ལུས་སྟོབས་ཆེ་བ་དང་གཟུགས་པོ་བེད་ཐང་ངང་ལས་ཀ་དུས་ཡུན་རིང་པོ་བྱེད་ཐུབ་ཀྱི་ཡོད།

འབྲོག་པས་མེ་ཐབ་གཏོང་ཆེད་ཤིང་གི་ཚབ་ཏུ་སྒོ་ཕྱུགས་སེམས་ཅན་གྱི་ལྕི་བ་བེད་སྤྱོད་ཆེན་པོ་བྱེད་ཀྱི་ཡོད། ཁྱིམ་ཚང་གི་ཕོ་མོ་དབྱེ་འབྱེད་མེད་པར་ཚང་མས་ལས་ཀ་འདྲ་མཉམ་བྱེད་ཀྱི་ཡོད། འབྲོག་ཁྱིམ་ནང་བོད་ཀྱི་ནང་བཞིན་མཆོད་པའི་རྟེན་མཚོན་ཆེད་དུ་སངས་རྒྱས་ཀྱི་སྐུ་པར་དང་སྐུ་འདྲ། ཐང་ཀ སོགས་མཐོང་རྒྱུ་ཡོད་ལ་བོད་མི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཉར་མི་ཆོག གལ་ཏེ་སྡོད་གུར་ནང་༸གོང་ས་མཆོག་གི་སྐུ་པར་ཡོད་ན་བཙོན་ཁང་དུ་བཅུག་ཏེ་ཉེ་བརྡུང་ཚད་མེད་གཏོང་གི་ཡོད། དེ་ན་བོད་ཀྱི་འབྲོག་པ་ཚོ་ལ་རྒྱལ་ཁབ་གཞན་གྱི་འབྲོག་པ་བཞིན། སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་རྩ་བ་ནས་མེད། དེ་ནི་ངོ་མ་སེམས་སྐྱོ་དགོས་པའི་གནས་ཚུལ་ཡིན་པས། བོད་ཀྱི་འབྲོག་པའི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་དགོས་ན། བོད་ཀྱི་ཆབ་སྲིད་ཀྱི་བདེན་མཐའ་སེལ་ཐུབ་པ་བྱེད་དགོས་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན། ང་ཚོ་སློབ་ཕྲུག་ཚོས་ཤེས་ཡོན་སློབ་སྦྱོང་ཡག་པོ་སྦྱངས་ཏེ་བོད་ཀྱི་དཀའ་རྙོག་སེལ་ཐབས་ལ་འབད་བརྩོན་བྱེད་དགོས། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་གཅིག བོད་རྒྱལ་ལོ།།