དྲི་ལན་འདེབས་པ། ཁ་ཡ་བྱེད་པ། ནང་སྦྱོང་བྱེད་པ། རྩིས་ཐབས་བསླབས་པ། རྩི་ཤེས་པ། དགའ་ཚོར་སྐྱེས་པ། བཀའ་འདྲི་གནང་།
ང་དང་ཡོན་ཏན་ནི་གྲལ་མཚེས་ཡིན་པ་མ་ཟད། ངེད་གཉིས་གྲོགས་པོ་ཡག་ཤོས་ཤིག་ཀྱང་ཡིན། ཉིན་ལྟར་སློབ་གྲྭར་ཡང་མཉམ་དུ་འགྲོ་གི་ཡོད། ཐེངས་ཤིག་ང་ཚོའི་འཛིན་གྲྭར་ཨང་རྩིས་རྒྱུགས་སྤྲོད་སྐབས་ངས་ཨང་རྩིས་ཀྱི་དྲི་བའི་ལན་འདེབས་ཤེས་མ་བྱུང། ངས་ཡོན་ཏན་ལ་སྐད་ཤུགས་ཆུང་ངུས་རྩིས་གཞི་མཇུག་མ་དེའི་ཐོབ་གྲངས་སྟོན་དང་ཞེས་བཤད་ཀྱང་། ཡོན་ཏན་གྱིས་ཁ་ཡ་མ་བྱས་སྟབས་ང་དགའ་པོ་མ་བྱུང། ངའི་སེམས་སུ་ཁོང་གྲོགས་པོ་ཐབས་རྡུགས་ཤིག་རེད་ཨང་སྙམ་ནས་སློབ་གྲྭ་གྲོལ་རྗེས་ང་རང་གཅིག་པུར་ནང་ལ་ལོག་པ་ཡིན།
དགོང་དྲོ་ངས་ནང་སྦྱོང་བྱེད་བཞིན་པའི་སྐབས་སུ་ཡོན་ཏན་ངའི་ཁྱིམ་དུ་བསླེབས་བྱུང། ངས་ཁོ་ལ་ལྟ་ཙམ་བྱས་པ་ལས། སྐད་ཆ་ཚིག་གཅིག་ཀྱང་མ་བཤད། ཡོན་ཏན་གྱིས་བསམ་པ་ཟོལ་མེད་ཀྱི་སྒོ་ནས་རྒྱུགས་སྤྲོད་སྐབས། ཁྱོད་ལ་བསླབས་ན་མི་འགྲིག་ལ་དེ་འདྲ་བྱས་ན་ཁྱོད་རང་ལ་གནོད་པ་ལས་ཕན་ཐོགས་མེད།
ཨང་རྩིས་རྩིས་གཞི་དེ་ངས་བཤུས་ནས་ཁྱེར་ཡོད། ད་ལྟ་ཁྱོད་ལ་བསླབ་ཆོག་ཅེས་བཤད་བྱུང་བས། ངས་མགོ་བོ་ལྕོག་ལྕོག་བྱས་པ་ཡིན། ཡོན་ཏན་གྱིས་ངའི་འགྲམ་དུ་བསྡད་དེ་ངང་རྒྱུད་རིང་པོའི་སྒོ་ནས་རྩིས་ཐབས་བསླབས་བྱུང།
ངས་རྩིས་གཞི་དེ་གཉིས་རྩི་ཤེས་རྗེས་ཡོན་ཏན་དགའ་ཚོར་ཆེན་པོས་ངང་ཁོང་རང་གི་ཁྱིམ་དུ་ལོག་སོང། དེའི་ཕྱི་ཉིན་ཨང་རྩིས་སློབ་ཁྲིད་ཀྱི་སྐབས་སུ་རྩིས་གཞི་དེ་རྒན་ལགས་ཀྱིས་ང་ལ་ནག་པང་ཐོག་ཏུ་རྩི་རུ་བཅུག་བྱུང། ངས་ལམ་སང་རྩི་ཤེས་སྟབས་རྒན་ལགས་ཀྱིས་ང་ལ་ཁ་སང་ཁྱོད་ཀྱིས་རྩི་མི་ཤེས་ཀྱང་། དེ་རིང་མགྱོགས་པོ་དེ་འདྲ་རྩི་ཐུབ་པ་གང་ཡིན་ཞེས་བཀའ་འདྲི་གནང་བྱུང་། ངས་ཡོན་ཏན་ལ་མཛུབ་མོ་བཙུགས་ཏེ་ཁོས་ང་ལ་བསླབས་བྱུང་ཞེས་ཞུས་པ་ཡིན། རྒན་ལགས་ཀྱིས་མཉེས་ཚོར་ཆེན་པོས་ཁྱོད་གཉིས་ནི་དངོས་འབྲེལ་གྲོགས་པོ་ཡག་པོ་ཞིག་རེད་ཅེས་གསུང་གི་འདུག།
 
གལ་ཆེའི་མིང་ཚིག
ཡོན་ཏན། གྲལ་མཚེས། གྲོགས་པོ། ཉིན་ལྟར། ཐེངས། འཛིན་གྲྭ། རྒྱུགས་སྤྲོད། ཨང་རྩིས། དྲི་བ། ལན། རྩིས་གཞི། ཐོབ་གྲངས། ཁ་ཡ། སེམས། སློབ་གྲྭ། དགོང་དྲོ། ནང་སྦྱོང་། ཁྱིམ། སྐད་ཆ། བསམ་པ་ ཟོལ་མེད། ཕན་ཐོགས། མགོ་བོ། ངང་རྒྱུད། ཕྱི་ཉིན། སློབ་ཁྲིད། རྒན་ལགས། ནག་པང་། ཁ་སང་། བཀའ་འདྲི། མཛུབ་མོ། གྲོགས་པོ།