བསྟན་འཛིན་རྣམ་གྲོལ། ཅོན་ཏ་ར་བོད་ཁྱིམ།

ཀློག་པ་པོ་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས། ངའི་མིང་ལ་བསྟན་འཛིན་རྣམ་སྒྲོལ་ཟེར། ང་འཛིན་གྲྭ་བདུན་པའི་སློབ་མ་ཞིག་ཡིན། ཡངས་རྒྱ་ཆེ་བའི་གོ་ལ་ཟླུམ་པོ་འདིའི་ནང་ཨ་མ་ཞེས་པའི་ཡིག་འབྲུ་གཉིས་པོ་འདི་ནི་རིན་ཐང་བསམ་གྱིས་མི་ཁྱབ་པ་ཡོད་ལ། འགྲོ་བ་རིགས་དྲུག་ཐམས་ཅད་ལ་ཨ་མ་མེད་པ་གཅིག་ཀྱང་མེད། བདག་ལ་ཡང་བརྩེ་བའི་མ་གཅིག་ལས་མེད་པས་ཁོང་གི་མཚན་ལ་ཨ་མ་ཚེ་རིང་གཡུ་སྒྲོན་ལགས་ཡིན་པས་ཁོང་ནི་ངའི་བྱམས་བརྩེ་བདག་ཉིད་ཡིན། ཁོང་གིས་ང་ལ་ཟ་སྟངས་དང་འགྲོ་སྟངས། སྡོད་སྟངས་བཅས་སློབ་མཁན་གྱི་དགེ་རྒན་ཐོག་མ་དེ་ཡིན། ང་རང་མ་སྐྱེས་གོང་ཟླ་བ་དགུ་ཙམ་མངལ་དུ་ཉར་བ་དང་ཟླ་དགུའི་རྗེས་སུ་ང་སྐྱེས་པའི་ཉིན་མོ་ནས་བཟུང་ལོ་ངོ་དུ་མ་ཞིག་གི་ནང་བཙོག་གཅིན་གཙང་མ་བཟོ་བ་དང་། དུས་གསུམ་གྱི་ཁ་ལག་ཀྱང་རང་ཉིད་དང་རན་པ་གང་དགོས་གནང་བ་མ་ཟད་དབང་པོ་སོགས་ལ་སྐྱོན་གང་ཡང་མི་ཡོང་བའི་ཆེད་དུ་ཉིན་མཚན་དབྱེར་མེད་སྐུ་ངལ་བསྐྱོན་པ་སོགས་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་གནང་ཡོད་པས་ངས་མི་ཚེའི་ནང་བརྗེད་ག་ལ་སྲིད། ང་རང་ཆུང་དུས་གྲང་བ་དང་ལྟོག་པ་སྐོམ་པའི་སྐབས་ངུ་གི་ཡོད་པས་ཨ་མ་གཅིག་པུས་བདག་ལ་དཀའ་ངལ་ཡོད་པ་ཤེས་ཐུབ། ཨ་མས་ང་གྲང་ནས་ངུ་བའི་སྐབས་གོས་མཐུག་པོ་གཡོགས་པ་དང། ལྟོག་སྐོམ་སོགས་བྱུང་སྐབས་ཨ་མས་ང་ལ་ཟས་དང་འོ་མ་སོགས་སྤྲད་དེ་ལྟོག་སྐོམ་ལས་གྲོལ་བཅུག་པ་སོགས་བྱེད་ཀྱི་ཡོད། ང་རང་འཛིན་གྲྭ་ལྔ་པའི་སྐབས་སུ་བོད་ཡིག་སློབ་ཚན་གཅིག་གི་ནང་ཁ་ཆེ་ཕ་ལུའི་བསླབ་བྱ་ཞིག་སྦྱངས་པས། སློབ་ཚན་དེའི་ནང་རང་གི་ཨ་མ་བཀའ་དྲིན་ཆེན་པོ་ཡིན་སྐོར་གསུངས་འདུག་པས་ངས་གཞི་ནས་རང་གི་ཨ་མ་དེ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པ་ཤེས་སོང་། ང་རང་ལོ་ནར་སོན་སྐབས་ཨ་མ་ལགས་ཀྱིས་དུས་ནམ་ཡིན་ལ་སློབ་སྦྱོང་ལ་དོ་སྣང་དང་། མི་ཡ་རབས་ཅན་ཞིག་བྱེད་དགོས་པ་ཉིན་ལྟར་གསུང་གི་ཡོད། དེ་བཞིན་ངས་ཀྱང་གང་ཐུབ་བྱེད་ཀྱི་ཡོད། ངའི་ཨ་མ་ལགས་ནི་མི་གཞན་ལ་རོགས་པ་བྱ་རྒྱུར་ཧ་ཅང་དགའ་པོ་ཡོད། ལྷག་པར་ཏུ་དབུལ་པོར་སྦྱིན་པ་གཏོང་རྒྱུ་ཧ་ཅང་དགའ་པོ་ཡོད་མཁན་ཞིག་རེད།
ཨ་མ་ལགས་ཀྱིས་ང་ལ་བྱམས་སྐྱོང་གནང་བ་དང་། རང་ཉིད་ལ་གང་དགོས་ཨ་མས་ང་ལ་ཉོས་ནས་སྤྲོད་ཀྱི་རེད། སྐབས་རེ་ངས་ནོར་འཁྲུལ་སོགས་བྱེད་སྐབས་ཨ་མས་ང་ལ་ནོར་འཁྲུལ་ཐེངས་གཅིག་གཉིས་ཡོང་སྲིད་ཀྱང་། ནོར་འཁྲུལ་མང་པོ་བྱས་ན་རྗེས་མ་མི་ཚང་མས་ཁྱེད་རང་ལ་མ་དགའ་བ་འཆག་ཀྱི་རེད་ལ། ཁྱེད་རང་ལ་ཡིད་ཆེས་བྱེད་མཁན་རག་གི་མ་རེད་ཅེས་བསླབ་བྱ་གནང་གི་ཡོད། ང་རང་ཡང་ཨ་མས་གང་གསུངས་པ་ཐམས་ཅད་བྱེད་དཀའ་ནའང་གང་ཐུབ་ཅི་ཐུབ་ཀྱི་འབད་བཙོན་བྱ་དང་བྱ་མུས་ཡིན།
ང་རང་འཛིན་གྲྭ་གསུམ་པའི་སྐབས་སུ་ང་དང་ངའི་རོགས་པ་སྤྲུལ་སྐུ་ཞིག་ཡོད་པ་ང་གཉིས་སློབ་གྲྭའི་ཐང་ཟུར་གྱི་ཤིང་སྡོང་ཞིག་ལ་རྩེད་མོ་རྩེ་སྐབས་གློ་བུར་དུ་ཤིང་སྡོང་གི་ཡལ་ག་ཆགས་ནས་ང་གཉིས་ཤིང་སྡོང་གི་རྩེ་ནས་མར་ལྷུང་སྟེ་ཐང་དཀྱིལ་དུ་ལྷུང་། སྐབས་དེར་ང་རང་རྐང་པ་ས་ལ་འཛུགས་མི་ཐུབ་པའི་གནས་སྐབས་སུ་ཨ་མ་ལགས་སེམས་འཚབ་དང་དངངས་སྐྲག་ངང་ངའི་མདུན་དུ་ངུ་གིན་རྒྱུག་ཡོང་ནས་ལམ་སེང་སྨན་ཁང་དུ་བསྟེན་གཏུགས་ཆེད་འཁྲིད། སྨན་པས་གནོད་སྐྱོན་ཆེན་པོ་མེད་པས་ཐུགས་འཁྲལ་གནང་མི་དགོས་གསུངས་ཏེ། རང་ཁྱིམ་དུ་ལོག རང་ཁྱིམ་ནས་ཕྱི་ལ་འགྲོ་མ་ཐུབ་པར་བདུན་ཕྲག་གཅིག་ཙམ་ནང་ལ་ལུས་སྐབས་ཨ་མས་ང་ལ་བྱམས་སྐྱོང་གིས་སྨན་བཅོས་དུས་ཐོག་ཏུ་བྱས་པས་ཉིན་རེ་བཞིན་ང་དྲག་བསྐྱེད་བྱུང་བ་ནི་ཨ་མ་ལགས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན། ཨ་མ་ལགས་ནི་ངའི་སྲོག་རྩ་ཡིན་ལ། ང་རང་གི་ཡོད་ཚད་ནི་ཨ་མ་ལགས་ཁོ་ན་ཡིན། བཀའ་དྲིན་ཆེ་ཨ་མ་ལགས། ཐུགས་རྗེ་ཆེ་ཨ་མ་ལགས།