བསྟན་འཛིན་ཆོས་བཟང་།
འཛིན་རིམ་བཅུ་གཅིག མོན་གྷོ་སཾ་བྷོ་ཊ་གཏན་ཉིན་སློབ་གྲྭ།

འབྲོག་པ་ཞེས་པ་ནི་གནའ་བོའི་མི་རྣམས་ཀྱི་འཚོ་བའི་གནས་སྟངས་ཀྱི་བརྒྱུད་ལམ་ཡིན་ཞིག་རེད། ཡང་གཅིག་བཤད་ན་གོ་ལ་འདིའི་ཐོག་འཚོ་སྡོད་བྱེད་པའི་མི་རིགས་ཡོངས་ཀྱི་ཕ་མེས་ཚོས་འབྲོག་པའི་འཚོ་བ་མ་བརྒྱུད་པ་མེད་པར་སེམས། ཐོག་མར་འབྲོག་པ་རྣམས་ཀྱིས་སེམས་ཅན་བདམས་ནས་གསོ་སྐྱོང་བྱེད་པའི་འགོ་བཙུགས་ཤིང་། རིམ་པས་སེམས་ཅན་དེ་དག་ལ་སྒོ་ཕྱུགས་སེམས་ཅན་ཞེས་པའི་ཐ་སྙད་འདི་བཏགས་པ་རེད། དེ་ནས་ལོ་རབས་སྟོང་ཕྲག་མང་པོའི་རིང་མིའི་འཚོ་ཐབས་ལ་འགྱུར་བ་ཆེན་པོ་བྱུང་བ་དང་། མི་རྣམས་ཀྱིས་རང་རང་གི་མོས་ཕྱོགས་དང་འཇོན་ནུས་ལ་བརྟེན་ནས་འཚོ་ཐབས་སྣ་ཚོགས་སྤྱད་མྱོང་བ་རེད། འོན་ཀྱང་འཛམ་གླིང་གི་ས་ཕྱོགས་གང་སར་འབྲོག་པའི་སྲོལ་རྒྱུན་མ་ཉམས་པར་གཅེས་འཛིན་བྱས་ཏེ་འཚོ་བ་སྐྱེལ་མཁན་ཡང་ཧ་ཅང་མང་པོ་ད་ལྟ་ཡང་ཡོད་པ་རེད།  འབྲོག་པས་གཙོ་བོ་སེམས་ཅན་ལས་བྱུང་བའི་ཐོན་ཁུངས་ཁག་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། རང་རེ་བོད་ལ་ཆ་བཞག་ན་བོད་ཀྱི་དཔལ་ཡོན་དར་བ་ནས་འཚོ་ཐབས་སྣ་ཚོགས་བྱུང་ཡོད་རུང་། བོད་ས་སྟོད་སྨད་གང་སར་འབྲོག་པ་མང་པོ་ཡོད། འབྲོག་པ་རྣམས་ནི་སེམས་ཅན་ལ་བརྟེན་དགོས་གཤིས་སེམས་ཅན་གྱི་ཆེད་རྩ་དང་ཆུ་བཟང་སར་གནས་དགོས་ཤིང་། ས་གནས་གཅིག་ལ་རྩྭ་ཆུ་ཉུང་དུ་འགྲོ་སྐབས་རྩྭ་ཆུ་འབེལ་སར་གནས་སྤོ་བྱེད་དགོས་ཀྱི་ཡོད། དེར་བརྟེན་འབྲོག་པར་གཏན་སྡོད་ཁང་པ་མེད་པར་སྦྲ་གུར་ནང་སྡོད་ཀྱི་ཡོད། སྦྲ་གུར་ནི་གནས་སྤོ་སྐབས་འཁྱེར་རྒྱུ་སྟབས་བདེ་ལ། རྒྱུ་ཆ་ཚང་མ་འབྲོག་པ་རང་གིས་བཟོ་གི་ཡོད་པས་སྟབས་བདེ་ལ་ལས་སླ་བའི་ཁྱད་ཆོས་ལྡན་ཡོད།

བོད་ཀྱི་འབྲོག་པས་སྒོ་ཟོག་གཡག་དང་། འབྲི། ལུག །ར། མཛོ། མཛོ་མོ། རྟ་བཅས་ཉར་གྱི་ཡོད། འབྲོག་པ་ཕལ་ཆེ་བས་རྟ་ལ་དང་འདོད་ཆེན་པོ་བྱེད་པ་རེད། རྟ་ལས་འབྲོག་པར་ཐོན་སྐྱེས་གཅིག་ཀྱང་མི་སྟེར། འོན་ཀྱང་རྟ་ཞེས་པ་ནི་བཞོན་བྱ་དང་ཁལ་དགལ་ས་སོགས་ལ་བེད་སྤྱོད་བྱེད། འབྲོག་པ་འགའ་རེར་རྟ་བཅུ་གྲངས་ཡོད། ཁོང་ཚོས་ཕན་ཚུན་རྟ་བཟང་ལོས་འགྲན་བསྡུར་དང་། མཚམས་རེར་རྟ་རྒྱུགས་འགྲན་བསྡུར་ཡང་བྱེད་པ་རེད། ཁོང་ཚོས་རྟ་རྣམས་ལོ་རྒས་པའམ་ནད་ཀྱིས་མ་ཤི་བར་བདག་ཉར་བྱེད་ཀྱི་ཡོད། ཤི་རྗེས་བྱ་རྒོད་ལ་སྟེར་བ་ལས་བོད་མིས་རྟ་ཤ་ནམ་ཡང་མི་ཟ།  འབྲོག་པ་རྣམས་ཀྱི་ཐོན་ཁུངས་གཙོ་བོ་ནི་ཚགས་ཤ་དང་། ལུག་ཤ། འོ་མ། མར། ཕྱུར་བ། བལ། རྩིད་པ། ཀོ་བ། ཁུ་ལུ་སོགས་ཡིན། ཁོང་ཚོས་ཐོན་རྫས་དེ་དག་ཞིང་པ་དང་། ཚོང་པར་ཚོང་འབྲེལ་བྱས་ཏེ་རྒྱུན་མཁོའི་ཟ་ཆས་དང་གྱོན་ཆས་ཉོ་སྒྲུབ་བྱེད་ཀྱི་ཡོད། སྔོན་མ་བོད་ཀྱི་འབྲོག་པ་རྣམས་འབྱོར་ཕྱུག་ལྡན་པ་ཡོད་ཀྱང་། འཚོ་བ་སྐྱེལ་སྟངས་ཉམ་ཆུང་དང་སེམས་པ་བཟང་པོ། ཆོས་དད་ཆེན་པོ་བཅས་ཡོད།

བོད་ཀྱི་འབྲོག་པས་གྱོན་ཆས་ཕལ་ཆེ་བ་རང་ས་ནས་བཟོས་པ་གྱོན་གྱི་ཡོད། དེ་དག་ནི་བལ་དང་། ཁུ་ལུ་སོགས་ཡོགས་ནས་བཏགས་ཏེ་བཟོས་པ་རྐྱང་རེད། ལ་ལས་གྱོན་གོས་དང་མལ་ཆས་བཟོས་ནས་ཕྱི་ལ་འཚོང་གི་ཡོད། དེ་ལྟར་བྱེད་པ་ལ་འབྲོག་པ་དག་ལ་ལས་འགན་མང་པོ་ཡོད། བུད་མེད་ཚོས་ཞོགས་པ་སྔ་པོ་ཡར་ལངས་ཏེ་ཞོགས་ཇ་བཟོ་དགོས་ཤིང་། དེ་ཟིན་རྗེས་འབྲི་དང་མཛོ་མོ་འོ་མ་འཇོ་བ་དང་། ཞོ་དང་འོ་མ་ལས་མར་འདོན་པ། ཕྱུར་བ་དང་ཐུད་བཟོ་བ་སོགས་བྱེད་དགོས། སྐྱེས་པ་ཚོས་རྒྱུན་ལྡན་ཞོགས་ཟ་ཟིན་རྗེས་སྒོ་ཕྱུགས་འདེད་ནས་རི་འགོར་འགྲོ་དགོས་ཤིང་། བལ་དང་རྩིད་པ། ཁུ་ལུ། ར་སྤུ་སོགས་འཁེལ་དགོས་པ་དང་། དགོང་མོ་ཟིན་རྗེས་སྒོ་ཟོག་ཚང་བར་འདེད་ནས་ལྷས་ལ་ལོག་ཡོང་དགོས།  བོད་ཀྱི་འབྲོག་པས་གཅན་གཟན་དང་དགྲ་བོ་གནོད་འཚེ་ལས་སྐྱོབ་ཆེད་ཁྱི་མང་པོ་ཉར་སྲོལ་ཡོད། འབྲོག་ཁྱི་ནི་གཟུགས་སྟབས་ཆེ་ལ་སྤུ་མང་པོ་ཡོད་པས་ཞེད་སྣང་ཅན་ཞིག་རེད། དེང་གི་དུས་སུ་བོད་ཀྱི་འབྲོག་ཁྱི་གོ་ལ་ཡོངས་རྫོགས་ལ་སྐད་གྲགས་ཆེན་པོར་གྱུར་བས། རྒྱ་མིས་འབྲོག་ཁྱི་རྣམས་རིན་གོང་ཆེན་པོའི་ཐོག་ཕྱི་རྒྱལ་ཁག་ལ་ཚོང་འགྲེམས་བྱེད་ཀྱི་ཡོད།

དེང་དུས་བོད་ཀྱི་འབྲོག་པའི་ཁ་གྲངས་ཉུང་དུ་འགྲོ་བཞིན་ཡོད་ཅིང་། ཅུང་ཟད་ལྷག་ཡོད་པ་རྣམས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་ཚུལ་ཐོས། གང་ཡིན་ཟེར་ན་རྒྱ་ནག་གཞུང་གིས་འབྲོག་པ་རྣམས་ལ་མི་འདོད་བཞིན་གྲོང་ཁྱེར་ནང་ཁང་པ་སྤྲད་ནས་གཏན་སྡོད་བྱེད་འཇུག་གི་ཡོད་པ་དང་། ཁ་ལ་མ་ཉན་མཁན་རྣམས་ལ་གང་བྱུང་རྩ་ས་སྤོ་རུ་མི་འཇུག་པའི་ཁྲིམས་དང་ཁྲལ་ཆེན་པོ་རྒྱག་པ། འབྲོག་པའི་རྩ་ཐང་ཁག་ལ་རྒྱ་མི་བོད་འབྱོར་བའི་ཆེད་ཁང་པ་རྒྱག་པ་དང་། རྩ་ས་སྦོལ་ནས་ཞིང་ཁ་བཟོ་བ། དེ་བཞིན་རི་འགོ་ཡོད་ཚད་ནས་གཏེར་ཁ་སྔོག་འདོན་དང་། སྨན་རྩ་བརྐོ་འཁྱེར་སོགས་བྱེད་ཀྱི་ཡོད་འདུག །རྒྱ་གཞུང་དེ་ལྟར་མུ་མཐུད་བྱས་ན་ཉིན་ཞིག་བོད་ཀྱི་འབྲོག་པ་རྩ་སྟོང་དུ་འགྲོ་རྒྱུར་ངེས་པ་རེད། དེ་ལྟར་བྱུང་ན་ཕངས་པོ་རེད་དོ།།