བསྟན་འཛིན་དཔལ་འཛོམས།
འཛིན་རིམ་དྲུག་པ།  བྷེལ་ཀོབ་བདེ་སླར་སཾ་བྷོ་ཊ་སི་ཝི་པི།

ངའི་ཕ་ཡུལ་བོད་ནི་མཛེས་སྡུག་ལྡན་པ་ཞིག་ཡོད། རི་བོ་མཐོན་པོ་དང་གཙང་པོ་ཆེན་པོ། མཚོ་དང་མཚེའུ་མང་པོ། གངས་རི་དང་། ནགས་ཚལ། མཐའ་ཡས་པའི་རྩྭ་ཐང་ཆེན་པོ་སོགས་མཛེས་སྡུག་ལྡན་པའི་རང་བྱུང་ཁམས་ཆེན་པོ་ཞིག་ཡིན། བོད་ནི་ས་ཆ་གཙང་མ་ཡོད་པ་མ་ཟད་མཐའ་འཁོར་ཚང་མ་གངས་རིས་བསྐོར་ཡོད་པ་དང་། འཛམ་གླིང་ནང་ས་བབ་མཐོ་ཤོས་ཏེ་ཆགས་ཡོད། དེ་བས་བོད་ཀྱི་མིང་གཞན་ལ་མཐོ་སྒང་ཡང་ཟེར། བོད་ལ་གངས་རིན་པོ་ཆེ་དང་། གངས་རི་གཉན་ཆེན་ཐང་ལྷ། རྨ་རྒྱལ་སྦོམ་ར་སོགས་གངས་རི་ཆེན་པོ་མང་པོ་ཡོད། མཚོ་མ་ཕམ་དང་ཡར་འབྲོག་གཡུ་མཚོ། མཚོ་སྔོན་པོ་སོགས་མཚོ་དང་མཚེའུ་གྲངས་མེད་པ་ཡོད། གཙང་པོ་ཆེན་པོ་སེང་གེ་ཁ་འབབ་དང་གླང་ཆེན་ཁ་འབབ། རྟ་མཆོག་ཁ་འབབ། རྨ་བྱ་ཁ་འབབ་སོགས་དང་། རྨ་ཆུ་དང་འབྲི་ཆུ་སོགས་གཙང་པོ་ཆེན་པོ་མང་པོ་ཡོད། བོད་ཀྱི་གཙང་པོ་དེ་དག་ནི་ཨེ་ཤི་ཡའི་མི་གྲངས་དུང་ཕྱུར་མང་པོའི་འཐུང་ཆུ་དང་འཚོ་གནས་ཆགས་ཡོད། འཛམ་གླིང་གི་རི་བོ་མཐོ་ཤོས་དེ་བོད་ལ་ཡོད་པ་རེད། བོད་ནི་ས་ཚ་ཧ་ཅང་སྐྱིད་པོ་ཡོད། ངའི་ཕ་ཡུལ་བོད་ཀྱི་ཆུ་བོ་དག་གིས་འཛམ་གླིང་ཤར་ཕྱོགས་ཀུན་ལ་ཁྱབ་ཡོད། ང་ཚོའི་ཕ་ཡུལ་བོད་ལ་དབྱར་དགུན་མེད་པར་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་སླེབ་ཀྱི་ཡོད། བོད་ནང་རྩ་ཆེན་གྱི་དགོན་པ་མང་པོ་ཡོད། བོད་ཀྱི་ཕོ་བྲང་པོ་ཏ་ལ་ནི་ཧ་ཅང་བརྗིད་ཉམས་ལྡན་པ་དང་སྐད་གྲགས་འཛམ་གླིང་ལ་ཁྱབ་ཡོད། བོད་ལ་གནས་རི་མང་པོ་ཡོད། དེང་སང་འཛམ་གླིང་ནང་བོད་ནི་སྐད་གྲགས་ཆེན་པོ་ཆགས་ཡོད་པ་རེད།

བོད་ལ་འབྲོང་དང་གཡག་ཅེས་པའི་སེམས་ཅན་རྩ་ཆེན་པོ་དང་། ར་ལུག་རྟ་དྲེད་སོགས་སྒོ་ཕྱུགས་སེམས་ཅན་མང་པོས་ས་སྟེང་གང་ཡོད། གསེར་དངུལ་ཟངས་ལྕགས་སོགས་གཏེར་ཁ་མང་པོས་ས་འོག་གང་ཡོད། སྨན་རྩྭ་དང་མེ་ཏོག་འདྲ་མིན་སྣ་ཚོགས་ཀྱི་ས་གཞི་གང་ཡོད། བོད་ལ་ད་དུང་གཅན་གཟན་སྟག་དང་དྲེད་མོང་། དོམ་དང་གཟིག་སོགས་མང་པོ་ཡོད། ང་ཚོར་གཞན་ལ་མེད་པའི་རི་དྭགས་གཙོད་ཅེས་པ་ཞིག་ཡོད། དེ་ནི་འཛམ་གླིང་ན་མིང་དུ་གྲགས་པའི་རི་དྭགས་རྩ་ཆེན་པོ་ཞིག་ཡིན། གཙོད་ཀྱི་རྭ་ཅོ་ཕྲ་ཞིང་རིང་པོ་ཡོད། ད་དུང་བྱི་ལ་དོམ་ཟེར་བའི་དོམ་ཀྱི་རིགས་ཤིག་ཡོད། དེ་ནི་འཛམ་གླིང་ནང་བོད་གཅིག་པུར་མ་གཏོགས་མེད། བོད་ལ་ཁྲུང་ཁྲུང་སྐེ་ནག་ཅེས་པའི་ཁྲུང་ཁྲུང་གི་རིགས་ཤིག་ཀྱང་ཡོད། ཁྲུང་ཁྲུང་སྐེ་ནག་ནི་བོད་དང་ལ་དྭགས། འབྲུག་ཡུལ་སོགས་ལ་འཚོ་སྡོད་བྱེད་ཀྱི་ཡོད།

བོད་ཀྱི་སྲོག་ཆགས་ནི་ཧ་ཅང་སྟོབས་ཤུགས་ཆེན་པོ་ཡོད། བོད་ཀྱི་མི་རྣམས་ནི་ཆོས་སེམས་ཆེ་ལ་སྙིང་རྗེ་ཆེན་པོ་ལྡན་མཁན་ཞིག་ཡིན། བོད་མི་རྣམས་ནི་སེམས་པ་དཀར་ཞིང་བྱམས་བརྩེ་ཆེ་བ། གཤིས་ཀ་འཇམ་ཞིང་གཞན་ཕན་ཅན་ཞིག་ཡིན། བོད་ཀྱི་འཚོ་གནས་ནི་ཞིང་པ་དང་འབྲོག་པ་ཡིན། ཚོང་ལས་བྱེད་མཁན་ཡང་མང་པོ་ཡོད། བོད་ལ་ཆོས་བརྒྱུད་མི་འདྲ་བ་དྲུག་ཡོད་པ་དང་། ཆོས་བརྒྱུད་སོ་སོ་ལ་བླ་མ་རྩ་ཆེན་པོ་མང་པོ་ཡོད། དགོན་པ་སྟོང་ཕྲག་མང་པོ་ཡོད་པ་དང་བོད་ལ་གྲྭ་བ་དང་བཙུན་མ་སྟོང་ཕྲག་མང་པོ་ཡོད། ད་དུང་ང་ཚོ་བོད་ལ་འཛམ་གླིང་གཞན་ལ་མེད་པའི་བླ་མ་རྩ་ཆེན་པོ་ཞིག་ཡོད། དེ་ནི་༸གོང་ས་མཆོག་ཡིན། ཁོང་ནི་འཛམ་གླིང་གི་མི་མང་པོའི་དགེ་རྒན་ཡང་ཡིན། འཛམ་གླིང་གི་ཚན་རིག་པ་མང་པོ་ཡང་ཁོང་གི་སྐུ་མདུན་དུ་ཡོང་ནས་ནང་ཆོས་ཀྱི་བཀའ་སློབ་ཉན་གྱི་ཡོད། ཁོང་ནི་བྱམས་པ་དང་བརྩེ་བའི་བདག་པོ་ཡིན། ཁོང་གིས་རྒྱུན་དུ་ང་ཚོར་བྱམས་བརྩེ་ལྡན་པའི་མི་ཞིག་ཡོང་བར་འབད་བརྩོན་བྱེད་དགོས་ཞེས་བཀའ་སློབ་ཡང་ཡང་གནང་གི་ཡོད། སེམས་སྐྱོ་བ་ཞིག་ལ། ད་ལྟ་ངའི་ཕ་ཡུལ་བོད་ནི་རྒྱ་མི་ཡིས་བཙན་བཟུང་བྱས་ཏེ་ཞི་བདེ་དང་མཛེས་སྡུག་ལྡན་པའི་བོད་ཡུལ་དེ་བཙན་གནོན་དང་སྡུག་བསྔལ་ཆེན་པོ་མྱོང་བཞིན་པའི་ཡུལ་ལུང་ཞིག་གྱུར་ཡོད། ང་ནི་རྒྱ་གར་ལ་སྐྱེས་པ་ཡིན་ཙང་ཕ་ཡུལ་བོད་མིག་གིས་མཐོང་མྱོང་མེད། ཡིན་ཡང་མཛེས་སྡུག་ལྡན་པའི་བོད་ཀྱི་ཡུལ་ལྗོངས་དང་དགོན་པ། གནས་རི་རྩ་ཆེན་སོགས་བརྙན་འཕྲིན་ལས་ཐེངས་མང་པོ་མཐོང་མྱོང་། བདག་གི་ཕ་ཡུལ་ནི་མཛེས་སྡུག་ལྡན་ཞིང་ཀུན་གྱི་ཡིད་སྨོན་ཤོར་སའི་ཡུལ་ཞིག་ཡིན། མཛེས་སྡུག་ལྡན་པའི་ཡུལ་ལྗོངས། ངའི་ཕ་ཡུལ་བོད། མགྱོགས་མྱུར་དངོས་སུ་མཐོང་བའི་རེ་བ་ཡོད། བོད་རྒྱལ་ལོ།