བསྟན་འཛིན་སྒྲོན་གསལ།
འཛིན་གྲྭ་ལྔ་པ། སཾ་བྷོ་ཊ་གུ་རུ་པུ་ར་ཉིན་སློབ།

ངའི་ཕ་ཡུལ་བོད་ནི་འཛམ་གླིང་ཡང་ཐོག་ཏུ་ཡོད། མཐའ་འཁོར་དུ་གངས་རི་དཀར་པོས་བསྐོར་ནས་སྤང་ཐང་མུ་མཐའ་མེད་པ་དང་མཚོ་དང་མཚེའུ་དེ་ཚོ་གཡས་གཡུ་ནང་བཞིན་སྔོན་པོ་ཡོད། བོད་ཀྱི་རྒྱལ་ས་ལྷ་སར་རྩེ་ཕོ་བྲང་པོ་ཏ་ལ་བཞུགས་ཡོད། གཡོན་དུ་གདན་ས་ཆེན་པོ་གསུམ་ཡོད། དེ་དག་གསུམ་པོ་ནི་སེ་ར་དང་འབྲས་སྤུངས དགའ་ལྡན་གསུམ་ཡིན། བོད་ཀྱི་ཆོས་ཐོག་མ་ནི་བོན་པོའི་ཆོས་ཡིན། རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་ནས་ང་ཚོའི་ཕ་ཡུལ་བོད་ལ་ནང་ཆོས་དར་ཁྱབ་ཤིན་ཏུ་ཆེན་པོ་བྱུང་འདུག དེ་ནས་རིམ་པས་རྙིང་མ་དང་དཀའ་བརྒྱུད། ས་སྐྱ། དགེ་ལུགས་སོགས་ཀྱི་ཐ་སྙད་རྣམས་བྱུང་ནས་ང་ཚོ་བོད་མི་ཚོའི་བརྒྱུད་ལ་བྱམས་དང་སྙིང་རྗེ་བརྟན་པོ་ཡོད་མཁན་ཞིག་ཆགས་པ་རེད།

དེ་བཞིན་ང་ཚོའི་ཕ་ཡུལ་བོད་ལ་མདོ་སྡོད་དང་མདོ་སྨད། དབུས་གཙང་ཆོལ་ཁ་བཅས་གསུམ་ཡོད། ང་ཚོའི་ཕ་ཡུལ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལ་ལྟ་དུས་རྒྱལ་པོའི་རིམ་པའང་མང་པོ་བྱུང་ཡོད་ལ་བོད་པའི་རིག་གཞུང་ཁུངས་ལྡན་ཡོད། བོད་ཟས་བཅུད་ལྡན་མང་ཡང་གཙོ་བོ་ནི་རྩམ་པ་དང་གཡག་ཤ བོད་ཇ། བག་ཚ་མར་ཁུ། འཐེན་ཐུག མོག་མོག་འདྲ་མིན་སོགས་ཡིན། བོད་པའི་རིག་གཞུང་གི་གྱོན་ཆས་སྐོར་ཞུས་ན། ཡུལ་ལུང་སོ་སོར་ཕྲན་བུའི་འདྲ་མིན་ཡོད་ཀྱང་གཙོ་བོ་ནི་ཕྱུ་པ་རེད། ང་ཚོའི་བོད་ལ་སེམས་ཅན་འདྲ་མིན་མང་པོ་ཡོད་རེད་གསུང་གི་འདུག དེའི་ནང་ནས་འབྲི་དང་གཡག་ལུག་སོགས་ནི་བོད་མི་ཚོ་ལ་ཤིན་ཏུ་ནས་ཕན་ཐོགས་ཆེན་པོ་ཡོད་སྐོར་གོ་མྱོང་ཡོད། འབྲི་དང་ལུག་ནས་འོ་མ་བྱུང་བ་ནས་ཕྱུ་ར་དང་མར་སོགས་བཟོས་ཏེ་བོད་མིའི་འཚོ་ཐབས་སྐྱེལ་གྱི་ཡོད། དེ་ཙམ་དུ་མ་ཟད་གཡག་དང་ལུག་གི་སྤུ་ནས་གྱོན་ཆས་སོགས་བཟོ་ཡི་ཡོད། ང་ཚོའི་ཕ་ཡུལ་བོད་ནང་ཤིང་ནགས་སྟུག་པོ་དང་སྤང་ཐང་ཡངས་པོའི་ཡུལ་ལྗོངས་ནང་གཅན་གཟན་དང་རི་དྭགས་སྣ་ཚོགས་ཡོད། ང་ཚོའི་ཕ་ཡུལ་བོད་ཀྱི་མཐའ་སྐོར་དུ་གངས་རིས་བསྐོར་ཡོད་པས་བོད་ནས་རྒྱུག་ཆུ་དང་གཙང་པོ་ཆེན་པོ་འབབ་ཀྱི་ཡོད། གཙང་པོ་དང་རྒྱུག་ཆུ་ཆེན་པོ་དེ་བོད་དང་བོད་ཀྱི་ཉེ་འཁོར་རྒྱལ་ཁབ་མང་པོ་ལ་ཕན་ཐོགས་ཆེན་པོ་ཡོད། བོད་ནང་གི་གྲགས་ཆེ་བའི་གཙང་པོ་ཆེ་ཁག་དེ་ཚོའི་མིང་ལ་རྨ་ཆུ་དང་། འབྲི་ཆུ། རྫ་ཆུ། རྒྱལ་མོ་རྔུལ་ཆུ་སོགས་ཟེར།

དེ་བཞིན་བལ་ཡུལ་དང་རྒྱ་གར། འབྲུག་ཡུལ། སོག་པོ་སོགས་ང་ཚོ་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན། ང་ཚོ་ཕ་ཡུལ་བོད་ནས་གཙང་པོ་དང་རྒྱུག་ཆུ་དྭངས་མ་དེ་ཚོ་མཐའ་འཁོར་ཀྱི་རྒྱལ་ཁབ་བརྒྱུད་ནས་འཛམ་བུ་གླིང་ལ་ཕན་ཐོགས་ཆེན་པོ་འབྱུང་གི་ཡོད། ང་ཚོ་ཕ་ཡུལ་བོད་ནི་གནས་མཆོག་དམ་པ་དང་འཛམ་བུ་གླིང་ལ་གནད་ཆེའི་རྒྱལ་ཁབ་ཞིག་ཆགས་ཡོད། སྔོན་མ་ ༡༩༥༩ ལོར་ང་ཚོའི་ཕ་ཡུལ་ཧ་ཅང་གི་སྙིང་རྗེ་བ་དེ་རྒྱ་ནག་གིས་ཕྲོག་ནས་བོད་མི་ཧ་ཅང་མང་པོ་བསད་ཡོད་པ་དང་། སྐབས་དེ་དུས་བོད་མི་མང་པོས་རང་གི་རྒྱལ་ཁབ་ཆེད་དུ་རང་སྲོག་བློས་གཏོང་དགོས་བྱུང་ཡོད། དེ་མིན་བོད་མི་ ༡༥༠ ལྷག་ཙམ་གིས་རྒྱ་ཡི་སྲིད་བྱུས་དང་ཁོ་ཚོའི་འོག་ཏུ་རང་དབང་ཏིལ་གྲུ་ཙམ་ཡང་མེད་པ་ལ་བརྟེན་ནས་སྐུ་ལུས་མེ་ལྕེ་ལ་འབུལ་དགོས་བྱུང་བའི་གནས་ཚུལ་ཡིད་སྐྱོ་བ་དེ་འདྲ་བྱུང་ཡོད། བོད་ལ་རྩ་ཆེའི་གནས་སའང་འཇལ་ས་མང་པོ་ཡོད་པ་དེ་རྣམས་ནི་ཕོ་བྲང་པོ་ཏ་ལ་དང་གངས་རིན་པོ་ཆེ་སོགས་ཡིན།

གངས་རིན་པོ་ཆེ་ནི་ནང་པ་དང་ཕྱི་བ་གཉིས་ཀས་དད་པ་བྱེད་ས་ཞིག་རེད། དམིགས་བསལ་གྱི་ཧིན་རྡུ་ཆོས་བྱེད་པ་ཚོས་གངས་རིན་པོ་ཆེ་ནི་ལྷ་ཡི་དབང་པོ་རྒྱ་བྱིན་གྱི་ཕོ་བྲང་ཡིན་པའི་ཡིད་ཆེས་བྱེད་ཀྱིན་ཡོད། གངས་རིན་པོ་ཆེ་ནས་འབབ་པའི་ཆུ་བོ་ཆེན་པོ་བཞི་ནི་རྟ་མཆོག་ཁ་འབབ་དང་། གླང་ཆེན་ཁ་འབབ། རྨ་བྱ་ཁ་འབབ། སེང་གེ་ཁ་འབབ་བཅས་རེད། ལྷ་ས་དང་གངས་རིན་པོ་ཆེ་གཉིས་ནི་བོད་མི་དང་ཡུལ་སྐོར་སྤྲོ་འཆམ་པ་མང་པོས་འཇལ་ཁ་དང་ལྟ་བར་སླེབ་ཀྱི་ཡོད། སྔོན་མ་བོད་རྒྱལ་ཁབ་དེ་ཤོར་བའི་སྐབས་སུ་ང་ཚོའི་རྩ་བའི་བླ་མ་༸གོང་ས་མཆོག་དང་བོད་མི་མང་པོ་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས་སྐབས་རྐང་ཐང་ལ་ཕེབས་པ་རེད། འོན་ཀྱང་རྒྱ་གར་རྒྱལ་ཁབ་ཀྱིས་ང་ཚོ་ལ་དཀའ་ངལ་ཆེ་བའི་སྐབས་ཁོ་རང་ཚོའི་ཡུལ་མི་ལ་དཀའ་སྡུག་ཇི་ཙམ་ཡོད་ཀྱང་བོད་མི་ཚོ་ལ་རོགས་སྐྱོར་འདོད་མོས་བཞིན་གནང་བས་རྒྱ་གར་རྒྱལ་ཁབ་དེ་ང་ཚོ་ལ་དཔེ་བཀའ་དྲིན་ཆེན་པོ་ཆགས་ཡོད།

བསླབ་བྱ། ང་ཚོས་སློབ་སྦྱོང་ལ་བརྩོན་འགྲུས་བྱས་ནས་སོ་སོའི་རིན་ཐང་བྲལ་བའི་རྒྱལ་ཁབ་དེ་ལེན་ཐུབ་པ་བྱེད་དགོས། ད་ལྟ་ང་ཚོ་མ་འོངས་བོད་ཀྱི་སོན་རྩ་དང་མ་འོངས་བོད་ཀྱི་བདག་པོ་དེ་ང་ཚོ་ཡིན། བྱས་ཙང་ད་ལྟ་ནས་ང་ཚོས་ཡི་གེ་ཡག་པོ་སྦྱོང་དགོས་།