བསྟན་འཛིན་འཆི་མེད།
འཛིན་རིམ་བཅུ་པ། སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ།
ཡངས་ཤིང་རྒྱ་ཆེའི་སྤང་ལྗོངས་སྟེང་། །
གནག་ཕྱུགས་རྩི་ཤིང་ལ་བརྟེན་ནས། །
འཚོ་བ་སྐྱེལ་བར་ཆེས་མཁས་པ། །
གངས་ལྗོངས་བོད་ཀྱི་འབྲོག་པ་ཡིན། །
ང་ཚོ་བོད་པ་ཕལ་ཆེ་བ་ཞིང་པ་དང་འབྲོག་པའི་འཚོ་བ་གང་རུང་ལ་བརྟེན་ནས་མི་ཚེ་སྐྱེལ་གྱི་ཡོད། འབྲོག་པའི་མི་ཚེ་ནི། རང་བྱུང་ཁམས་དང་མཐུན་པར་གནས་ཤིང་། ཁོ་ཚོའི་ཁོར་ཡུག་དེའང་གནག་ཕྱུགས་ཆེད་རྩྭ་བཟང་ས་དང་ཆུ་བཟང་སར་གནས། དེའི་ཆེད་ས་གནས་གང་སར་ཡང་ནས་ཡང་དུ་གནས་སྤོ་བྱེད། གནའ་མོའི་བོད་ཀྱི་འབྲོག་པ་རྣམས་ནི་མཐུན་རྐྱེན་འཛོམས་པོ་མེད་ལ། རྒྱལ་ཁབ་གཞན་དང་འབྲེལ་བ་མེད་པ་ལྟ་ཅི་སྨོས། ལུང་པའི་མི་གཞན་དང་འབྲེལ་བ་ཉུང་། འོན་ཀྱང་གཙང་ཞིང་གྲང་བའི་གཙང་ཆུ་དང་། ཡངས་ཤིང་རྒྱ་ཆེ་བའི་སྤང་ལྗོངས་ལ་བརྟེན་ནས་འཚོ་བ་ཡིན་ལུགས་ཚུལ་དང་ལྡན་པ་དང་། ཞི་བདེའི་ངང་སྐྱེལ་གྱི་ཡོད།
བོད་ཀྱི་འབྲོག་པ་ཚོའི་འཚོ་བ་གཙོ་ཆེ་བ་སྤང་ལྗོངས་བཟང་སར་བསྐྱལ་ནས་གནས་ཤིང་། ཁོ་ཚོར་གནག་ཕྱུགས་གྲངས་ལས་འདས། བོད་ནང་འབྲོག་པས་གནག་ཕྱུགས་གསོ་ཉར་བྱས་པ་དག་ནི། ར་ལུག་དང་། གཡག མཛོ། འབྲི། རྟ་སོགས་ཧ་ཅང་མང་ལ། གནག་ཕྱུགས་དེ་དག་གི་ཁ་གྲངས་ཡང་ཉུང་ཉུང་མིན། གནག་ཕྱུགས་ནང་ནས་གཙོ་བོ་གཡག་ཡིན་ཞིང་། གཡག་ལ་དབྱེ་བ་མང་སྟེ། གཡག་ཁམ་པ་དང་། གཡག་གྭ་པ། ཨ་ཡུ་སོགས་ཡོད་ལ། དེ་བཞིན་རྨོན་གཡག་དང་ཁལ་གཡག་ཅེས་བྱ་བའི་ཆ་ནས་ནས་དབྱེ་བ་འབོད་སྲོལ་ཡོད། འབྲི་ལས་འོ་མ་འཇོ་བར་ཕན་ཐོགས་ཡོད་ལ། རྟ་རྣམས་ཕར་ཚུར་ས་ཆ་ཞིག་ནས་གཞན་ཞིག་ཏུ་ལན་བསྐྱལ་རྒྱུའམ་འབྲེལ་གཏུག་ཆེད་བཞོན་གྱི་ཡོད། དེ་ལྟ་བུའི་བདེ་སྐྱིད་ལྡན་པའི་སྲོལ་རྒྱུན་འཚོ་བ་སྐྱེལ་སྟངས་དེང་གི་ཆར་ཞེ་དྲག་ཉུང་དུ་ཕྱིན་ཡོད། རྒྱ་དམར་གཞུང་ནས་བོད་ཀྱི་འབྲོག་པ་ཚོར་ཁང་པ་གཡར་བའི་གན་རྒྱ་བཞག་ཅིང་། ཁོ་ཚོའི་གནག་ཕྱུགས་བཙོང་དུ་བཅུག མཐར་འབྲོག་པ་ཚོར་ཤེས་ཡོན་མེད་པས་ལས་ཀ་རག་པ་དཀོན་པས་ཁང་གླ་སྤྲོད་མ་ཐུབ་པར་བུ་ལོན་སྤྲད་དགོས་པ་སོགས་དཀའ་སྡུག་གང་མང་ཕྲད་ཅིང་། རྒྱ་གཞུང་ནས་འབྲོག་པའི་ས་ཆ་རྣམས་སྔོག་འདོན་བྱས་ཏེ་གཏེར་ཁ་མང་པོ་བཏོན་ཡོད་ལ། དེར་བརྟེན་སའི་བཅུད་ཉམས་པ་སོགས་གནོད་སྐྱོན་ཆེན་པོ་བཏང་ཡོད།
ང་ཚོ་བོད་ཀྱི་ས་ཆུ་སོགས་པའི་རང་བྱུང་ཁམས་དང་། ཐུན་མོང་མིན་པའི་རིག་གཞུང་དང་ལུགས་སྲོལ་མ་ཟད། བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་སྟངས་དེ་དག་རྒྱ་མིས་ག་ལེར་རྩ་མེད་བཟོས་ཏེ། ཕྱིས་སུ་བོད་ཅེས་པ་དཔང་རྟགས་མེད་པ་དང་། རིག་གཞུང་མེད་པ། ས་མེད་པར་འགྱུར་བ་སོགས་ཆགས་ས་བརྟེན་ས་མེད་པའི་ཉེན་ཁ་ཡོད་ཅིང་། དེ་རྣམས་མི་ཉམས་རྒྱུན་འཛིན་སླད་ང་ཚོས་བོད་ཀྱི་ལོ་རྒྱུས་རིག་གནས་དང་གནའ་བོའི་བོད་ཀྱི་ལུགས་སྲོལ་དག་ཤེས་དགོས་པ་གལ་ཆེན་ཡིན། འབྲོག་པ་ཚོས་བལ་གྱི་ལས་དང་། འོ་མ་འཇོ་བ་སོགས་ཟས་རིགས་ཀྱི་ལས་བྱེད། འབྲོག་ཕྲུག་ཚོས་ར་ལུག་སོགས་རི་མགོར་བརྫི་བའམ་རྩེད་མོ་རྩེ་བ་སོགས་བྱེད་ཀྱི་ཡོད། དེ་བཞིན་ཁོ་ཚོས་ཁུ་ལུ་དང་རྩིད་པ་ལས་ཐག་པ་དང་། ཕད་སྒྱེད། གདན་སོགས་ཀྱང་བཟོ་ཡི་ཡོད། སྒོ་ཕྱུགས་ཀྱི་ལྕི་བ་ནི་དགུན་དུས་ཐབ་ལ་མེ་གཏོང་ཆེད་དགོས་མཁོ་ཆེན་པོ་ཡོད།
འབྲོག་པ་ཚོའི་ཟས་གཙོ་ཆེ་བ་ནི། སྒོ་ཕྱུགས་གནག་ཕྱུགས་ལས་བྱུང་བའི་ཐོན་སྐྱེད་དག་ཆགས་ཡོད། དཔེར་ན། འབྲི་ལས་བྱུང་བའི་འོ་མ་དང་། འོ་མ་ལས་ཞོ་དཀྲོག་པ་དང་མར་བཟོ་བ། ཕྱུ་ར་བཟོ་བ་སོགས་ཡིན་པ་དང་། རའི་འོ་མ་སྤྱད་པ་ཉུང་། དེ་ནས་ར་ལུག་དང་། གཡག མཛོ་སོགས་ཀྱི་ཤ་ཡིན་ལ། བོད་པ་རྣམས་ས་མཐོར་ཡོད་པ་དང་། དམིགས་བསལ་འབྲོག་པ་ཚོར་མཐུན་རྐྱེན་འཛོམས་པོ་མེད་ཀྱང་བོད་པ་ཞིག་ཡིན་པའི་ཆ་ནས་ཆོས་སེམས་ཆེ་བས། སེམས་ཅན་གསོད་པ་རྣམས་དུས་གཅིག་ལ་ཁ་གྲངས་ཁ་ཤས་ཤིག་གསོད་པ་དང་། གསོད་མཁན་ལ་ཡང་ཤན་པ་ཞེས་འབོད་ཀྱི་ཡོད། མཐའ་མ་རྩམ་པ་དེ་བཟའ་བཅའ་གཙོ་བོ་ཡིན་པ་དེ་དུས་གསུམ་ལ་སྐྱོ་མའམ། ཇ་ལྡུར། སྤགས། རྩམ་ཐུག་སོགས་བཟོས་ཏེ་ཟ་ཡི་ཡོད། འབྲོག་པའི་གོས་རྣམས་གཙོ་བོ་ར་ལུགས་ཀྱི་པགས་པ་དང་བལ་ལས་བཟོ་ཡི་ཡོད། ཞྭ་མོར་ཝ་མོའི་པགས་པ་བེད་སྤྱོད་བྱེད་ཀྱི་ཡོད། ཁོ་ཚོའི་སྡོད་སའི་སྦྲ་གུར་མཚོན་ན་གཡག་དང་འབྲིའི་ཁུ་ལུ་དང་རྩིད་པ་ལས་བཟོས་ཤིང་། དེའང་དབྱར་ཁར་བསིལ་པོ་དང་ཆར་པ་ལས་འགོག་ཐུབ་པའི་ཁྱད་ཆོས་ཡོད།
མདོར་ན། ང་ཚོའི་བོད་ཀྱི་འབྲོག་པ་ནི། སྒོ་ཕྱུགས་གནག་ཕྱུགས་དང་རང་བྱུང་ཁམས་ལ་བརྟེན་ཏེ་འཚོ་བ་སྐྱེལ་བའི་གང་ཟག་ཡིན་ལ། ཁོང་ཚོའི་ཁ་གྲངས་ཀྱང་ཧ་ཅང་ཉུང་དུ་ཕྱིན་ཡོད་པས། ནམ་ཞིག་ཚེ་ན་འབྲོག་པ་ཞེས་པ་དེ་ཡོད་པ་མ་ཤེས་པའི་གནས་སྟངས་ཆགས་སྲིད་པས། དེ་འདྲར་མ་འགྱུར་བ་ནི་ང་ཚོའི་ལག་ཏུ་ཡོད་པས། ང་ཚོ་ཚང་མས་མུ་མཐུད་བོད་མིའི་གནས་སྟངས་རྣམས་རྒྱུས་ཡོད་པ་དང་དེའི་ཐོག་གོ་རྟོགས་ཡོད་ན་ཁེ་ཕན་ཆེ། །
ད་བར་དཔྱད་མཆན་མེད།