ན་ཚང་བཀྲ་ཤིས་ཚེ་རིང་། གཞི་གོང་བོད་དགེ།
སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ

དང་པོ། སྔོན་གླེང་གི་ཚུལ་དུ་དགེ་རྒན་གལ་འགངས་ཆེ་བའི་རང་བཞིན་གླེང་བ།

   སྤྱིར་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་ཆབ་དཔལ་རིག་གསུམ་གྱི་འཕེལ་རྒྱས་མྱུར་པོ་འགྲོ་མིན་ནི། ཤེས་ཡོན་གྱི་སྡེ་ལ་རག་ལས་ཤིང་། ཤེས་ཡོན་གྱི་བྱང་ཚད་གང་འདྲ་ཞིག་ཏུ་སོན་མིན་ནི། དགེ་བའི་བཤེས་གཉེན་རྣམས་ཀྱིས་བཀོད་པ་ལ་རག་ལས་པས། དགེ་རྒན་ནི་འགྲོ་བ་མིའི་རིགས་ལ་ཤེས་རིག་གི་སྒྲོན་མེ་ལྟ་བུ་དང་རླབས་ཆེན་བསམ་བློ་བའི་བཟོ་བཀོད་ཀྱི་མཛད་པ་པོ་ཞིག་ཀྱང་ཡིན་ལ། དགེ་རྒན་གྱི་བྱ་བ་ནི། དཀའ་ཁག་རབ་ཏུ་ཆེ་ཞིང་གཟི་བརྗིད་འོད་སྟོང་ལྡན་པའི་བྱ་བ་ཞིག་ཡིན་པ་སྨོས་ཅི་ལ་དགོས། དེ་ཡང་བོད་ནང་དུ་རྩོམ་པ་པོ་གྲགས་ཅན་ཞོགས་དུང་ལགས་ཀྱི་ཆེད་རྩོམ་ཞིག་ལས། “གལ་ཏེ། བདག་གཉེར་པ་ཞིག་ཡིན་པའི་དབང་དུ་བཏང་ན་དགེ་རྒན་ནི་དགའ་ཚལ་གསོ་སྐྱོང་པ་ཞིག་རེད། གལ་ཏེ། བཟོ་བཀོད་པ་ཞིག་ཡིན་པའི་དབང་དུ་བཏང་ན། དགེ་རྒན་ནི་འགྲོ་བ་མིའི་རིགས་ཀྱི་བླ་སྲོག་གི་བཟོ་བཀོད་པ་ཞིག་རེད། བཤད་ཚུལ་དེ་དག་ནི་དགེ་རྒན་གྱི་ལས་རིགས་ལ་གདེང་འཇོག་བྱེད་པ་སྟེ་མི་རྣམས་ཀྱིས་གོ་ཐོས་མྱོང་ཡོད་ནི་རེད། གལ་ཏེ། སློབ་མ་རྣམས་ནི་མི་ཡུལ་གྱི་མཚར་སྡུག་གི་མེ་ཏོག་རེ་རེའི་ས་བོན་ཡིན་པའི་དབང་དུ་བཏང་ན། དགེ་རྒན་ནི་དུས་ཐོག་གི་ཆར་ཆུ་རེད་ཅེས་ཀྱང་ཟེར་ཆོག་ལ། དཔེ་འཇོག་དེ་དག་གིས་དགེ་རྒན་གྱི་ལས་རིགས་ནི་ཁྱད་འཕགས་ཀྱི་ལས་རིགས་ཤིག་ཡིན་པ་བསྟན་ནོ། ། དགེ་རྒན་ཞེས་པའི་ཐ་སྙད་འདི་གོ་ཐེངས་རེར་རྣ་ལ་རབ་ཏུ་སྙན་ཞིང་ཡིད་ལ་དགའ་བ་དཔག་མེད་དུ་སྦྱིན་ཐུབ་པའི་ཐ་སྙད་ཆེས་དམིགས་བསལ་བ་ཞིག་ཏུ་འཚོར་ཞིང་། ཁོ་བོས་ཆུང་དུས་སུ་བོད་ནང་དུ་སློབ་ཆུང་དང་སློབ་འབྲིང་སོགས་འགྲིམ་སྐབས་བཀའ་དྲིན་ཅན་གྱི་དགེ་བའི་བཤེས་གཉེན་རྣམས་ཀྱི་མི་གཤིས་བཟང་པོའི་མིག་དཔེ་དང་གཟབ་ནན་གྱི་བསླབ་བྱ་དག་ཡིད་ལ་དབང་མེད་དུ་ལྷང་ལྷང་ཤར་ཞིང་མིག་མཐར་མཆི་མ་ཡང་ཡང་འཁོར་མྱོང་། དེ་མཚུངས་སློབ་གྲྭ་འགྲིམས་པའི་མི་ཞིག་ཡིན་ན། དང་པོ་འབྲི་ཀློག་སློབ་མཁན་གྱི་དགེ་རྒན་དག་ལྷག་ཏུ་བརྗེད་ཐབས་མེད་པ་ཞིག་རེད། དགེ་རྒན་ཁོང་ཚོའི་སྤྱོད་ཚུལ་གྱིས་སློབ་མའི་མི་ཚེའི་ཐོག་མཐའ་བར་གསུམ་དུ་ཤན་ཤུགས་བསུབ་ཏུ་མེད་པ་ཐེབས་ངེས་ཡིན་ལ། དགེ་རྒན་མཆོག་ཅིག་ཡིན་ཚེ་ཁོང་གི་སློབ་མ་དག་གིས་ཁོ་ཚོ་སློབ་མ་གང་དེའི་དགེ་རྒན་ཡིན་ཞེས་ངོམ་སོར་འཕྱར་བ་རེད། དཔེར་ན། སྔོན་གྱི་དཔེ་ལ་མི་རྣམས་ཀྱིས“ཕ་མ་བཟང་པོའི་བུ་ཕྲུག་དང་དགེ་རྒན་བཟང་པོའི་དགེ་ཕྲུག”ཅེས་ནམ་རྒྱུན་གཟེངས་བསྟོད་བྱེད་པ་ལྟར། འདི་ལྟར་བཤད་ཆོག་སྟེ། དགེ་རྒན་ཕུལ་ཏུ་བྱུང་བ་ཞིག་ནི། འགྲོ་བ་མིའི་རིགས་ཀྱི་ལེགས་ཚོགས་ཀུན་གྱི་བྱེད་པོ་ཡིན་པར་མ་ཟད། འགྲོ་བ་མིའི་རིགས་ཀྱི་རྨོངས་པའི་དྲ་ལས་རྒྱས་ཤིང་ཤེས་རབ་ཀྱི་འོད་སྟོང་ལྡན་པའི་ཕྱོགས་བསྐྱོད་ཀྱི་བྱེད་པོ་གཙོ་བོ་ཞིག་ཡིན་ཞེས་བཤད་ན་ཆོག ཇི་སྐད་དུ་༸གོང་ས་སྐྱབས་མགོན་མཆོག་གིས་ཀྱང་དགེ་རྒན་ནི་འགྲོ་བ་མིའི་རིགས་ཀྱི་རླབས་ཆེན་བྱེད་པོ་ཡིན་པར་གསུངས་པ་ལྟར་དགེ་རྒན་རྣམས་ལ་ཕུལ་བྱུང་གི་ཁྱད་ཆོས་འགའ་ལྡན་དགོས་ཏེ། སྒོ་གསུམ་གྱི་སྤྱོད་པ་ཚུལ་ཁྲིམས་བག་དང་ལྡན་པ། སེམས་ཞི་བར་གནས་ཤིང་རྣལ་འབྱོར་དང་ལྡན་པ། ཡོན་ཏན་གྱི་སྒོ་ཀུན་ལ་བརྩོན་འགྲུས་དང་ལྡན་པ། ལས་དོན་ལ་སྐྱོ་བ་སྤངས་ཤིང་སྤྲོ་སྣང་དང་ལྡན་པ། ལུང་རིགས་ཀྱི་ཕྱུག་པ། དེ་ཉིད་རབ་ཏུ་རྟོགས་ཤིང་སྨྲ་མཁས་ལྡན་པ་བཅས་བཀའ་སྩལ་ཡོད། མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ།། ཡོན་ཏན་ལྷག་པར་བརྩོན་བཅས་ལུང་གིས་ཕྱུག།། དེ་ཉིད་རབ་ཏུ་རྟོགས་དང་སྨྲ་མཁས་ལྡན།། བརྩེ་བའི་བདག་ཉིད་སྐྱོ་ངལ་སྤངས་ལ་བསྟེན།། ཞེས་གསུངས། མདོར་ན། དགེ་བའི་བཤེས་གཉེན་དང་དགེ་རྒན་གཉིས་ངོ་བོ་དབྱེར་མེད་དུ་འཇོག་སྟེ། དགེ་རྒན་རང་ཉིད་ཀྱི་ལས་དོན་ལ་སྤྲོ་སེམས་ཁོལ་ཞིང་སྒོ་གསུམ་གྱི་བྱ་སྤྱོད་ཀུན་ལ་བག་དང་ལྡན་ཞིང་ཡོན་ཏན་གནས་མཐའ་དག་ལ་ཞུམ་མེད་སྦྱོང་འདོད་ཀྱི་བརྩོན་འགྲུས་ཀྱི་ཉི་གཞོན་ཞིག་རྣམ་ཀུན་ཡིད་ལ་མངའ་བའོ།།

གཉིས་པ། དགེ་རྒན་གྱི་ཐ་སྙད་གླེང་བ།

   སྔོན་ཆད་བསྟན་བཅོས་ཀྱི་གཞུང་ལུགས་དུ་མ་ཞིག་གི་ནང་དུ་དགེ་རྒན་གྱི་ཐ་སྙད་འདིར་འགྲེལ་བརྗོད་ཟུར་ཙམ་ལས་བཀོད་མེད་མོད། འོན་ཀྱང་དགེ་བའི་བཤེས་གཉེན་གྱི་ཐ་སྙད་ལ་འགྲེལ་བརྗོད་གཏིང་ཚུགས་པ་དང་ཟབ་ཅིང་རྒྱ་ཆེ་བ་ཞིག་ནང་པ་སངས་རྒྱས་པའི་བསྟན་བཅོས་ཁག་གི་གཞུང་ལུགས་སུ་གསལ་བ་ལྟར་ཐུན་མོང་མ་ཡིན་པའི་བཤེས་གཉེན་བསྟེན་ཚུལ་གྱི་སྐོར་ལ་རྒྱས་ཤིང་རྒྱས་པར་མཇལ་རྒྱུ་ཡོད། དགེ་རྒན་ཞེས་པའི་ཐ་སྙད་འདི་ནི། ཕྱིས་སུ་རྒྱ་སྐད་ཐོག་ཏུ་ལཱོབ་ཧྲི་ཞེས་པའི་བོད་བསྒྱུར་བྱས་ཏེ་དགེ་རྒན་གྱི་ཐ་སྙད་གསར་དར་བྱུང་བ་སྙམ། རྩོམ་པ་པོ་ཞོགས་དུང་ལགས་ཀྱིས་“དགེ་རྒན་ཚད་ལྡན་ཞིག་གིས་གཟི་བརྗིད་དུ་རློམ་ཆོག་པའི་ཐ་སྙད་འདི་འུ་ཚོར་མཚོན་ན་དུས་ཡུན་རིང་པོ་མེད་པའི་ཐ་སྙད་ཅིག་རེད། ཚད་ངེས་ཅན་གྱི་སྟེང་ནས་བཤད་ན། ཐ་སྙད་འདིས་མི་ཆོས་རིག་གནས་མཚོན་ཞིང་། ཐ་སྙད་འདི་བྱུང་བའི་དུས་མཚུངས་སུ་འུ་ཚོར་མི་ཆོས་རིག་གནས་དར་མགོ་ཚུགས་སོང་ཞེས་ཀྱང་བཤད་ཆོག འུ་ཚོའི་གནའ་བོའི་རིག་གནས་དང་ཆོས་ལུགས་རིག་གནས་སུ་མིང་དོད་དུ་བཤེས་གཉེན་དང་། སློབ་དཔོན། བླ་མ་སོགས་ཟེར་ཞིང་། དེ་ཉིད་གལ་ཆེ་བའི་རྒྱུ་མཚན་གྱིས་ཆོས་གཞུང་དག་གི་ལམ་རིམ་གྱི་མགོ་ཕལ་ཆེར་བཤེས་གཉེན་བསྟེན་ཚུལ་ནས་བརྩམས་ཏེ་བཤད་འདུག་ལ། འཕགས་པ་བརྒྱད་སྟོང་པ་ལས། མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། དང་པོ་ཉིད་དུ་དགེ་བའི་བཤེས་གཉེན་དག་ལ་བསྙེན་པར་བྱ། བསྟེན་པར་བྱ། བསྙེན་བསྐུར་བར་བྱའོ། ། ཞེས་དང་། གཞན་དུ། བླ་མ་མེད་པའི་གོང་རོལ་ན། ། སངས་རྒྱས་བྱ་བའི་མིང་ཡང་མེད། ། ཅེས་མཚན་ལྡན་གྱི་བཤེས་གཉེན་ནམ་བླ་མ་མ་འཁྲུལ་བར་བསྟེན་པ་གནད་གལ་ཆེ་ཚུལ་དང་། དེ་ཡང་ཐེག་པ་སོ་སོའི་དབང་དུ་བྱས་པའི་བཤེས་གཉེན་མཚན་ཉིད་ཉིས་ལྡན་ནས་སུམ་ལྡན་བར་དང་། བཅུ་ལྡན། བཅུ་བཞི་ལྡན་པ་སོགས་ཡོད་ཚུལ་གསུངས་<<རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོའི་གསུང་འབུམ་པོད་དང་པོ་ལས།>>ལ་གཞུང་ལུགས་ཀྱིས་སྔར་ནས་གཏན་ལ་ཕབ་སྟེ་འདུག དེ་ལ་བསམ་པས་ཀྱང་དགེ་རྒན་གྱི་གལ་ཆེན་རང་བཞིན་རྟོགས་འོང་།” མདོར་ན། དགེ་རྒན་ཞེས་པའི་ཐ་སྙད་འདིས་འཇིག་རྟེན་ཀུན་གྱིས་ཐུན་མོང་དུ་སྣང་བའི་མི་ཆོས་རིང་ལུགས་ཀྱི་རྣམ་གཞག་གཙོ་བོར་བཟུང་ནས་ཕྱི་རབས་གསར་བུ་བ་རྣམས་ལ་མཛུབ་ཁྲིད་ལམ་སྟོན་གནང་མཁན་གྱི་སྐྱེས་བུ་ཆེས་གནད་འགག་ཅན་ཞིག་ཡིན་པར་སྨོན།

གསུམ་པ། ལས་གནས་ལ་ལྷག་བསམ་དང་དགའ་ཞེན་སྤྲོ་སྣང་ལྡན་པ།

   གནད་དོན་ཇི་འདྲ་ཞིག་དང་འཕྲད་རུང་འཐུས་ཤོར་མེད་པའི་ཐོག་རང་ཉིད་ཀྱི་ལས་དོན་ལ་དགའ་ཞེན་སྤྲོ་སེམས་ཁོལ་བའི་འོག་བྱ་བ་ལྷུར་ལེན་གྱིས་འབད་བརྩོན་ཆུ་བོའི་རྒྱུན་བཞིན་དུ་སྟེན་པ་ཞིག་དགོས། དེ་ཡང་བོད་ཀྱི་གསར་འགྱུར་དྲྭ་བ་སོགས་ལས། དེ་ཡང་བོད་གངས་ཅན་གྱི་ལྗོངས་སུ་མཁས་པ་ཡོངས་སུ་གྲགས་པའི་པཎྜི་ཏ་ཐོག་མ་ས་སྐྱ་པཎ་ཆེན་གྱི་གསུང་ལས། དགེ་བའི་བཤེས་གཉེན་གྱི་མཚན་ཉིད། “རྩོམ་མཁས་གཞན་ལ་ཕན་པར་འདོད།།”ཅེས་གསུངས་པ་ལྟར། དགེ་རྒན་བཟང་པོ་ཞིག་བྱེད་པར་འགན་འཁྲིའི་འདུ་ཤེས་ཡོད་པ་ཙམ་གྱིས་མི་ཆོག་པར་ད་དུང་གཞན་ལ་ཕན་པར་འདོད་ཅིང་། འཇིག་རྟེན་ཆོས་བརྒྱད་ཀྱི་རྗེས་སུ་མ་འབྲངས་པར་ལྷག་བསམ་རྣམ་པར་དག་པའི་ཀུན་སློང་གཙང་མ་ཡིས་དགའ་ཉེེ་ཕྱོགས་ཞེན་མེད་པ་མ་འོངས་པའི་སོན་རྩ་གསར་བུ་བ་རྣམས་ལ་ཤེས་སྤྱོད་གཉིས་ལྡན་གྱིས་གསོ་སྐྱོང་དང་། དགེ་ཕྲུག་ཚོས་དགའ་ཞེན་ནི། རང་གི་དགེ་རྒན་ཡག་ཤོས་དེ་ཡིན་ཞེས་གསུངས་པ་ལྟར། རང་གི་ལས་གནས་དེར་སྤྲོ་བ་དང་དགའ་ཞེན་ཡོད་དགོས་པ་ནི། གྲུབ་འབྲས་ལེགས་པོ་ཞིག་ཐོབ་མིན་གྱི་གནད་འགག་གཙོ་བོ་དེ་ཡིན། འོན་ཀྱང་སློབ་ཁྲིད་ལེགས་པ་ཙམ་གྱིས་མི་ཆོག་སྟེ་དགེ་རྒན་གྱི་ལས་རིགས་འདིར་གཞན་ཕན་གྱི་ལྷག་བསམ་དགོས་ལ། དཀའ་སྤྱད་དང་སྡུག་རུས་དེ་བས་ཀྱང་དགོས། འུ་ཅག་བོད་ཀྱི་སྲོལ་རྒྱུན་སློབ་གསོའི་ཁྲོད་དུ་དགེ་བའི་བཤེས་གཉེན་ནི། གཞན་ཕན་གྱི་ལྷག་བསམ་ལྡན་ཞིང་། ཡོན་ཏན་གྱི་གནས་ལ་ཐོས་བསམ་སྒོམ་གསུམ་གྱིས་ཕྱུག་པ་དང་། འཆད་རྩོད་རྩོམ་གསུམ་ལ་མཁས་པ། བླང་དོར་དང་བློ་གྲོས་ཀྱི་གནས་ལ་འཇུག་པ་ཡངས་པའི་རླབས་ཆེན་གྱི་སྐྱེས་བུ་དམ་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པས། ང་ཚོས་ཀྱང་སྔོན་བྱོན་བཤེས་གཉེན་དམ་པའི་རང་དོན་རྒྱབ་བསྐྱུར་དང་སྤྱི་དོན་དང་བླངས་ཀྱི་བླ་ན་མེད་པའི་སྙིང་སྟོབས་ལ་སློབ་སྦྱོང་དང་མིག་ལྟོས་ཀྱིས། གཞན་གྱི་དྲན་སྐུལ་དང་སྐུལ་ལྕག་ཁོ་ནར་བསྒུགས་ནས་མ་བསྡད་པར་རང་གི་གང་ཤེས་པ་ཐམས་ཅད་སློབ་མ་རྣམས་ལ་བུམ་པ་གང་བྱོའི་ཚུལ་དུ་ལེགས་པར་བསླབས་ནས། སློབ་མའི་ཤེས་སྤྱོད་གཉིས་ཀ་འཕེལ་བར་འབད་བརྩོན་བྱེད་དགོས། གཞན་ལ་ཕན་འདོགས་པར་འདོད་པའི་ལྷག་བསམ་རྣམ་དག་གི་ཀུན་སློང་གཙང་མ་ཞིག་རང་རྒྱུད་ལ་ཡོད་ན། ལས་གནས་དེར་བཅོས་མ་མ་ཡིན་པའི་དགའ་ཞེན་རྣལ་མ་ཞིག་ངང་གིས་སྐྱེས་སྲིད། ལས་ཀ་དེར་དཀའ་ཚེགས་དང་བར་ཆད་ཇི་ཙམ་འཕྲད་ཀྱང་དེ་དག་ཐམས་ཅད་ཉི་མ་སྤྲིན་བྲལ་ལྟར་ཡལ་ནས། “བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།།”ཞེས་པ་ལྟར་བསམ་པ་བཟང་པོ་རང་གཞན་དོན་ཀུན་འགྲུབ་པའི་རྒྱུར་གྱུར་ཅིང་། ལྷག་བསམ་དང་དྲང་བདེན་ཟོལ་མེད་ཀྱི་ཤེས་ཡོན་དང་འཇོན་ནུས་ལྡན་པའི་དགེ་བའི་བཤེས་གཉེན་དེ་འདྲ་ཞིག་ལ་སློབ་མ་དང་ཁྱིམ་བདག་གིས་དགའ་ཞེན་དང་གཞོགས་འདེགས་མི་བྱེད་ག་ལ་སྲིད། དེ་ལྟར་ཁྱིམ་ཚང་གི་སློབ་གསོ་དང་། སྤྱི་ཚོགས་ཀྱི་སློབ་གསོ་ཙམ་མ་ཟད་སློབ་གྲྭའི་སློབ་གསོ་ལ་ཡང་ཤུགས་སྣོན་ཆེན་པོ་རྒྱག་ཚེ། སློབ་མའི་ཕྱོགས་ཡོངས་ཀྱི་ནུས་པ་གོང་དུ་འཕེལ་བར་ཕན་འབྲས་ཆེན་པོ་ཐོན་སྲིད། དགེ་བའི་བཤེས་གཉེན་ནི། སློབ་ཕྲུག་ཚོར་མཚོན་ན་ཕ་མ་གཉིས་པ་ལྟ་བུ་དང་། མཐའ་ཡས་པའི་ཤེས་བྱ་ཀུན་རྨོངས་པའི་རྒྱ་ལས་གྲོལ་ཐབས་ཀྱི་ལམ་བཟང་སྟོན་མཁན་འདྲེན་བྱེད་དམ་པ་ནི། དགེ་བའི་བཤེས་གཉེན་རང་ཉིད་ཀྱི་བཀོད་པ་ཉག་ཅིག་ལ་རག་ལས་ཡོད་པས། བཤེས་གཉེན་དམ་པའི་ཐབས་ཇུས་ནི་ཉི་ཟླ་གཉིས་ཀྱི་འོད་ཟེར་ས་གཞིར་འཕྲོས་པ་ལྟར་སློབ་གཉེར་བ་རྣམས་ལ་ཆེས་གལ་འགངས་ཆེའོ།།

བཞི་པ། སློབ་ཕྲུག་ལས་ཡོན་ཏན་ཕྱུག་པ།

   སྤྱིར་དགེ་རྒན་གྱི་བྱ་བ་ནི། དཀའ་ཁག་ཆེ་ཞིང་གཟི་བརྗིད་འོད་སྟོང་ལྡན་པའི་བྱ་བ་ཞིག་ཡིན་པ་སྨོས་ཅི་ལ་དགོས། ཁྱད་པར་དུ་དགེ་རྒན་རང་ཉིད་ཀྱི་རིག་ཚན་བྱེ་བྲག་པའི་སློབ་གཞིའི་ཐོག་ལ་ཤེས་ཚད་བྱང་དུ་ཆུབ་པ་ཞིག་དགོས། རྒྱུ་མཚན་ནི། དགེ་རྒན་རང་ཉིད་ཀྱིས་སློབ་ཚན་འཁྲིད་སྐབས་སུ་གདེང་སྤོབས་ཀྱི་ཐོག་ནས་སློབ་ཁྲིད་ལ་འཇུག་ཐུབ་པ་དང་། ལྷག་པར་དུ་སློབ་ཕྲུག་ཚོར་བསམ་བློ་གསར་བའི་སྒོ་འབྱེད་ཀྱི་ལྡེ་མིག་ལྟ་བུ་ཞིག་བསྐྲུན་ཐུབ་པ་མ་ཟད། སློབ་ཕྲུག་དག་ཀྱང་དགེ་རྒན་ལ་དགའ་ཞེན་དང་བརྩི་མཐོང་སོགས་མངོན་ཡོང། དེ་ཡང་མདོ་སྡེ་རྒྱན་ལས། “ཡོན་ཏན་ལྷག་པར་བརྩོན་བཅས་ལུང་གིས་ཕྱུག།།’’ ཅེས་པའི་དགེ་བའི་བཤེས་གཉེན་ནི། སྒོ་གསུམ་གྱི་སྤྱོད་ཚུལ་དང་འབྲེལ་བའི་ཡོན་ཏན་རྣམས་ལ་ཆེས་བརྩོན་འགྲུས་བརྩམས་ཏེ་མ་ཐུབ་པ་དག་ཐུབ་ཅིང་། ཐུབ་པ་རྣམས་གོང་ནས་གོང་དུ་འཕེལ་པའི་གནས་ལ་འབད་ཅིང་། དགེ་རྒན་རང་ཉིད་ཀྱི་སློབ་ཕྲུག་ལས་ཡོན་ཏན་རབ་ཏུ་ཕྱུག་པ་ངེས་པར་དུ་གནང་གལ་ཆེ་བ་དང་།དེ་བཞིན་དགེ་རྒན་རང་ཉིད་ཀྱིས་རིག་ཚན་ལ་དགའ་ཞེན་གྱི་འདོད་པ་སྐྱེད་སྲིང་དུས་ནས་དུས་སུ་བྱས་ནས་སློབ་ཕྲུག་རྣམས་ལ་མིག་དཔེ་བཟང་པོ་ཞིག་བསྐྲུན་པའི་ཐོག་ནས་སློབ་ཚན་ལ་དགའ་ཞེན་དང་སྤྲོ་སྣང་ཞིག་གི་རྣམ་པར་བསྒྱུར་ཐུབ་དགོས། དེ་དག་མེད་ཚེ་འཛིན་གྲྭ་ནང་དུ་སྐྱོད་སྐབས་སུ་སློབ་ཚན་འཁྲིད་པའི་གདེང་སྤོབས་མེད་ཅིང། སློབ་ཕྲུག་དག་གི་དོགས་འདྲི་སོགས་ལ་ལན་འདེབས་དང་། གསལ་བཤད། དཔྱད་བརྗོད་སོགས་གང་ལ་ཡང་འགྲེལ་བརྗོད་མི་ཐུབ་པས། འཛིན་གྲྭ་སྟངས་འཛིན་ཐུབ་ཐབས་དཀའ་བར་མ་ཟད། སློབ་མ་རྣམས་ཀྱིས་ཀྱང་དགེ་རྒན་ལ་ཡིད་ཆེས་བརླག་པ་སོགས་མངོན་སུམ་གྱི་མིག་ལམ་དུ་མཐོང་རྒྱུ་ཡོད་ལ། དེ་དག་གི་འབྱུང་རྐྱེན་གཙོ་བོ་དོ་བདག་དགེ་རྒན་གྱི་ཤེས་ཚད་ལ་རག་ལས་པས། འཛིན་སྐྱོང་དང་ཤེས་ཡོན་འགན་ཁུར་ཚན་པས་དགེ་རྒན་གྱི་ཤེས་ཚད་མཐོར་འདེགས་བྱ་རྒྱུ་སོགས་ལ་ཁྱད་པར་དམིགས་བསལ་གྱིས་འགན་འཕར་མ་ཞིག་བཞེས་དགོས་ཤིང། དེ་མཚུངས་དགེ་རྒན་རང་ཉིད་ཀྱིས་ཀྱང་དུས་ནས་དུས་སུ་ཤེས་ཡོན་གྱི་ཁ་ཕྱོགས་གསར་པ་ཞིག་ལ་སྐྱོད་འདོད་པའི་ཕུགས་བསམ་རླབས་ཆེན་ཞིག་དགོས་པ་དང་། དེ་དག་བྱུང་ན་དགེ་རྒན་གྱི་ཤེས་ཚད་ལེགས་པོ་འབྱུང་ཞིང་མ་འོངས་པའི་ཕྱི་རབས་གསར་བུ་བ་རྣམས་ལ་ཁ་ཕྱོགས་གསར་བ་བསྐྲུན་ཐུབ་པར་མ་ཟད། སློབ་གཉེར་བ་རྣམས་ལ་དོན་སྙིང་ལྡན་པའི་མི་ཚེ་ཞིག་དང་། སྒེར་ཙམ་མ་ཡིན་པར་མི་རིགས་ཀྱི་འཕྲལ་ཕུགས་རྒྱང་གསུམ་ལ་ལེགས་སྐྱེས་ཆེས་ཕུལ་ཏུ་བྱུང་བ་ཞིག་འབུལ་ཐུབ་པར་སྙམ་མོ།།

ལྔ་པ། སྤྱི་ཚོགས་ཀྱིས་དགེ་རྒན་གྱི་ལས་རིགས་ལ་ལྟ་ཚུལ།

   དུས་རབས་ཉི་ཤུ་པའི་སྔོན་ཆད་ལ་དགེ་བའི་བཤེས་གཉེན་གྱི་ལས་རིགས་ལ་ཧ་ཅང་གི་ཆེ་མཐོང་ལྡན་ཞིང་འཇིག་རྟེན་མིའི་རིགས་ལ་ཤེས་སྤྱོད་བཟོ་མཁན་རླབས་ཆེན་གྱི་སྐྱེས་བུ་ཞིག་ཏུ་ངོས་འཛིན་གནང་ཡོད་ན། དེ་ཡང་མདོ་སྡེ་རྒྱན་དང་ས་སྐྱ་ལེགས་བཤད་སོགས་ལས་གོང་བཀོད་ལྟར་ཡིན། འོན་ཀྱང་དགེ་རྒན་གྱི་བྱ་བ་ལ་འཇུག་མཁན་རྣམས་ལ་ཉེ་རབས་ཀྱི་ལྟ་ཚུལ་ལ་ལས་རིགས་གཞན་དག་མ་རག་པའམ་ཡང་ན་ལས་རིགས་སྟབས་བདེ་ཤོས་རེད་བསམས་ནས་ཆེས་མི་སྙན་པའི་འཁྱལ་གཏམ་དུ་མ་ཞིག་སྒྲོག་ཅིང་། ལྷག་པར་དུ་བཙན་བྱོལ་བོད་པའི་སྤྱི་ཚོགས་ཁྲོད་དགེ་རྒན་གྱི་ལས་རིགས་ལ་ཆེ་མཐོང་མེད་ཅིང་། དགེ་རྒན་གྱི་ལས་རིགས་ལ་དམའ་འབེབས་ཀྱི་ཐ་ཚིག་མི་སྙན་པ་འགའ་ངམ་ངམ་ཤུགས་ཀྱིས་གོ་ཐོས་བྱུང་སོང་། དེ་ཡང་སྦེར་རི་སུ་ཇཱ་བོད་ཁྱིམ་གྱི་ནང་དུ་དགེ་རྒན་གྱི་ཕྱག་ལས་ལོ་མང་གནང་མྱོང་མཁན་ཀུན་གྱིས་ཡི་རང་བསྔགས་བརྗོད་ཞུ་ཡུལ་དགེ་བའི་བཤེས་གཉེན་དགེ་ངག་དབང་ཚེ་བརྟན་ལགས་ཀྱི་བོད་གཞུང་དཔེ་མཛོད་ཁང་དུ་གསུང་གི་ཚན་པ་ཞིག་ལས་ཕ་བུ་གཉིས་ཀྱི་དངོས་བྱུང་ལོ་རྒྱུས་དང་འབྲེལ་བའི་ཁ་བརྡའི་ཁྲོད་ནས་ཨ་ཕས་རང་གི་བུ་ལ་བརྗོད་དོན་སློབ་གྲྭར་མུ་མཐུད་དུ་ཕྱིན་ན་སློབ་མཐར་ཕྱིན་མཚམས་དམའ་མཐའ་ཡང་དགེ་རྒན་གྱི་ལས་ཀ་ཞིག་རག་ངེས་རེད་གསུངས། བུས་ཀྱང་པ་ཕ་ལ་བསྙད་དོན་དགེ་རྒན་གྱི་ལས་ཀ་བྱས་ན་དཔལ་འབྱོར་གསོག་རྒྱུ་ལ་དཀའ་ཁག་ཆེ་ཞིང། ལས་ཀ་དེ་བས་ཀྱང་དཀའ་ལས་ཁག་པོ་རེད་ལབ་ནས་ཕན་ཚུན་ཁ་བརྡ་བྱས། དེ་ལས་ཀྱང་མི་མང་འདུ་འཛོམས་སོགས་ཀྱི་ཁྲོད་ནས་རྒྱན་པོའི་རིགས་རྩེད་འཇོ་བྱེད་སྐབས་སུ་ཁོང་དགེ་རྒན་རེད་འཛུལ་ཞུགས་བྱས་ན་མི་བཟང་མོ་དངུལ་མེད་རེད་གསུངས་ནས་སྤྱི་ཚོགས་ནང་རང་བཞིན་གྱིས་ཕྱིར་ཐོན་མ་བྱས་ཀ་མེད་རེད། ཁྱད་པར་དུ་ཁོ་བོར་མངོན་སུམ་ཉམས་མྱོང་གི་ཁྲོད་ཁོང་བོད་ཁྱིམ་གྱི་དགེ་རྒན་ཞིག་རེད་སྙིང་རྗེ་ཟེར་ཞོར་གླ་ཆ་ཡོད་མ་རེད་ཟེར་ནས་འཕྱ་སྨོད་བྱ་ཡུལ་ལྟ་བུར་འགྱུར་བཞིན་འདུག། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་གོ་སྒྲིག་ཞུས་པའི་དུས་ཆེན་དང་དུས་དྲན་སོགས་ཀྱི་མཛད་སྒོ་རྣམས་ལ་དགེ་རྒན་དག་ལ་དམིགས་བསལ་གྱི་ཞབས་སྟེགས་དང་སྡོད་གནས་སོགས་ཆེད་མངགས་མེད་པས། རང་རེ་དགེ་རྒན་གྱི་ལས་དོན་ལ་འཇུག་མཁན་རྣམས་ལ་སྤྱི་ཚོགས་སུ་དཀའ་ངལ་སྣང་བའི་རྐྱེན་གྱིས། ཆེད་མངགས་དམིགས་བསལ་གྱི་རེ་སྒུག་ཅིག་ཞུ་རྒྱུ་ལགས་ན་རང་ཁོངས་ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་རྣམ་པས་དགེ་རྒན་རྒན་ཡོལ་ཐོན་མཁན་རྣམས་ལ་གཞིས་ཆགས་ཀྱི་ཐོབ་ཐང་མེད་མཁན་དག་ལ་བཞུགས་གནས་བཀོད་སྒྲིག་གནང་བའི་འཆར་གཞི་སྲ་བརྟན་ཞིག་དགོས་པ་དང་། ཁྱད་པར་དུ་ད་ལྟའི་དགེ་རྒན་གྱི་ཕྱག་ལས་གནང་མཁན་དག་ལ་ཐོབ་ཐང་ཚད་དང་ལྡན་པ་ཞིག་དང་གླ་ཕོགས་འདོད་བློ་ཁེངས་པ་ཞིག་གནང་ཐུབ་ན་དགེ་རྒན་རང་ཉིད་ཀྱི་ལས་དོན་ལ་སྤྲོ་སྣང་ཡོད་པ་ལྟར་བྱ་བ་ལྷུར་ལེན་གྱི་དུས་འདའ་བའོ་སྙམ།།