བསྟན་འཛིན་འོད་མཛེས།
འཛིན་རིམ་བཞི་པ། སཾ་བྷོ་ཊ་ཀེ་ལཱཤ་པུ་ར་ཉིན་སློབ།
ངའི་ངོ་གྲོགས་མོ་འགའ་ཤས་སེམས་ཅན་ལ་དགའ་པོ། འགའ་ཤས་ནི་ཞེད་སྣང་བྱེད་པ། འགའ་ཤས་ནི་ཚོར་བ་བཏང་སྙོམས་ཅན་ཡོད། ང་ནི་སེམས་ཅན་མང་ཆེ་བ་ལ་དགའ་པོ་ཡོད། ང་རང་སེམས་ཅན་ལ་སྙིང་རྗེ་ཆེན་པོ་ཡོད། སེམས་ཅན་ལ་དགའ་པོ་བྱེད་པ་དང་ཁོང་ཚོར་གསོ་སྐྱོང་བྱེད་པ་ནི་དགོན་པར་སྐོར་བ་བསགས་ནས་དགེ་སྒྲུབ་བྱས་པ་དང་ཁྱད་པར་ཙ་བ་ནས་མེད། ངས་རྒྱུན་དུ་དེ་བཞིན་སེམས་བཞིན། ང་ཚོའི་ཁྱིམ་གྱི་ཁྱི་ལ་བྱམས་སྐྱོང་དང་ལམ་གྱི་འཁྱམ་ཁྱི་རྣམས་ལ་ཁ་ལག་སྤྲོད་ཀྱི་ཡོད། སྤྱི་བཏང་ང་རང་སེམས་ཅན་ལ་སྙིང་རྗེ་སྐྱེས་དོན་ནི་རྒྱུ་མཚན་མང་པོ་ཡོད། དང་པོ། ཁོང་ཚོ་ང་ཚོ་ནང་བཞིན་བསམ་བློ་གཏོང་ཤེས་པའི་རིག་པ་མེད། ཟས་འཚོལ་ཕྱིར་མིས་ཉེས་བརྡུང་སོགས་མྱོང་དགོས་ཀྱི་ཡོད་པ་དང་། དུད་འགྲོ་ཚོར་ང་ཚོ་ནང་བཞིན་ཚ་སོབ་སོབ་ཀྱི་སྡོད་ཁང་དམིགས་བསལ་ནི་མེད་པ། གནས་སྟངས་ཞན་པོ་མང་པོ་ཞིག་གི་རྒྱུ་མཚན་ལ་བརྟེན་ནས་ང་རང་དུད་འགྲོའི་རིགས་ལ་སྙིང་རྗེ་ཆེན་པོ་སྐྱེ་ཡི་འདུག
ངའི་ནང་ལ་ཁྱི་ཞིག་ཡོད། ང་ཚོས་ཁྱི་དེ་ཐོག་མར་ཁྱིམ་དུ་འཁྲིད་ཡོང་ཚུལ་གྱི་དོན་རྐྱེན་ཞིག་བརྗོད་ན། ང་དང་ཨ་མ་ལགས་གཉིས་ལས་ཀ་ཞིག་གི་ཆེད་དུ་ཕྱི་ལ་བསྐྱོད་སྐབས་སུ། ལམ་དུ་འཁྱམ་ཁྱི་སྟོབས་ཆེན་ཞིག་དང་སྟོབས་ཆུང་ཞིག་ཕན་ཚུན་འཁྲུག་འཛིང་ཆེན་པོ་ཞིག་གི་གནས་སྟངས་འོག་ཅུང་སྟོབས་ཆུང་དེ་ཞེད་སྣང་དང་འཇིགས་སྣང་གི་རྣམ་པའི་མྱོང་བཞིན་པ་དེ་མ་བཟོད་ནས། ང་ཚོའི་ཁྱིམ་དུ་ཁྱེར་ཡོང་བ་ཞིག་ཡིན། དེ་ནས་བཟུང་སྟེ། ཁྱི་ཕྲུག་དེ་ང་ཚོའི་ཁྱིམ་གྱི་ཁྱི་ཞིག་ལ་གྱུར་བ་རེད། ང་ཚོས་ཁྱི་ཕྲུག་དེའི་མིང་ལ་བྷ་ལུ་ཞེས་འབོད་བཞིན་ཡོད། བྷ་ལུ་ཞེས་པ་ནི། རྒྱ་གར་གྱི་མིང་ཞིག་རེད། དེའི་དོན་ནི། སེམས་ཅན་དོམ་ལ་གོ་བ་རེད། ང་ཚོས་ཁོ་དང་ལྡོག་པའི་མིང་ཞིག་བཏགས་དོན་ནི། ང་ཚོས་ནམ་ཡང་བྷ་ལུ་རང་རྐྱ་འཕེར་བའི་ཁྱི་བློ་ཁོག་ལྡན་པ་ཞིག་ལ་ལྟ་འདོད་ཆེན་པོ་ཡོད་པས། ང་ཚོས་ཁོ་ལ་དོམ་བཞིན་དཔའ་ལྡན་པའི་རེ་བ་ཞིག་འདོན་པའི་ཚུལ་ཡིན།
ང་ཚོའི་བྷ་ལུ་ནི་ཐོག་མར་ང་ཚོའི་ཁྱིམ་དུ་ཁྲིད་ཡོང་སྐབས་སུ། ང་ཚོར་ཞེད་སྣང་ཆེན་པོ་བྱས་པ་དང་ཟ་མ་ཟ་དུས་དཔའ་ཞུམ་ཞུམ་བྱེད་ཀྱི་ཡོད། གཟུགས་པོ་སྐམ་ལ་ཕྱི་ལ་རུས་པ་གསལ་བས། ལུས་སེམས་གཉིས་ཀ་རྒུད་པའི་ཁྱི་སྙིང་རྗེ་སྐྱེས་ཡུལ་ཞིག་འདུག། ཨ་མ་ལགས་དང་ང་གཉིས་ཀྱི་སེམས་ཁམས་མཐུན་ལ། གཉིས་ལ་སེམས་ཅན་རིགས་གཙང་བཙོག་མེད་པའི་སྒོ་ནས་བྷ་ལུའི་གཟུགས་པོ་བཀྲུས་པས། དྲི་མ་དང་སྤུ་མདོག་གི་རྣམ་པ་ཏོག་ཙམ་ཡག་ཏུ་སོང་བས། ང་ནི་དགའ་སྣང་ཆེན་པོ་ཞིག་སྐྱེས་བྱུང་། དེ་བཞིན་ཨ་མ་ང་གཉིས་ཀྱིས་བྷ་ལུའི་ལུས་སྟོབས་རྒྱས་ཕྱིར། གསོ་སྐྱོང་གང་དྲགས་ཀྱིས། ད་ལྟ་ང་ཚོའི་བྷ་ལུ་ནི་བདག་ཡོད་ཅན་གྱི་ཁྱི་གཟི་བརྗིད་ཅན་ཞིག་ལ་གྱུར་ཡོད། བྷ་ལུའི་སྤུ་མདོག་བཟང་ལ། སྤྱང་སྒྲུང་དོད་པ་ཞིག་ཡོད། དེང་སང་ཁོས་ཁྱིམ་མི་ཚོ་དང་འབྲེལ་འདྲིས་ཆེ་བས། སུ་ལའང་ཞེད་སྣང་མེད་པས། རྩེད་མོ་རྩེ་བ་སོགས་ཀྱིས་བློ་བདེ་ངང་གནས་ཡོད། བྷ་ལུ་ནི་སེམས་ཅན་འདུད་འགྲོ་ཞིག་ཡིན་ནའང་། ཁོ་བོས། རང་ལ་བྱམས་སྐྱོང་བྱེད་མཁན་ཚོ་ལ་ངོ་ཤེས་ཐུབ་པའི་སྒོ་ནས་སེམས་ཐག་ཉེ་བོ་བྱེད་ཤེས་པ་དང་ནང་མི་དང་ཕྱི་མི་ཁྱད་པར་འཇལ་ཤེས་མཁན་ཞིག་ཡིན། བྷ་ལུས་ཨ་མ་ལགས་ཕྱི་ནས་ཕེབས་པ་དང་། ཁོ་བོས་ཨ་མ་ལགས་ལ་མི་འདོད་པའི་ཟུག་སྒྲ་སྒྲོགས་ནས་ང་བཞག་ནས་གང་དུ་ཕྱིན་པ་ཡིན་ཞེས་པའི་རྣམ་པའང་སྟོན་གྱི་ཡོད། བྷ་ལུས་ཁྱིམ་དུ་མི་ངོ་ཤེས་མེད་པ་རིགས་ཡོང་བ་མཐོང་ཚེ། ཁྱིམ་དུ་ཐད་ཀར་ལོན་སྐྱེལ་བ་སོགས་ཀྱིས་ལས་ཀ་བྱེད་བཞིན་ཡོད།
མཚམས་རེ་ངས་གལ་ཏེ་ང་ཚོ་དང་བྲལ་སོང་ན། ང་ཚོས་བྷ་ལུ་དྲན་པ་ཐུབ་བམ། ཞེས་པའི་དྲི་བ་ཡང་ཡང་འཁོར་མྱོང་ཡོད། གང་ཡིན་ཞེས་ན། ངས་ཐེངས་ཤིག་དྲ་རྒྱའི་ནང་ཁྱིའི་ཚེའི་དུས་ཡུན་གྱི་གནས་ཚུལ་ལྟ་སྐབས་སུ། ཁྱིའི་ཚེ་རིང་ཐུང་ནི་མི་བཞིན་མ་ཡིན་པར། མང་ཤོས་ལོ་བཅུ་དང་བཅུ་གཉིས་བཀོད་འདུག་པས། གནས་ཚུལ་དེ་རྟོགས་པ་དང་རང་དབང་མེད་པར། བྷ་ལུ་ལ་སྔར་ལས་བརྩེ་བ་ཆེ་རུ་དང་སྙིང་རྗེ་མང་བ་སྐྱེས་བྱུང་། ཁྱིའི་ཚེའི་དུས་ཡུན་བཀོད་པ་རྙེད་པ་དེ་དང་། བྷ་ལུའི་ལོ་ཏག་ཏག་ཞིག་ཤོད་རྒྱུ་མེད་པ་གཉིས་ཀྱིས། བྷ་ལུ་ང་ཚོ་དང་ནམ་ཁ་བྲལ་ཡོང་བསམས་ནས་དངངས་སྐྲག་ཆེན་པོ་ཞིག་བྱུང་མྱོང་། གནས་དོན་དེ་ཨ་མ་ལགས་ལ་བཤད་པས། ཨ་མ་ལགས་ཀྱིས་བྷ་ལུའི་གཟུགས་པོའི་གནས་སྟངས་ལ་དཀའ་ངལ་མེད་པའི་རྒྱུ་མཚན་གསུངས་པ་ལ་བརྟེན་ནས། ངའི་སེམས་ཀྱི་སྡུག་བསྔལ་ཆེན་པོ་ཞིག་མེད་པ་བཟོས་སོང་། ང་རང་ཆུང་དུས་ནས་སེམས་ཅན་དུད་འགྲོའི་རིགས་ལ་རང་བཞིན་གྱིས་སྙིང་རྗེ་སྐྱེ་ཐུབ་མཁན་གྱི་བུ་མོ་ཞིག་ཡིན་པས། སེམས་ཅན་ཀུན་ལ་གནོད་འཚེ་བྱ་རྒྱུའི་བསམ་བློ་དེ་གཏན་ནས་མེད། ཡིན་ནའང་། མི་རིགས་འགའ་ཤས་ཀྱིས་ སེམས་ཅན་ལ་རྡོ་གཞུ་བ་སོགས་གནོད་པ་བྱེད་པ་མཐོང་མྱོང་། དེ་རིགས་ང་ཚོས་བྱ་རྒྱུ་མེད། ང་ཚོ་བོད་པ་ཞིག་ཡིན་པས། བོད་པ་ཞེས་ལབ་དུས་སེམས་བཟང་པོ་ཞིག་ལ་རྩི་ཡི་ཡོད། ང་ཚོས་དེ་འདྲ་བྱེད་བསྡད་ན་ངོ་ཚ་དགོས་པ་ཞིག་ཆགས་རེད། ཁྱེད་ཚོས་བྱུང་ན་སེམས་ཅན་རྣམས་ལ་བརྩེ་བ་དང་བྱམས་སྐྱོང་བྱེད་རོགས། མ་བྱུང་ན་སེམས་ཅན་གཟུགས་པོ་སྐྱོ་བོ་རིགས་ལ་ལྟ་རྟོག་བྱེད་རོགས་གནང་། སེམས་ཅན་ཐམས་ཅད་ལ་བདེ་བ་འཐོབ་པར་ཤོག་སེམས་བཟང་འཕེལ་བར་འགྱུར།
ད་བར་དཔྱད་མཆན་མེད།