བཀྲ་ཤིས་ཚེ་རིང་། གཞི་གོང་བོད་དགེ།
སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ།
རྩོམ་པ་པོ། ནགས་ཚང་རྒད་པོའམ་ནགས་ཚང་ནུས་ལྡན་བློ་བཟང་།
དཔེ་དེབ་ཀྱི་ནང་དོན་གནད་བསྡུས། སྤྱི་ལོ་ ༡༩༥༩ ལོའི་ཟླ་ ༡༢ པའི་ཚེས་ ༣༠ ཉིན་ནགས་ཚང་ནུས་བློ་ཆུ་དམར་ལེབ་ཀྱི་ཕྱུགས་ཟོག་འཚོ་སྐྱོང་བྱ་སའི་ཕྱུགས་ལས་ཁང་ཞིག་ལས་ཐོན་ཏེ། སློབ་གྲྭའི་ཕྱོགས་གསུམ་པོ་ཐོ་ཡིས་བརྩིགས་པའི་ཆུ་དམར་རྫོང་སློབ་འབྲིང་ཁང་དུ་སློབ་ཞུགས་བྱས་པའི་ཉིན་དང་པོ་ཡིན། བཀའ་དྲིན་ཅན་གྱི་དགེ་བའི་བཤེས་གཉེན་དགེ་རྒན་ལིའི་ཚེ་བརྟན་སོགས་ཀྱིས་བྱམས་སྐྱོང་འོག་ཏུ་འཚར་ལོངས་བྱས་པའི་གོ་སྐབས་བཟང་པོ་འདི་ནི་སྔོན་བསགས་ཀྱིས་བསོད་ནམས་ལས་གཞན་ཅི། སྐབས་དེར་བོད་རྒྱ་གཉིས་ཀྱི་དབར་དུ་འཐབ་འཛིང་བྱས་པའི་དུས་ཤིག་ཡིན་ལ་ཁྱད་པར་དུ་རྩོམ་པ་པོ་ནགས་ཚང་ནུས་བློ་སོགས་ཀྱི་ཕ་མ་ཕལ་མོ་ཆེ་གུང་ཁྲན་དམག་གིས་དམར་གསོད་བཏང་ཟིན་པས། བྱིས་པ་མང་པོ་ཞིག་དྭ་ཕྲུག་གི་འཚོ་བར་རོལ་དགོས་བྱུང་ཡོད་ཅིང་། ཕ་མ་མེད་མཁན་གྱི་དྭ་ཕྲུག་དུ་མ་ཞིག་ཆུ་དམར་རྫོང་སློབ་འབྲིང་ཁང་དུ་སྐྱེལ་བཞིན་ཡོད། ཆུ་དམར་རྫོང་སློབ་འབྲིང་ཁང་འདི་ནི་དྭ་ཕྲུག་ཚོ་ལ་མཚོན་ན་ཁྱིམ་ཚང་གཉིས་པ་ལྟ་བུ་ཞིག་དང་། ལྷག་པར་དུ་དགེ་རྒན་ལས་བྱེད་རྣམས་ཀྱིས་ཕ་མ་བཞིན་བྱིས་པ་ཚོར་བརྩེ་སེམས་བཅངས་ནས་གསོ་སྐྱོང་གནང་ཞིང་། དེ་དུས་འཚོ་བ་ལ་དཀའ་ཁག་ཆེ་ཞིང་སེམས་ཁམས་ལ་ན་ཟུག་ལྕི་མོ་ཞིག་གིས་དུས་རྟག་ཏུ་འགུལ་བརྡ་གཏོང་གིན་ཡོད་ཀྱང་། འཁང་ར་དང་ཞེ་འགྲས་གཏིང་ནས་སྐྱེས་མ་མྱོང་།
ཉིན་ཞིག་དགེ་རྒན་གྱིས་དེ་རིང་ལོ་སར་རེད་གསུངས་ཏེ་སྔ་དྲོ་སློབ་མ་རེ་ལ་གོ་རེ་(བག་ལེབ་)ཆེན་པོ་རེ་བྱིན་ཞིང་། ད་དུང་དགེ་རྒན་ལིའི་ཚེ་བརྟན་གྱིས་སློབ་མ་རེ་ལ་བུ་རམ་ཉ་བྱི་རིལ་དང་། སིལ་རྟོག་དམར་རིལ་འགའ་རེ་བྱིན་ནས་གང་དགའ་ལོངས་སུ་སྤྱད་པ་ཡིན། སྐབས་དེར་སློབ་གྲྭར་སློབ་མ་བརྒྱ་ལྷག་ཡོད་ཟེར་མོད། དོན་དངོས་སུ་སློབ་མ་བརྒྱད་ཅུ་གྱ་ལྔ་ཙམ་ལས་མེད། འོན་ཀྱང་སློབ་མ་མང་ཆེ་བ་ནི་བླ་དཔོན་གྱི་ཁྱིམ་ཚང་དང་། ཕྱུག་བདག།ས་བདག་སོགས་ཀྱི་ཁྱིམ་མི་ཆེ་བ་ཚོ་ཚང་མ་བཙོན་ལ་བཅུག་པ་དང་དམར་གསོད་བཏང་བ་སོགས་ཀྱི་རྗེས། བྱིས་པ་ཚོ་བདག་པོ་མེད་པའི་དྭ་ཕྲུག་ལྟ་བུ་ཡིན་པས། སློབ་གྲྭ་འདིར་བསྐྱལ་ཡོང་བ་ཤ་སྟག་རེད་འདུག།ང་ཚོ་ཉིན་རེ་བཞིན་དགེ་རྒན་རྣམས་ཀྱི་བྱམས་བརྩེའི་ཐུགས་ཁུར་འོག་སློབ་སྦྱོང་བྱེད་པ་དང་རྩེད་མོ་རྩེ་བ་སོགས་ལས། གཞན་བསམ་རྒྱུ་དྲན་རྒྱུ་ཅི་ཡང་མེད་པའི་ངང་ནས་འཚོ་བ་ལ་རོལ་བཞིན་ཡོད། སྤྱི་ཚོགས་ལ་དུས་འགྱུར་བྱུང་བའི་རྐྱེན་གྱིས་རང་ཉིད་ཀྱི་ཁྱིམ་ཚང་མེད་སོང་བ་དང་། ཕ་མ་སྤུན་མཆེད་སོགས་ཚེ་ལས་འདས་པའི་སེམས་སྡུག་སོགས་ནི་ཡེ་ནས་བརྗེད་སོང་བ་འདྲ་ཞིག་རེད།
དགུན་ཁའི་གུང་སེང་སྐབས་སུ་སློབ་མ་མང་པོ་ཁྱིམ་ནང་དུ་བཏང་རྗེས། སློབ་མ་མང་ཙམ་ཕྱིར་སློབ་གྲྭའི་ནང་དུ་ལོག་མ་ཐུབ་བྱུང་སོང་བས། དགེ་རྒན་གྱིས་ད་ཉེ་ས་ཚོས་ཡོང་མ་བཅུག་པ་ཡིན་རྒྱུ་རེད། ད་ལྟ་སློབ་གྲྭའི་ནང་དུ་ཐོན་ཡོད་པའི་སློབ་མ་ཚོ་ནི་དྭ་ཕྲུག་བདག་མེད་ཁོ་ན་རེད་གསུངས། དེ་ནས་གུང་ཁྲན་ཏང་གི་སྲིད་ཇུས་འོག་ཏུ་ཉིན་རེ་བཞིན་སློབ་གྲྭ་དང་མི་དམངས་སོགས་ལ་འཚོ་བའི་དཀའ་ཚེགས་ཛ་དྲག་ཅན་དུ་གྱུར་ནས་སྤྱི་ཚོགས་ཁྱོན་ཡོངས་ལ་ཉི་མ་སྤྲིན་འཁྲིགས་ལྟ་བུའི་གནས་བཅས་པ། རིམ་བཞིན་སྲིད་ཇུས་གུ་ཡངས་ཤིག་སླེབས་ནས་བོད་ས་ཡོངས་ལ་དམར་གསོད་ཀྱི་བྱ་བ་མཚམས་བཞག་རྗེས་སུ་སློབ་གྲྭའི་འཚོ་གནས་དང་། ཤེས་ཡོན་སྲིད་ཇུས་སོགས་ཀྱི་ལམ་ལུགས་ཀྱང་བཟང་དུ་ཕྱིན་པས་སློབ་སྦྱོང་ལ་འབད་བརྩོན་ཧུར་ཐག་བྱས་ཏེ་མ་འོངས་པའི་རེ་འདུན་ཁྲི་མ་འབུམ་གྱི་ལམ་འཕྲང་ལ་བསྐྱོད་པར་བྱས་ཁར།
སྤྱི་ལོ་ ༡༩༦༤ ལོའི་ཟླ་ ༨ པའི་ཉིན་ཞིག་ལ་དགེ་བཀྲ་བྷོས་བཀོད་མངགས་འོག་ཏུ་སྐྱེད་དགུ་དགེ་ཐོན་སློབ་གྲྭར་འགྲོ་དགོས་བྱུང་སོང་། དགེ་རྒན་དང་ཇ་མ། སློབ་མ་ཡོངས་ཀྱིས་སློབ་གྲྭའི་རྒྱ་སྒོས་ནས་ང་ཚོ་སྐྱེལ་མ་བྱས་སོང་ལ། སློབ་གྲོགས་དུ་མ་ཞིག་ངུ་བཞིན་འདུག། རང་རོགས་གཉིས་ཀ་སེམས་སྐྱོ་ནས་ཁ་བྲལ་ཐབས་མེད་པ་འདྲ་ཞིག་རེད་མོད། འོན་ཀྱང་མ་སོང་ན་ཐབས་མེད་ཡིན་པས། ཅི་བྱ་གཏོལ་མེད་གྱུར་སོང་། ལྷད་མེད་ཀྱི་མཛའ་བརྩེ་གཏིང་ཟབ་པའི་དགེ་སློབ་རྣམ་པ་དཀའ་ཚེགས་ཧ་ཅང་ཆེ་བའི་སྐབས་སུ། རྒྱགས་ན་མཉམ་རྒྱགས་དང་། ལྟོགས་ན་མཉམ་ལྟོགས་ངང་། སྐྱིད་ཀྱི་རྟ་ཕོ་མཉམ་བཞོན་དང་། སྡུག་གི་ཁུར་པོ་མཉམ་ཁུར་བྱས་པའི་གྲུབ་འབྲས་ཤིག་ལ་བརྩིས་ན་ཆོག།
གློ་བུར་དུ་ཉིན་ཞིག་གི་སྔ་དྲོ་ལ་དགེ་རྒན་ཧོ་ཧྥི་ཤེན་གྱིས་སྦྱོང་བརྡར་འཛིན་གྲྭའི་སློབ་མ་རྣམས་ཟི་ལིང་དུ་སློབ་སྦྱོང་བྱེད་པར་འགྲོ་དགོས་རེད་ཅེས་གསུངས་སོང་བས། ཟི་ལིང་དུ་སློབ་སྦྱོང་ཆེད་དུ་ཐོན་ཏེ་མཚོ་སྔོན་མི་རིགས་སློབ་ཆེན་དུ་སློབ་ཞུགས་གནང་སྟེ། རྒྱ་ཡིག་དང་། བོད་ཡིག།རྩིས་རིག།སྤྱི་ཚོགས་ཚན་རིག ལོ་རྒྱུས་རིག་པ་སོགས་རིག་ཚན་ཆེན་པོ་ལྔའི་ཐོག་ཏུ་སློབ་སྦྱོང་བྱེད་མོད་ཀྱང་། སློབ་ཚན་ཕལ་མོ་ཆེ་ནི་རྒྱ་ཡིག་གི་ཐོག་ནས་ཡིན་དུས་རྒྱ་ཡིག་ལེགས་པོ་མི་ཤེས་པའི་རྐྱེན་གྱིས་ལོ་གཅིག་གི་རིང་སློབ་སྦྱོང་བྱས་ནས་ཕྱིར་ཕ་ཡུལ་དུ་ལོག་དགོས་བྱུང་སོང་། སྐབས་དེར་ཕ་ཡུལ་ལ་སློབ་གྲྭ་གསར་འཛུགས་ཀྱི་འཆར་གཞི་ཡོད་པས་ཕྱིར་ཐོན་གྱི་སློབ་མ་རྣམས་ལ་དགེ་རྒན་གྱི་ལས་ཀ་གནང་བྱུང་བ་མ་ཟད་ཟླ་རེའི་གླ་ཕོགས་ཀྱང་གནང་སོང་། དེ་དུས་དགེ་རྒན་གྱི་བྱ་བ་ལྷན་རིག་གནས་གསར་བརྗེའི་ལམ་བུར་བསྐྱོད་ཀྱང་། རང་མི་རིགས་ཀྱི་རིག་གཞུང་དང་། ཡུལ་གོམས། གཤིས་ལུགས་སོགས་ལ་མི་འདོད་པའི་བསམ་བློ་ནམ་ཡང་ཁྱེར་མྱངས་མེད་མོད། ཉིན་ཞིག་རྒྱ་མི་དམར་སྲུང་དམག་གཅིག་གིས་རྒད་པོ་ཞིག་བཟུང་སྟེ་གཅར་རྡུང་ཚད་མེད་བཏང་བས། གཅར་རྡུང་གི་དབང་ཆ་སུས་སྤྲད་བྱུང་ཞེས་དྲིས་ནས། ངེད་གཉིས་བཤད་འཛིང་ཅུང་བྱེད་སྐབས་སློབ་མ་འགའ་ཐོན་ནས་རྒྱ་མི་ལ་ཚད་མེད་ཅིག་བརྡུངས་སོང་བས་བློ་ཡུལ་རྦད་དེ་ཚིམས་སོང་། རིག་གནས་གསར་བརྗེ་ཞེས་པའི་དོན་ལ་རྒྱ་སྨྱོ་བོད་སྨྱོ་ཞིག་རེད།སྔོན་གྱི་དཔེ་ལ་རྩ་ཡོད་ཀྱིས་སྨྱོ། མགོ་ནག་རྒྱུ་ཡོད་ཀྱིས་སྨྱོ་ཞེས་པ་ལྟར། མཚམས་རེར་རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་ཆེད་དུ་བཀའ་མོལ་མཐོ་དམན་སོགས་བྱུང་སྲིད། འོན་ཀྱང་། མི་རིགས་དང་། རིག་གཞུང་། རྒྱལ་ཁབ་སོགས་ཀྱི་ཆེད་དུ་རང་ཉིད་ཀྱི་ཡོད་ཚད་བློས་བཏང་བྱེད་ཐུབ་པའི་སྙིང་སྟོབས་ནི་དུས་ནམ་ཡང་ཞུམ་པར་མི་སྲིད།
དགེ་རྒན་གྱི་བྱ་བ་ལས་གནས་སྤོ་བྱས་ནས་བཟུང་གཙོ་བོ་མི་དམངས་ཀྱི་ཆེད་དུ་བྱ་བ་ཁོ་ན་བསྒྲུབས་པས། སྤྱི་ལོ་ ༡༩༨༤ ལོར་གོང་རིམ་གྱི་བཀོད་སྒྲིག་ལྟར། ང་རང་རྫོང་ཁྲིམས་འཛིན་ཁང་དུ་ཅུའུ་ཀྲང་གཞོན་པའི་འགན་ཁུར་དུ་མངགས་སོང་། དེ་ནས་ཡུན་རིང་མ་འགོར་ཡོན་ཀྲང་གི་གོ་གནས་སྤར་ཏེ། རྫོང་ཁྲིམས་ཁང་དུ་མངགས་སོང་། ཉིན་རེ་བཞིན་གཞུང་ལས་ཁང་གི་ནང་ནས་ཇ་འཐུང་ཞོར་ལ་གསར་འགྱུར་རེར་བལྟས་ནས་འདུག་པ་ལས་དོན་དག་ཅི་ཡང་བསྒྲུབ་རྒྱུ་མི་འདུག་ཅིག་འདྲ་རེད། གནོད་འགོག་དང་མི་ཕྱུགས་སྲུང་སྐྱོབ་ཀྱི་ལས་འགན་དེ་ང་ཚོས་སྤྱི་ལོ ༡༩༨༥ ནས་ ༡༩༨༦ ལོའི་ཟླ་ ༥ བར་བསྒྲུབས་པ་ཡིན། སྐྱ་འཁྱོག་དང་གད་དམར་རུ་ཆེན་གཉིས་ལ་སྔ་གཞུག་ཏུ་རྡོ་སོལ་རླངས་འཁོར་ཉིས་བརྒྱ་ཅུ་དང་། འབྲུ་རིགས་རླངས་འཁོར་དགུ་ཅུ་གོ་བདུན། གཟན་རྩ་གཟན་ཆས་རླངས་འཁོར་སུམ་ཅུ་སོ་དགུ་ཙམ་བཀོད་སྒྲིག་བྱས་པ་ཡིན། ད་དུང་རྒྱལ་ཁབ་ཀྱིས་གམས་གྲུའི་ནང་ནས་འབྲུ་རིགས་དང་། ཇ། ནས། གོ་རེ། མགྱོགས་ཐུག་སོགས་རྒྱ་མ་ཁྲི་ཚོ་གཅིག་ལྷག་འཕངས་སོང་། འོན་ཀྱང་། རུ་ཆེན་གཉིས་ཀྱི་ཕྱུགས་ཟོག་གི་གྱོང་རྒུད་ནི་ཧ་ཅང་གི་ཚམས་ཆེན་རེད། རུ་ཆེན་གཉིས་ཀྱི་རྟ་ཟོག་ཕལ་ཆེར་བརྒྱ་ཆའི་ ༨༠% ཙམ་ཤི་ཟིན་ཞིང་། ལུག་བརྒྱ་ཆའི་ ༦༥% ཙམ་ཤི་བ་རེད། ཁྱིམ་ཚང་སུམ་ཅུ་ལྷག་ལ་སྒོ་ཕྱུགས་རྟ་ཞོག་ལུག་གསུམ་ཕལ་ཆེར་གཅིག་ཀྱང་ལྷག་མེད་པ་དང་། ཁྱིམ་ཚང་བརྒྱ་ལྷག་ཙམ་ལ་ཟོག་ལུག་སུམ་ཅུ་རེ་ལས་ལྷག་མི་འདུག་པས། ཟླ་བ་ལྔ་དྲུག་གི་རིང་ལ་གནོད་འགོག་དང་། མི་ཕྱུགས་སྲུང་སྐྱོབ་ཀྱི་ལས་དོན་བསྒྲུབས་པ་ཡིན་པས། དཀའ་ལས་མང་ཙམ་མྱངས་སོང་མོད། གནོད་འཚེ་འབྲོག་དམངས་ཀྱི་ཆེད་དུཡིན་བསམས་ན། སེམས་ལ་དྲོད་ཁོལ་འཁྱིལ་བ་ལས། དཀའ་སྣང་དང་སྡུག་སྣང་ཅུང་ཙམ་ཡང་ཡོད་མ་མྱོང་། ལས་འགྲུབ་ཀྱང་ཕུན་སུམ་ཚོགས་པ་བྱུང་སོང་། སྤྱི་ལོ་ ༡༩༨༦ ལོའི་ཟླ་གཉིས་པའི་ནང་། དཀའ་མཛེས་ཀྱི་བླ་མ་བློ་བཟང་གིས་ང་བཙན་ནས་ཆུ་དམར་ལེབ་རྫོང་ཐོག་ཏུ་ཐེངས་དང་པོར་མ་ཎི་དུང་འཁོར་ཞིག་བཞེངས་པ་རེད། དེ་བཞིན་སྤྱི་ལོ་ ༡༩༨༧ ལོར་རྫོང་དཔོན་གཞོན་པའི་འགན་ཁུར་ཡོད་སྐབས་སྲིད་གཞུང་གིས་དངོས་སུ་གྲོས་བྱས་ཏེ། མ་ཎི་འཁོར་ཁང་བཞེངས་སའི་ས་མུའུ་ཉི་ཤུ་ཙམ་ཡོད་པ་ནི་འཁོར་ཁང་ཚང་གི་ཡིན་ཞེས་པའི་གྲོས་ཐག་བཅད་པ་ཡིན། དེ་བས་ས་དེར་དགོན་པ་སོགས་འཛུགས་ཐུབ་ན། འཛུགས་ཆོག་པའི་ཆ་རྐྱེན་འཛོམས་ཡོད་པས། སྔོན་གྱི་དཔེ་ལ་རྔ་རང་ལག་ལ་ཡོད་དུས་མ་བརྡུངས་ན། བརྡུང་ཨེ་བཅུག་ཟེར་དུས་དཀའ་མོ་ཡིན་ཟེར་བ་ལྟར། འབྲོག་ཆེན་རིས་མེད་ཐུབ་བསྟན་ཆོས་འཁོར་དར་རྒྱས་གླིང་ཟེར་བའི་དགོན་པ་ཆུང་ཆུང་ཞིག་གོང་རིམ་གྱིས་ཆོག་མཆན་འོག་ཏུ་འཛུགས་ཐུབ་པ་བྱུང་སོང་།
མཐར་སྤྱི་ལོ་ ༡༩༩༠ ལོའི་ཟླ་གསུམ་པར་རྫོང་གི་འགོ་ཁྲིད་བརྗེ་སྤོར་གྱི་མི་དམངས་འཐུས་མི་ཚོགས་ཆེན་འཚོག་དགོས་ལ། ཟླ་གཉིས་པའི་ནང་དུ་ཧྲི་ཧྲུའུ་ཅིའི་ཡིས་ནུས་བློ་གནད་དོན་ཞིབ་བཤེར་བྱེད་བཞིན་ཡོད་པས། རྫོང་དཔོན་ལ་གདམ་རྒྱུའི་གྲལ་དུ་འཇོག་མི་ཆོག བརྡ་ཐོན་ཐོན་སོང་བས། ངས་སྐད་ཆ་དེ་གོ་རྗེས་རྩ་འཛུགས་ལ་རེ་ཞུ་བྱས་ཏེ། ང་རང་ཁྲིམས་ཁང་ནང་དུ་ལས་དོན་བསྒྲབ་ཏུ་གཏོང་རྒྱུའི་རེ་ཞུ་བྱས་པ་ཡིན། གོང་རིམ་ནས་དེ་མ་ཐག་ཏུ་ཆོག་མཆན་བཀོད་སོང་། རྩོམ་པ་པོས་རྫོང་དཔོན་གྱི་ལས་གནས་ལས་དགོངས་པ་ཞུས་ཏེ། སྔར་ལྟར་རྫོང་ཁྲིམས་ཁང་དུ་ལས་སྤོར་བྱས་པ་ཡིན། ཟླ་བ་གསུམ་པའི་འཐུས་མི་ཚོགས་ཆེན་འཚོག་སྐབས་སུ་ཡུལ་ཤུལ་ཁུལ་གྱི་ཧྲུའུ་ཅིའི་ཡི་མཛུབ་སྟོན་རེད་ཟེར་ནས། ནུས་བློ་ཚོགས་འདུར་ཞུགས་མི་དགོས། ས་ཆ་གཞན་ལ་སྨན་པར་བསྟེན་དུ་སོང་ཟེར་བའི་བརྡ་ཐོན་སོང་། ནུས་བློ་ཚོགས་འདུར་ཞུགས་ན། རྫོང་དཔོན་ཡང་བསྐྱར་གདམ་རྒྱུ་རེད་བསམས་ནས་སྐྲག་ནི་ཡིན་རྒྱུ་རེད། དེ་ནས་གཞུང་དོན་སྒྲུབ་མཚམས་བཞག་རྗེས་སུ་ཆུ་དམར་ལེབ་རྫོང་ཐོག་ཏུ་ཆོས་ལུགས་ས་ཚུགས་རིས་མེད་ཐུབ་བསྟན་ཆོས་འཁོར་དར་རྒྱས་གླིང་ཞེས་པ་བཞེངས་པ་སོགས། ཁོང་གིས་མཐོང་ཐོས་མྱོང་གསུམ་གྱི་སྐྱིད་སྡུག་དངོས་འབྱུང་འཁྱོག་བརྗོད་དང་བྲལ་བའི་མི་ཚེ་ཧྲིལ་པོའི་ལོ་རྒྱུས་ཀྱི་དེབ་ཐེར་རང་སྣང་དམར་རྗེན་ཞིག་རེད་འདུག་སྙམ།
གནད་ཚིག སློབ་གྲྭ། དྭ་ཕྲུག ཡོན་ཏན། འཐབ་རྩོད། དམར་གསོད། དམར་སྲུང་དམག བྱམས་བརྩེ། རོ། བཙོན་པའི་རོ། གྲི་ཤོ་གྲགས། འདྲེ་གྲགས། རིག་གནས་གསར་བརྗེ། ལྷ་འདྲེ་གདོན་འགེགས། གོ་རེ། མ་ཎི་དུང་འཁོར། ཞིབ་བཤེར། གཅར་རྡུང་དྲུད་གསུམ། སྤྱི་བདེའི་ལས་ཀ།ཁྲིམས་སྒྲིག
གསོན་ཉམས་ལྡན་པའི་ཚིག་བརྗོད། མྱི་སྨྱོས་ན་ཁྱི་སྨྱོས་ལས་ཀྱང་སྡུག།ཨ་ཆེན་ཐང་ནས་རྟ་བརྒྱུགས་ན།། རི་ཁྲོད་བླ་རྒན་འཕོངས་ན་དོན་མེད།། ཀོ་བ་རྡུང་རྡུང་དང་ཁྱི་རོ་དྲུད་དྲུད་བྱས་པ། རི་བོང་རི་བོང་མ་སོད། སྡོམ་པ་སྡོམ་པ་ཤོར། བཟང་ངན་ལས་ཀྱི་འབྲས་བུ།། སྔ་ཕྱི་མ་གཏོགས་ལོས་འཁོར།། རླུང་འཚུབ་དམར་པོའི་གསར་བརྗེས།། ཡུལ་སྡེའི་ཞི་འཇམ་དཀྲོགས་སོང་།། བརྩེ་དུང་ཅི་འདྲ་ཆེ་ཡང་།། བྲལ་བའི་ཉིན་ཞིག་ལོས་ཡོད།། བྱ་མི་རྟག་ཆག་སྒོར་རང་བྱུང་།། རྒྱུ་མི་རྟག་རྩྭ་མགོའི་ཟིལ་པ།། དམངས་ཀྱིས་དཔོན་སར་བཞག་ན།། དམངས་དོན་བཟང་སྒྲུབ་ལོས་དགོས།།
རང་ཉིད་ཀྱིས་དཔེ་དེབ་བཀླགས་པའི་མྱོང་ཚོར་མདོར་བསྡུས། དཔེ་དེབ་འདི་ནི་རྩོམ་པ་པོས་མཐོང་ཐོས་མྱོང་གསུམ་གྱི་དངོས་འབྱུང་ལོ་རྒྱུས་གཞིར་བཅོལ་ནས་བྲིས་པ་འབའ་ཞིག་རེད་འདུག་ལགས་ན། རང་ཉིད་ཀྱིས་དཔེ་དེབ་འདི་བཀླགས་པའི་རྒྱུད་རིམ་ཁྲོད་ནས་མི་རིགས་ཤིག་གི་ལས་དབང་ར་སྤྲོད་བྱེད་ཐུབ་པ་མ་ཟད། དམར་སྲུང་དམག་(གུང་ཁྲན་ཏང་གི་དམག་མི།)བོད་ལ་འབྱོར་བ་ནས་བཟུང་སྐྱིད་པའི་ཉི་མ་ཟེར་བ་དུས་ནམ་ཡང་བྱུང་མེད་པ་གསལ་པོ་ཚོར་བྱུང་ལ། དེ་བཞིན་རིག་གནས་གསར་བརྗེ་ཟེར་བའི་ལས་འགུལ་འདི་བོད་ས་སྟོད་སྨད་བར་གསུམ་དུ་ཁྱབ་སྟེ། རྩ་ཆེན་གྱི་ཤུལ་བཞག་དགོན་སྡེ་ཁག་དང་། རིག་གནས་རྒྱུན་འཛིན་གྱི་གཙུག་ལག་ཁང་སོགས་གཏོར་བཤིག་ཚད་མེད་བཏང་ནས་ཤུལ་མེད་ཀྱི་འཆར་གཞི་བརྟན་མོ་ཞིག་བཅངས་ཡོད་པར་གསལ།
སྔོན་གྱི་དཔེ་ལ་ཕྱིའི་དྲག་བོ་ལ་མི་སྐྲག་ནང་གི་གཉེན་ལ་སྐྲག་ཅེས་པའི་དཔེ་ལྟར། རྒྱ་སྨྱོ་བོད་སྨྱོ་གཉིས་ཀྱི་མཚམས་སུ་ཁད་འདུག་ལ། མི་སྨྱོས་ན་ཁྱི་སྨྱོས་ལས་ཀྱང་སྡུག།ཅེས་པའི་ཅོལ་ཆུང་བོད་མི་ཁག་ཅིག་གིས་རྒྱ་ཞྭ་སེར་པོ་གྱོན་ཏེ་མའོ་ཀྲུའུ་ཞི་ཁྲི་ལོར་ཤོག རིག་གནས་གསར་བརྗེ་ཁྲི་ལོར་ཤོག། ཅེས་པའི་འབོད་སྒྲ་དང་ལྷན་དུ་གནའ་རབས་ཀྱི་རིག་གནས་རྙིང་པ་རྣམས་ཤུལ་མེད་དུ་བཟོས་ཏེ་ཉེ་རབས་ཀྱི་རིག་གསར་རྣམས་དང་དུ་བླང་དགོས་ཟེར་ཞོར་དུ། བླ་ཆེན་དང་། མི་དཔོན་ཚོར་གཅར་རྡུང་དྲུད་གསུམ་བྱེད་ཀྱིན་འདུག་ལ་ཁོང་ཚོས་ཅི་བསམས་ན་བྱེད་པ་ལས། མི་རིགས་གཅིག་གི་འདུ་ཤེས་དང་། རྒྱལ་ཁབ་ཅིག་གི་ལ་རྒྱ་དང། བླ་མ་གཅིག་གི་གདུལ་བྱ་ཡིན་པ་དང་། ཆོས་ལུགས་གཅིག་གི་རྗེས་འབྲང་ཡིན་པ་སོགས་ཀྱི་བསམ་གཞིགས་ཅི་ཡང་མེད་པའི་ཐོག་ནས་ངན་སྤྱོད་ཀྱི་བྱ་བ་ཅི་རིགས་མངོན་སུམ་དུ་བསྐྲུན་པ་མ་ཟད། མཐའ་ན་རང་ཚུགས་དོར་ཞིང་ངན་སྤྱོད་ཀྱི་བྱ་བའི་རིགས་ལ་གོམས་ཏེ་བླ་ཆེན་རྣམས་ཀྱི་ཞལ་ནང་དུ་བཙོག་གཅིན་སོགས་གང་བྱུང་བླུགས་འདུག དེ་འདྲ་བའི་བྱ་ངན་ཐ་ཤལ་བའི་རིགས་འབའ་ཞིག་ལ་བཞུགས་ཏེ་རྒྱ་དམར་པོའི་བསམ་དོན་ཡོངས་སུ་བསྒྲུབས་པ་མ་ཟད། རང་ཉིད་ཀྱིས་གཅེས་སུ་འཛིན་འོས་པའི་མ་རིགས་ཀྱི་ཤ་གསེང་རུས་གསེང་ལ་ཐིམ་ཟིན་པའི་མི་རིགས་ཀྱི་འདུ་ཤེས་གྲུང་པོ་དེ་དང་། རིགས་ཞེན་གྱི་ཚོར་བ་སྤུ་ཙམ་ཡང་མེད་པའི་ཐོག་ནས་ཡུལ་གོམས་གཤིས་ལུགས་སོགས་ཀྱི་ལམ་སྲོལ་བཟང་པོ་རྣམས་ཡལ་ཞིང་། རང་རེའི་ལུགས་ཟུང་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གཞུང་གི་ཁྱད་ཆོས་དག་དོར་ཏེ། ཚུལ་མིན་གྱི་གཞན་ལུགས་ཀྱིས་མགོ་བསྐོར་བསླུ་བྲིད་ཀྱི་བྱ་བ་འབའ་ཞིག་དོན་དུ་གཉེར་བའི་སྐབས་ཤིག་རེད་འདུག ད་ལྟའི་གནས་སྐབས་ཀྱང་རང་ངོ་མི་ཤེས་མཁན་ཐ་ཤལ་གྱི་བྱ་ངན་ལ་ཞུགས་མཁན་མི་ཉུང་བ་ཞིག་སྣང་བཞིན་ཡོད། དེར་བརྟེན། ཕྱག་དེབ་འདིས་མངོན་སུམ་དུ་བསྐྲུན་ཐུབ་པ་ཞིག་ནི་རང་རིགས་ལ་གཅེས་སུ་འཛིན་མཁན་སྐྱེ་བུ་ཉུང་ཤས་ཤིག་མེད་མོད། དེ་དག་ལ་མི་དགའ་མཁན་ནི་གྲངས་ལས་འདས་པ་ཞིག་ཡོད་པས། མཐའ་ན་ཕྱག་དེབ་ཀྱི་རྩོམ་པ་པོ་ཡང་གུང་ཁྲན་ཏང་གི་ཁྲིམས་ཁང་ལ་ཐེངས་མང་སྦྱར་བ་མ་ཟད། ཁྲིམས་འགལ་གྱི་ཞྭ་ནག་ཀྱང་གཡོགས་པ་སོགས་ངན་སྤྱོད་ཀྱི་བྱ་བའི་འོག་ཏུ་ཚུད་མྱངས་འདུག་གོ།
ད་བར་དཔྱད་མཆན་མེད།