བསྟན་འཛིན་ཟླ་དཀར།
འཛིན་རིམ་བརྒྱད་པ། བོན་གཞིས་དྷོ་ལན་ཇི་སཾ་བྷོ་ཊ་ཉིན་སློབ།

མཐའ་གངས་རིས་བསྐོར་བའི་ཡུལ་ལྗོངས་དང་དབུས་མཛེས་སྡུག་ལྡན་པའི་ཡུལ་ཀྱི་བཀོད་པ། ཆོས་སེམས་ཆེ་བའི་མི་རིགས། རིག་གཞུང་དང་སྐད་ཡིག་ཕྱུག་པའི་རྒྱལ་ཁབ་ནི་ངའི་ཕ་ཡུལ་བོད་ཡིན། བོད་ནི་ས་མཐོ་ལ་གནམ་གཤིས་གྲང་བ། མཁའ་རླུང་གཙང་མ། མཚོ་དང་མཚེའུ། རྒྱུགས་ཆུ་དང་སྤང་རྩ། ནགས་ཚལ། མེ་ཏོག་གི་རིགས་སྣ་ཚོགས་ལྡན་པའི་ལུང་པ་སྐྱིད་པོ་ཞིག་ཡིན། ངས་རང་གི་ཕ་ཡུལ་བོད་ཅེས་པ་དེ། ངོ་མ་དངོས་སུ་མཐོང་མ་མྱོང་ལ་ང་སྐྱེས་ས་དང་འཚར་ས་ནི་རྒྱ་གར་འཕགས་པའི་ཡུལ་ཡིན། བོད་ཀྱི་སྐོར་མང་ཆེ་བ་ངས་སོ་སོའི་ཕ་མ་དང་སྤུན་མཆེད། དགེ་རྒན། གློག་བརྙན། དེབ་སོགས་ལས་ཤེས་རྟོགས་བྱུང་། ངས་རང་གི་སློབ་སྦྱོང་གི་བརྒྱུད་རིམ་ནང་ཇི་ཙམ་ཤེས་རྟོགས་བྱུང་བ་རྣམས་ཡིག་ཐོག་ཏུ་བྲིས་ན་ང་དང་ང་འདྲ་བའི་སློབ་མ་མང་པོ་ཞིག་ལ་ཕན་ཐོགས་ཡོང་བ་སྨོན།

བོད་མི་ཚོའི་འཚོ་བ་ནི་རྒྱལ་ཁབ་གཞན་གྱི་མི་རིགས་བཞིན་མཚུངས་མི་མཚུངས་གཉིས་ཀ་ཡོད་པས། བོད་མི་མང་ཆེ་བ་ཞིང་པ་ཡིན། གཞན་ཚོང་ལས། འབྲོག་པ། ས་མ་འབྲོག གཞུང་གི་ལས་བྱེད། ཨར་ལས། བཟོ་ལས་རིགས་འདྲ་མིན་བྱེད་ཀྱི་ཡོད། བོད་ཀྱི་ཁ་ཟས་ནི། ས་ཁམས་ཀྱི་ཆགས་ཚུལ་དང་མཐུན་པ་ཞིག་ཡིན་པས། བོད་མི་ཚོས་ཁ་ཟས་ནི། རྩམ་པ་དང་ཤ སྤགས་དང་བོད་ཇ། ཐུག་པ། འབྲས་དང་ཚལ་རིགས། ཆང་། ཞོ་དང་མར། ཕྱུ་ར། སོགས་ལོངས་སུ་སྤྱོད་ཀྱི་ཡོད། བོད་ནང་ཤིང་སྡོང་དང་ཤིང་འབྲས་ཀྱི་རིགས་སྣ་ཚོགས་མཐོང་རྒྱུ་ཡོད། བོད་མི་གྲངས་འབོར་ཁྱོན་བསྡོམས་ས་ཡ་དྲུག་ལྷག་ཡོད། དེ་དག་ཆོལ་ཁ་གསུམ་དུ་དབྱེ་ཡོད་པ་ནི། མདོ་སྟོད། མདོ་སྨད། དབུས་གཙང་བཅས་ཡིན། བོད་མི་ཚོའི་སྐད་ཡིག་ནི་བོད་སྐད་དང་བོད་ཡིག་ཡིན་ནའང་། ཆོལ་ཁ་གསུམ་སོ་སོའི་སྐད་ཀྱི་སྒྲ་གདངས་དང་གྱོན་ཆས་ལ་ཁྱད་པར་ཆེན་པོ་ཡོད།

བོད་ཡིག་ཐོག་མར་གསར་གཏོད་གནང་མཁན་ནི། ཆོས་རྒྱལ་སྲོང་བཙན་གྱི་བློན་པོ་སློབ་དཔོན་ཐོན་མི་སཾ་བྷོ་ཊ་ཡིན། མཁར་གྱི་ཐོག་མ་ཡུམ་བུ་བླ་སྒང་དང་ཕོ་བྲང་གི་ཐོག་མ་པོ་ཏ་ལ་ཡིན། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་དང་མཐའ་མ་གླང་དར་མ་ཡིན། ཡུམ་བུ་བླ་སྒང་ནི་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོས་བཞེངས་པ་དང་ཕོ་བྲང་པོ་ཏ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོས་བཞེངས་རྗེས་ཕྱིས་སུ་རྒྱལ་བ་སྐུ་ཕྲེང་ལྔ་པས་སླར་གསོ་གནང་། བོད་ཀྱི་རྒྱལ་ས་ལྷ་ས་དང་ཆོས་ཀྱི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་མཆོག་ཡིན། ཁོང་གི་དབྱར་ཁའི་བཞུགས་གནས་ནོར་བུ་གླིང་ཁ་དང་དགུན་ཁ་ཕོ་བྲང་པོ་ཏ་ལ་རུ་བཞུགས་ཀྱི་ཡོད། བོད་ཀྱི་ཆོས་ལུགས་ཐོག་མ་བོན་ཆོས་ཡིན། བོད་ལ་ད་ལྟ་ཆོས་རྒྱུད་ཆེན་པོ་བཞི། རྙིང་མ། ས་སྐྱ། བཀའ་བརྒྱུད། དགེ་ལུགས། བོན་དང་བཅས་པ་ལྔ་ཡོད་པ་མ་ཟད། ཆོས་རྒྱུད་སོ་སོའི་དགོན་པ་གྲགས་ཆེ་བ་མང་པོ་ཡོད། དགོན་པ་དང་གཙུག་ལག་ཁང་ནང་ཆོས་ཀྱི་སློབ་གཉེར་བྱེད་མཁན་གྱི་དགེ་འདུན་དང་བཙུན་མ་ཁྲི་ལྷག་ཡོད། བོད་མི་མང་ཆེ་བ་ནང་པ་ཡིན་པས། ཆོས་སེམས་ཆེ་བ་དང་སེམས་ཅན་ལ་སྙིང་རྗེ་ཆེ་བ། གཞན་ཕན་གྱི་བསམ་བློ་ལྡན་པ། ལས་རིགས་ལ་འབད་བརྩོན་དང་གདོང་ལེན་གྱི་ནུས་པ་ལྡན་པ་ཡོད། བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ནི་རྒྱ་གར་དང་རྒྱ་ནག བལ་ཡུལ། འབྲུག ཨུ་རུ་སུ། སོག་པོ་བཅས་ཡིན།

ཕྱི་ལོ་ ༡༩༥༩ སྔོན་བོད་འདི་རང་བཙན་རྒྱལ་ཁབ་ཅིག་ཡིན། ཕྱིས་སུ་བོད་ཀྱི་གནས་སྟངས་ལ་ཆབ་སྲིད་ཀྱི་འགྱུར་བ་ཆེན་པོ་ཞིག་ཕྱིན་ཡོད་པ་ནི། ༡༩༥༩ རྗེས་རྒྱ་ནག་གིས་བོད་ལ་དྲག་པོའི་བཙན་འཛུལ་བྱས་ཏེ་༸གོང་ས་མཆོག་དང་བོད་མི་རྣམས་རྒྱ་གར་དུ་བཙན་བྱོལ་ལ་མ་ཕེབས་དཀའ་མེད་དུ་གྱུར། དེ་ནས་བཟུང་ད་བར་བོད་མི་རྣམས་བཙན་བྱོལ་དུ་གནས་ནས་མི་ལོ་ ༦༥ ལྷག་ཕྱིན་ཡོད། འདས་པའི་དུས་ཡུན་དེ་དག་ནང་བོད་མི་ཚོས་༸གོང་ས་མཆོག་གིས་དབུ་ཁྲིད་དང་ལམ་སྟོན་དེ་བཞིན་སྲིད་སྐྱོང་གི་འཛིན་སྐྱོང་འོག་བཙན་བྱོལ་དུ་སློབ་གྲྭ་དང་གཞིས་ཆགས། དེ་བཞིན་མང་གཙོའི་ཀ་བ་གསུམ་དང་ལྡན་པའི་བོད་མིའི་སྒྲིག་འཛུགས་བཙུགས་ནས་བོད་ཀྱི་བདེན་མཐའ་སེལ་ཆེད་དུ་མུ་མཐུད་འབད་བརྩོན་བྱེད་བཞིན་ཡོད། སློབ་མ་ང་ལྟ་བུ་ལ་མཚོན་ན་བོད་མིའི་སྒྲིག་འཛུགས་འོག་ཡོད་པའི་བཙན་བྱོལ་སློབ་གྲྭའི་ནང་སློབ་སྦྱོང་བྱེད་བཞིན་ཡོད། བོད་ཀྱི་རྒྱལ་ཁབ་དང་སྐད་ཡིག ཆོས་དང་རིག་གཞུང་། ལུགས་སྲོལ་སོགས་ཀྱི་སྐོར་གོ་རྟོགས་མང་པོ་ཞིག་སློབ་གྲྭའི་ཁོར་ཡུག་ནང་ནས་ཐོབ་པ་ཞིག་ཡིན། དེ་ན་སློབ་མ་ཚོས་སློབ་གྲྭར་འགྲོ་དགོས་པ་དང་སློབ་སྦྱོང་བྱས་ཏེ་སོ་སོའི་ཕ་ཡུལ་བོད་ཀྱི་སྐོར་གོ་རྟོགས་གང་ཐུབ་དགོས་རྒྱུ་གལ་ཆེན་པོ་ཡིན། བོད་ནི་རྒྱལ་ཁབ་ཙམ་མ་ཡིན་པར་འཛམ་གླིང་ཡོངས་ལ་ཞི་བདེའི་བསྟི་གནས་གལ་ཆེན་པོ་ཞིག་ཡིན། བོད་རྒྱལ་ལོ།