ཀུན་སྲིད་ཀུན་དར། མི་ཚང་མར་སྲིད་ཅིང་འོས་པའི་བྱ་བ།
དཀའ་སྤྱད་འབད་བརྩོན། དཀའ་ངལ་ཁྱད་བསད་ཀྱིས་འབད་པ་ཆེན་པོ་བྱེད་པ།
བཀའ་དྲིན་སྙིང་བཅངས། ཕ་མ་སོགས་ཀྱི་དྲིན་སེམས་སུ་འཛིན་པ།
བཀའ་གསུང་ཅི་སྒྲུབ། གང་བཤད་པ་རྣམས་དེ་བཞིན་དུ་སྒྲུབ་པ།
ཁ་མཁས་འདྲ་ཆགས། ཁ་མཁས་པས་བཤད་ན་མ་ཡིན་ཡིན་མདོག་ཏུ་འགྱུར་སྲིད།
ཁ་ངོམས་གྲོད་འགྲངས། བཟའ་བཏུང་ལོངས་སྤྱད་རྣམས་ཚིམས་པ།
ཁ་གཉེར་སྣ་གཉེར། སྡང་བའི་རྣམ་འགྱུར་བསྟན་པ།
ཁ་སྟོང་ཚིག་སྟོང་། ལག་ལེན་མེད་ལ་ཁ་བཤད་ཙམ་དུ་ཟད་པ།
ཁ་ཡོད་ལག་མེད། སྟོང་བཤད་མ་གཏོགས་དོན་ལ་མེད་པའམ་ཚིག་ཐོག་ཏུ་དོན་མི་འཁྱོལ་བ།
ཁ་ཡག་ངོ་དགའ། འདོད་དོན་ཞིག་ལ་དམིགས་ནས་གཞན་ལ་རེ་བ་ཞུ་བའི་རྣམ་འགྱུར་ངོམ་ཚུལ་ཞིག
ཁ་གསག་ངོ་སྲུང། རང་དོན་དུ་གཞན་ལ་ཁ་ཡག་ངོ་དགའ་བྱེད་པ།
ཁ་གཡེང་མིག་གཡེང་། དབང་པོ་གཞན་ལ་གཡེང་བ།
ཁ་འཇམ་གཏིང་གནག ཁ་ནས་ཚིག་སྙན་སྨྲ་ཞིང་གཏིང་དུ་ངན་སེམས་བཅངས་པ།
ཁ་གསལ་གཏིང་གསལ། སེམས་ལ་གང་དྲན་ཁ་ནས་ཤོད་པ།
ཁ་འགལ་ཚིག་འགལ། སྔ་ཕྱི་མི་མཚུངས་པའི་སྐད་ཆ།
ཁ་ཚ་དགོས་གཏུགས། ཉེ་བར་མཁོ་བ།
ཁ་ཞེ་གཉིས་མེད། ངག་ནས་བཤད་པ་དང་སེམས་སུ་བསམས་པ་གཅིག་ཏུ་གྱུར་བ།
ཁ་དགའ་ངོ་བསྟོད། ཞེ་ནས་མི་དགའ་ཡང་དགའ་མདོག་བྱེད་པ།
ཁ་གཅིག་ལྕེ་གཉིས། ཁ་གཅིག་ནས་སྐད་ཆ་མི་མཐུན་པ་གཉིས་སྨྲ་བ།
ཁེ་འདོད་གྲགས་འདོད། ཁེ་ཕན་དང་སྙན་གྲགས་ལ་རེ་བ།
ཁ་རི་ཁ་ཐུག དྲང་པོ་དྲང་བཞག་གམ་ཐད་ཀ
ཁེ་ལོག་ཚོང་ལོག གཡོ་ཐབས་ཀྱིས་ཚོང་བྱས་ནས་ཁེ་སང་བླངས་པའམ། ཁྲིམས་དང་འགལ་བའི་ཚོང་རྒྱག་པ།
དགྲ་འདུལ་གཉེན་སྐྱོང་། རང་ལ་གནོད་པའི་དགྲ་རྣམས་འདུལ་ཞིང་རང་ལ་ཕན་པའི་གཉེན་རྣམས་སྐྱོང་བ།
དགའ་སྐྱོ་ཟུང་འབྲེལ། དགའ་སྣང་དང་སྐྱོ་སྣང་འདྲེས་པ།
ག་བཏང་གོ་ཆོད། གང་དུ་བཏང་བ་དེར་གོ་ཆོད་པར་བྱེད་པ།
དགོད་བྲོ་ངུ་བྲོ། དགའ་བས་དགོད་ཤོར་བ་དང་སྡུག་པས་ངུ་ཤོར་བ།
དགའ་སྐྱོ་གཉིས་ལྡན། དགའ་པོ་དང་སྐྱོ་པོའི་ཉམས་སྣང་ཅིག་ཅར་དུ་འཆར་བ།
གང་དྲན་ལག་འགེལ། སྣང་བར་ཅི་ཤར་ཐམས་ཅད་ལག་ལེན་བསྟར་བ།
གོ་བ་ལོག་སྒྲུབ། ཤེས་བཞིན་དུ་ཕྱིན་ཅི་ལོག་པར་བྱེད་པ་སྟེ། གོ་བ་ཕྱིན་ཅི་ལོག་ཏུ་རྒྱག་པ།
མགོ་བདེ་དྲན་འཕྲུལ། མི་གཡོ་ཅན་བློ་སྣ་མང་བ།
མགོ་མེད་མཇུག་མེད། གོ་རིམ་མེད་པའམ་སྒྲིག་ཁྲིམས་མེད་པ།
བརྒྱ་ཤི་སྟོང་ལང་། གཅིག་འགྱེལ་གཉིས་ལངས།
བརྒྱ་བཤིག་སྟོང་འགུགས། ཆུང་ཆུང་ཕར་བཏང་ནས་ཆེན་པོ་ཚུར་འགུགས་པ།
མགོ་འོག་ལུས་ཆུད། མངའ་འོག་རྣམས་གོང་མའི་ཅི་གསུང་བརྩི་དགོས་པ།
ངན་པ་གཉའ་རེངས། ངན་པ་གྱོང་བོ་བཟང་ལ་བསྒྱུར་ཀྱང་ཁ་མི་འཁོར་བའི་རིགས།
ངན་པ་ལག་འབྲེལ། མི་ངན་པ་མཉམ་དུ་ལོག་ནས་བྱ་བ་སྤེལ་བ།
ངན་པ་ལང་ཤོར། སྤྱོད་ངན་གོམས་ཐལ་ཆེ་བ།
ངན་ལན་བཟང་འཇལ། ཚུར་ངན་པ་བྱས་པའི་ལན་བཟང་པོས་འཇལ་བ།
ང་ལན་ཁྱོད་ལན། ཉེས་སྐྱོན་བྱུང་བའི་ངན་ཁག་ཕན་ཚུན་གཡོག་རེས་བྱེད་པ།
ངལ་བ་འབྲས་མེད། ལས་ལ་འབད་ཀྱང་ཕན་མ་ཐོགས་པ།
སྔར་མེད་གསར་སྲོལ། ད་སྔའི་ལོ་རྒྱུས་སུ་ཡོང་མ་མྱོང་བའི་དཔེ་གསར་བ།
སྔར་བཤགས་ཕྱི་འདོམས། སྔོན་ཆད་ཀྱི་སྐྱོན་ངོས་ཟིན་ནས་འགྱོད་བཤགས་ཤིང་ཕྱིན་ཆད་དེ་རིགས་མི་བྱ་བའི་དམ་བཅས་པ།
སྔར་ཡག་ད་བཟང་། གནས་ཚུལ་བཟང་པོ་རྒྱུན་ཆགས་པའི་དོན།
གཅིག་གོ་གཉིས་ཆོད། དོན་གཅིག་བསྒྲུབས་ནས། ཅིག་ཅར་ཕན་གཉིས་ཐོགས་པ།
གཅིག་ངར་གཅིག་སློང་། གཅིག་གིས་གཅིག་ལ་ངར་བསླངས་པའམ་ཕན་ཚུན་མི་སྡུམ་པའི་དོན།
གཅིག་སྣོད་གཅིག་སྐྱེལ། གཅིག་གིས་གཅིག་ལ་ངན་བྱེད་པ།
གཅིག་ལན་གཉིས་འདེབས། གཅིག་བཤད་གཅིག་གིས་མ་ཉན་པར་ལན་འདེབས་པ།
གཅིག་འཇགས་གཅིག་ལངས། ས་གནས་གཅིག་ལ་ཞོད་འཇགས་དང་ས་གནས་གཞན་ཞིག་ལ་ཟིང་ཆ་ལངས་པ།
གཅིག་ཕན་གཅིག་གྲོགས། གཅིག་གིས་གཅིག་ལ་ཕན་རོགས་བྱེད་པ།
གཅིག་འཕྲོར་གཅིག་མཐུད། རྒྱུན་བར་མ་ཆད་དུ་མཐུད་པ།
གཅིག་འཕར་གཅིག་ཆག གཅིག་ཡར་འཕར་ཞིང་གཅིག་མར་ཆག་པ།
གཅིག་ཤེས་ཀུན་གྲོལ། ཚིག་དོན་གཅིག་ཤེས་པས་གཞན་ཀུན་ཤུགས་ཀྱིས་གོ་བ།
ཆགས་སྡང་འཐེན་འཁྱེར། དགའ་ས་ཉེ་བ་འཐེན་པ་དང་མི་དགའ་ས་རིང་དུ་བོར་བ།
ཆེ་བརྙས་ཆུང་འཇོམས། ཆེ་བ་ལ་བརྙས་བཅོས་དང་ཆུང་བ་ལ་ཐུབ་ཚོད་བྱེད་པ།
འཇམ་རྩུབ་ཟུང་འཇུག ཐབས་ཞི་དྲག་གཉིས་ཀ་བཀོལ་བ།
རྗེས་ཡོང་སྔོན་དྲན། ཕྱིས་སུ་ལེགས་ཉེས་ཅི་ཡོང་སྔ་བར་ཤེས་པར་བྱ་དགོས་པ།
ཇུས་མེད་ཇུས་གཏོགས། ལས་དོན་ནམ། གྲོས་ཁོངས་སུ་ཐེ་དབང་མེད་པར་རང་མཚམས་ཐེ་གཏོགས་བྱེད་པ།
གཉིས་བདེ་ཀུན་ཕན། ཕྱོགས་གཉིས་འདུམ་ན་ཕན་ཚུན་ཀུན་ལ་ཕན་ཐོགས་པ།
སྙིགས་སྟོར་བཅུད་ལེན། ངན་པའི་རིགས་སྤངས་ནས་བཟང་བའི་རིགས་ལེན་པ།
བཏང་འགྲོ་བཞག་སྡོད། གར་མངགས་ལ་འགྲོ་བ་དང་གར་བཞག་ལ་འདུག་པ་སྟེ། ཁ་ལོ་སྒྱུར་བདེ་བའི་དོན།
སྟེར་སྟེར་འཕྲོག་འཕྲོག སྐབས་རེར་ཚུར་སྟེར་བ་དང་སྐབས་རེར་ཕར་འཕྲོག་པ།
སྟོབས་མེད་འབྱོར་བྲལ། སྟོབས་ཤུགས་དང་ལོངས་སྤྱོད་གཉིས་ཀས་དབུལ་བ།
རྟ་རྐྱང་མི་རྐྱང་། དཔུར་རོགས་མེད་པར་རྟ་གཅིག་དང་མི་གཅིག་ཁོ་ན།
ཐབས་བརྒྱ་ཇུས་སྟོང་། ཐབས་ཇུས་མང་པོ།
ཐོབ་དོགས་ཤོར་དོགས། ཨེ་ཐོབ་ཏུ་སེམས་ཚེགས་བྱེད་པ་དང་། ཐོབ་ཚེ་ཡང་འཆོར་ཨེ་འགྲོ་ལ་སེམས་ཚེགས་བྱེད་པ།
ཐོས་པ་འོན་རྫུ། རྣ་བས་ཐོས་ཀྱང་མ་ཐོས་ཁུལ་བྱས་པ།
དུས་བདེ་ཞོད་འཇགས། དམག་འཁྲུག་མེད་པ་ཡུལ་ལུང་བདེ་བར་འཁོད་པ།
དྲང་པོ་དྲང་བཞག ཕྱོགས་རིས་མེད་ལ་རྫུན་ཟོལ་མེད་པ། ཉེ་རིང་ཕྱོགས་ལྷུང་སྤངས་པ།
དྲིན་ལན་ལོག་འཇལ། བཟང་བྱས་ལ་ལོག་པའི་ལན་འཇལ་བ།
གདུང་སེམས་མཉམ་སྐྱེ། ཕན་ཚུན་བསམ་པ་གཅིག་མཐུན་བྱུང་བའམ་གཞན་གྱི་སྡུག་བསྔལ་ལ་སྙིང་རྗེ་ཤར་བ།
སྣང་ཆུང་ཁུར་མེད། གལ་མི་ཆེ་བར་བརྩིས་ནས་མཉམ་པར་དེ་འདྲ་མི་འཇོག་པའི་དོན།
སྣོན་འཕྲི་སྤོར་གཅོག མང་དུ་སྣོན་པ་དང་ཉུང་དུ་འཕྲི་བ་དང་གོང་དུ་སྤོར་བ་དང་མར་གཅོག་པ་བཅས་ཀྱི་སྡུད་མིང་།
ཕར་ཁག་ཚུར་བཀྲིས། གཅིག་གིས་གཅིག་ལ་ལེ་ལན་འདེབས་པ།
ཕར་འགྲོ་ཚུར་འོང་། ཕར་དང་ཚུར་འགྲོ་འོང་བྱེད་པ།
ཕར་ཅེར་ཚུར་ཅེར། མིག་ཕར་བལྟར་ཚུར་བལྟ་བྱེད་པ།
ཕར་རྩིས་ཚུར་རྩིས། ཕར་དང་ཚུར་གཙང་རྩིས་རྒྱག་པ།
ཕར་ལོག་ཚུར་ལོག ལན་རེར་ཕར་ལ་འཁོར་བ་དང་ལན་རེར་ཚུར་ལ་འཁོར་བ་སྟེ། བརྟན་ཚུགས་མེད་པའི་དོན།
ཕྱིར་གཏོང་ནང་འདྲེན། ཚོང་ཟོག་སོགས་ཕྱི་ལ་གཏོང་རྒྱུ་དང་ནང་དུ་འདྲེན་རྒྱུ་གཉིས།
ཕོ་མཆོག་མོ་དམན། སྐྱེས་པ་མཆོག་དང་སྐྱེས་མ་དམན་པར་བརྩིས་པ།
ཕྱི་འཇམ་ནང་རྩུབ། ཁ་འཇམ་ན་གྲོད་པའི་ཕྱི་རེད། ཁོག་རྩུབ་ནས་གྲོད་པུའི་ནང་རེད།
འཕྱིས་ཡོང་སྔ་ལོག། ཚུར་ཡོང་རྒྱུ་རྗེས་ལ་ལུས་པ་དང་ཕྱིར་འགྲོ་བ་ཚོགས་མ་གྲོལ་གོང་དུ་བུད་པ།
བདེན་པ་བདེན་ཐུབ། གཡོ་ལྷད་མེད་པ་དངོས་འབྲེལ་དྲང་འབྲེལ།
བདག་བསྟོད་གཞན་སྨོད། རང་ལ་གཟེངས་བསྟོད་དང་གཞན་ལ་དམའ་འབེབས་བྱེད་པ།
བདག་བདེ་གཞན་སྨོན། ལས་གང་བྱེད་ཚུལ་དང་མཐུན་ཞིང་ཐབས་ལ་མཁས་ན་རང་ལ་ཕན་ཐོགས་པ།
འབད་མེད་ལྷུན་གྲུབ། རྩོལ་མེད་རང་ཆས་སུ་གྲུབ་པ།
བློ་དཀར་སེམས་དཀར། ལྷག་བསམ་ཟོལ་མེད།
བློ་རྩེ་གཅིག་མཐུན། ཕན་ཚུན་བསམ་པ་མཐུན་པ།
བློ་གཅིག་སེམས་གཅིག སེམས་པ་གཅིག་ཏུ་གཏད་པ་དང་སེམས་གཞན་དུ་མ་གཡེངས་པ་ལ།
བློ་རྩེ་གཅིག་སྒྲིམ། བྱ་བ་གང་ཞིག་བྱེད་པ་དེ་གཅིག་ཁོ་ནར་བློ་གཏད་པ་ལས་གཞན་ལ་རྣམ་གཡེང་མི་བྱེད་པ།
བློ་བདེ་བརྗོད་བྲལ། བསམ་གྱིས་མི་ཁྱབ་པ་དང་བརྗོད་ཀྱིས་མི་ལང་བ།
མ་ཉེས་ཁ་གཡོགས། བཤད་ཉེས་བྱས་ཉེས་མེད་པ་ལ་གླེང་ནག་པོ་བཏབ་པ།
མ་བསྐུལ་དང་བླངས། ལས་གང་ཞིག་གཞན་གྱིས་མ་བསྐུལ་བར་རང་འགུལ་གྱིས་དང་དུ་བླངས་པ།
མ་དག་རྒྱུན་འབྱམས། སྐད་ཆའམ་ཡི་གེ་ཡེ་ནས་འཁྲུལ་བ་གང་ཉིད་བདེན་པར་རློམ་ནས་གཅིག་གིས་གཅིག་ལ་བརྒྱུད་ནས་ཁྱབ་པར་འགྱུར་བ།
མ་བོས་མགྲོན་པོ། གདན་མ་དྲང་ལ་གློ་བུར་དུ་ཡོང་བའི་འགྲུལ་བ།
མ་རུངས་ཁོག་བཅུག བསམ་པ་ངན་པ་བཅངས་པ།
དམར་ཚལ་རྒུ་ཚལ། ཁྲག་ཐོན་པ་སོགས་གང་སར་དམར་པོས་ཁྱབ་པའམ་འགྲམས་པ།
རྨས་རྨས་ཤུལ་ཤུལ། རྨ་སྟེ་དཔེར་ན། རྨས་རྨས་ཤུལ་ཤུལ་གང་ཡང་མེད་ཅེས་རྨས་སྐྱོན་གང་ཡང་མེད་པའི་དོན།
མ་བགྲོས་རང་མཐུན། སྔོན་ནས་གྲོས་སྡུར་གང་ཡང་མ་བྱས་པར་བསམ་པ་གཅིག་མཐུན་བྱུང་བ།
མ་བསམ་རང་ཕྲད། སེམས་ལ་མ་ཤར་བར་སྟེས་དབང་གིས་ངོ་ཐུག་པར་གྱུར་པ།
མང་ཁ་ཉུང་ཉན། མི་མང་ཆེ་བས་བཤད་པ་རྣམས་ལ་ཉུང་བས་དང་ལེན་བྱེད་པ།
མི་བརྒྱ་ཁ་གཅིག མི་མང་པོའི་བཤད་ཚུལ་གཅིག
མིས་སྨོན་རང་སྐྱིད། མིས་ཡིད་སྨོན་བྱེད་པ་དང་རང་སྐྱིད་པ་སྟེ། བྱ་བ་གང་ཞིག་བསྒྲུབས་པ་བདག་གཞན་གཉིས་ཀར་ཕན་པ།
མོད་ཉོ་དཀོན་ཚོང་། དངོས་ཟོག་མོད་དུས་གོང་དམའ་མོས་མང་དུ་ཉོས་ནས་བསགས་པ་དང་། དཀོན་དུས་གོང་མཐོན་པོས་བཙོངས་ཏེ་ཁེ་ལོག་ཟ་བ།
ཚུར་ཐོབ་ཕར་ཤོར། ཚུར་རང་གི་ལག་ཏུ་ཐོབ་པ་པོ་སླར་ཕ་རོལ་པོའི་ལག་ཏུ་ཤོར་བ།
གཞིས་བྱེས་མཉམ་འཛོམས། ནང་གི་འདུག་མི་དང་ཕྱི་ལ་སོང་མི་ལྷན་དུ་ཕྲད་པ།
གཞན་དཔེ་རང་སྦྱོར། གཞན་གྱི་མི་དགའ་བའི་དཔེ་དེ་རང་གི་སྟེང་ལ་བླངས་ནས་འདང་བརྒྱབ་ན། རང་གི་མི་དགའ་བ་གང་གཞན་ལ་འགོད་མི་འོས་པར་ཤེས་པའི་དོན།
གཡས་ཁག་གཡོན་དཀྲི། སོ་སོའི་བྱ་ངན་གྱི་ཁག་གཞན་ལ་དཀྲི་བ།
གཡས་གཞོགས་གཡོན་འདེགས། ཕན་ཚུན་རོགས་བྱེད་པ།
རང་མགོ་རང་ཐོན། གཞན་ལ་མ་བརྟེན་མ་ལྟོས་པར་རང་དོན་རང་གིས་བསྒྲུབས་ནས་རང་ཚུགས་འཛིན་པ་སྟེ། རང་རྐྱ་འཕེར་བ་གཞན་ལ་བརྟེན་མི་དགོས་པ།
རང་སྟོབས་རང་སྤེལ། རང་གི་ནུས་པ་ཇི་ཡོད་བཏོན་ནས་འབད་པས་འཚོ་ཐབས་བསྒྲུབ་པ་ལས་གཞན་ལ་མི་བརྟེན་པ།
རང་རྒྱལ་གཞན་ཕམ། རང་ཉིད་རྣམ་པར་རྒྱལ་བ་དང་གཞན་པ་ཕམ་པར་གྱུར་པ།
རང་ཁ་རང་གསོ། རང་གིས་ལས་ཀ་བྱས་ནས་རང་གི་འཚོ་ཐབས་འཛིན་པ་སྟེ། གཞན་ལ་མི་བརྟེན་པ།
རང་མཐོང་རང་ཆེ། རང་ཉིད་མཐོ་བ་དང་ཆེན་པོར་འཛིན་པ་སྟེ། ཁེངས་པ་དང་དྲེགས་པའི་རང་བཞིན།
རང་སྡུག་རང་ཉོས། སྐྱེ་བོ་སོ་སོའི་བྱ་བྱེད་མི་ལེགས་པའི་རྒྱུ་ལས་རང་ཉིད་ལ་སྡུག་པོ་འབྱུང་བ།
རང་ཆེ་རང་བསྟོད། རང་ཉིད་གཞན་ལས་ཆེ་བར་འུད་བསྟོད་བརྒྱབ་པ།
རང་དཔེ་གཞན་སྟོན། རང་གི་སྤྱོད་པ་བཟང་པོས་གཞན་ལ་དཔེ་ལམ་གཏོད་པ།
རང་སྐྱོན་རང་བརྗོད། སོ་སོའི་སྐྱོན་སོ་སོས་ཤོད་པ།
རང་དོན་རྒྱབ་བསྐྱུར། རང་དོན་བློས་བཏང་བ།
རང་སྣང་གང་ཤར། རང་འདོད་ཅི་དགར་སྤྱོད་པ།
རང་མེད་མི་མེད། རང་གཞན་གཉིས་ཀ་རྨེག་མེད་དུ་བཏང་བའམ་རང་གཞན་གཉིས་ཀར་དོན་ཕན་མེད་པ།
ལེགས་སྤེལ་ཉེས་བསུབ། བཟང་ཆ་རྒྱས་པར་གཏོང་བ་དང་ངན་ཆ་མེད་པར་བྱེད་པ།
ཤ་འཐོར་རུས་འཐོར། ཤ་རུས་དུམ་བུར་འཐོར་བ།
ཤེས་པ་ཁོག་རུལ། ཡོན་ཏན་མངའ་བརྙེས་ཀྱང་སེར་སྣའམ་ཕྲག་དོག་གིས་གཞན་ལ་གསང་བའམ་སློབ་ཁ་མི་ཉན་པར་དོན་མེད་དུ་གཏོང་བ་ལ་ཟེར།
ཤི་མིན་རོ་མིན། ཉེས་བརྡུངས་སམ་ནད་ཀྱིས་མནར་བས་ལུས་པོ་ཤི་རོ་ལྟ་བུར་གྱུར་བ།
སུ་དཀར་སུ་ནག སུ་བདེན་སུ་ནོར། ཡིན་མིན་གསལ་བར་འབྱེད་དགོས་པ།