འགྱུར་མེད་ཚེ་རིང་། བོད་དགེ།
ལ་དྭགས་བོད་ཁྱིམ་སློབ་གྲྭ།
རྩོམ་པ་པོ། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ།
ཐོག་མའི་ཀུན་སློང་གི་མྱུ་གུ་འབུས་ཚུལ།
༸སྐྱབས་རྗེ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་སྙན་ངག་གི་ལེའུ་བར་མ་དོན་རྒྱན་སོ་ལྔའི་བཀའ་ཁྲིད་ཅིག་གི་སྔོན་འགྲོར་སྙན་ངག་གི་ངོ་བོ་དང་ནུས་པའི་ཤུགས་རྐྱེན་ཇི་འདྲ་ཡིན་མིན་གྱི་བཀའ་སློབ་ཤིག་གི་ནང་ན། <<ང་སྔོན་མ་རྡོ་རྗེ་གླིང་དུ་སློབ་གྲྭའི་དགེ་རྒན་བྱེད་ནས་བསྡད་དུས། མཁྲིས་པ་ན་བ་རེད། མིག་དང་ལྤགས་པ་གསེར་པོར་འགྱུར་བའི་ན་ཚ་དེ་ན་བ་རེད། མཁྲིས་པ་དེ་ན་དགོས་པའི་རྒྱུ་རྐྱེན་གང་རེད་ཟེར་ན། མི་དབང་རྟོགས་བརྗོད་དེ་རགས་པ་རེད། མི་དབང་རྟོགས་བརྗོད་དེ་ནོ་ཝལ་(Novel)ཆ་ཚང་ཞིག་རེད། དེ་ངས་དགོང་མོ་གཉིས་ཀྱི་རིང་མཚམས་བཞག་མ་ཐུབ་པར་བཀླགས་པ་རེད། བྱས་ཙང་སྙན་ངག་ལ་ནུས་པ་ག་རེ་ཡོད་རེད་ཅེ་ན། ནམ་རྒྱུན་ཆུ་ཚོད་དགུ་པ་ཡོལ་མ་ཐག་གཉིད་ལ་ཤོར་འགྲོ་མཁན་གྱི་མི་གཅིག་གིས་སྙན་ངག་ཀློག་དུས། སེམས་ལ་ཐུན་མོང་མ་ཡིན་པའི་འགྱུར་བ་ཞིག་བྱུང་བ་རེད། ཐུན་མོང་མ་ཡིན་པའི་འགྱུར་བ་དེས་དུས་ཚོད་ག་ཚོད་ཕྱིན་མིན་ཧ་མ་གོ་བར་ལྷག་པ་རེད།>> ཅེས་གསུངས། དེས་ངའི་དྲན་ཤེས་ཀྱི་ཡོལ་བའི་ངོས་སུ་བག་ཆགས་སྟུག་པོ་ཞིག་བཞག་འདུག བག་ཆགས་དེས་མི་དབང་རྟོགས་བརྗོད་ཀྱི་དཔེ་དེབ་ཅིག་ཨེ་ཐོབ་མི་ཐོབ་བལྟས་བལྟས་ནས། ལོ་གཉིས་གོང་བལ་ཡུལ་ལ་བསྐྱོད་མཁན་གྲོགས་པོ་ཞིག་ལ་ཆེད་གཉེར་རེ་སྐུལ་ཡང་ཡང་བྱས་ནས་བླུ་ཉོ་བྱས་པ་ཡིན། རྗེས་སུ་ཕྱིར་སློབ་གྲྭར་འཁོར་རྗེས་དུས་ཚོད་ཀྱི་བར་གསེང་ཡོད་ཚད་ལ་གང་ཐུབ་ལྟ་ཁུལ་ཡིན་ནའང་། རང་བློ་ཁབ་མིག་ལས་དོག་ཅིང་ལོ་རྒྱུས་ཀྱི་བྱུང་རིམ་ལ་འདྲིས་ཆ་ཞན་པས། སེམས་ངོས་སུ་ད་ལྟ་བག་ཆགས་རྡོག་རྡོག་ཅིག་མེད་པ་ལྟ་བུ་རེད་འདུག ཡིན་ནའང་རིན་པོ་ཆེས་གསུངས་པའི་བཀའ་སློབ་ཀྱི་བྲག་ཆ་ད་དུང་ཡང་དུས་སྐབས་ནམ་ཡིན་ལ་བརྗེད་མེད་གཡེང་བའི་རླུང་གི་མ་འཁྱེར་བར་ཡང་ཡང་ཡིད་ངོས་སུ་དབྱར་མཚོའི་རྦ་རླབས་བཞིན་འཇགས་མ་མྱོང་།།
ངས་ད་ལྟ་ཀློག་བཞིན་པའི་ཡོངས་གྲགས་<<བཀའ་བློན་རྟོགས་བརྗོད་>>དམ། མཚན་ཆ་ཚང་<<དཱིརྒ་ཡུརིནྡྲ་ཛིནའི་བྱུང་བ་བརྗོད་པ་ཟོལ་མེད་ངག་གི་རོལ་མོ་ཨསྟི་>>ཞེས་བྱ་བའི་དཔེ་དེབ་དེ་ཉིད་ནི། མདོ་མཁར་བ་རང་ལོ་དོན་དྲུག་ལ་ཕེབས་དུས་དང་། དགུང་ལོ་སུམ་ཅུ་སོ་གྲངས་ཙམ་ལ་གོང་གསལ་<<མི་དབང་རྟོགས་བརྗོད་>>དང་། དགུང་ལོ་ཉུ་ཤུ་རྩ་གྲངས་ཙམ་ལ་<<གཞོན་ནུ་ཟླ་མེད་ཀྱི་རྟོགས་བརྗོད་>>བཅས་གསུམ་པོ་ནི་དུས་སྐབས་མི་གཅིག་གནས་སྟངས་སོ་སོ་བ་རྣམས་བརྗོད་སྙིང་དུ་བྱས་པའམ་རྩོམ་པ་པོ་གཅིག་གི་སྨྱུག་རྩེ་ནས་བཞུར་བའི་དཔེ་དེབ་འབའ་ཞིག་ཡིན། ལྷག་དོན་<<བཀའ་བློན་རྟོགས་བརྗོད་>>ནི་རྩོམ་པ་པོ་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་སྐུ་ཚེ་སྨད་ལ་ལྗགས་རྩོམ་གནང་བའི་སྲོལ་རྒྱུན་རྩོམ་གཤིས་ལྡན་པའི་བརྩམས་ཆོས་ཤིག་ཡིན་འདུག ནམ་རྒྱུན་བཤད་སྒྲོས་ལ་རྩོམ་པ་པོ་ཞིག་གིས་སྐུ་ཚེའི་སྔ་ཕྱི་གཉིས་ལས་སྐུ་ཚེའི་སྨད་ལ་བརྩམས་གནང་བའི་གསུངས་དང་སྐུ་ཚེའི་སྟོད་ལ་ལྗགས་རྩོམ་གནང་བའི་གསུངས་གཉིས་ལས་སྐུ་ཚེའི་སྨད་ཀྱི་བརྩམས་ཆོས་ནི། བཙོ་སྦྱང་གི་རང་བཞིན་ཤུགས་ཆེ་བས། སྤུས་ཀ་དང་བརྗོད་བྱ་གཉིས་ཀ་ནས་རྩེར་སོན་ཡོད་པས། དེ་ལ་ཆ་འཇོགས་དང་རིན་ཐང་གི་འདུ་ཤེས་ལྷག་པ་དགོས་ཚུལ་གྱི་གསུང་སྒྲོས་ལ་གཞིགས་ནས། ངས་དེ་རིང་ཅི་ནས་ཀྱང་<<བཀའ་བློན་རྟོགས་བརྗོད་>>ལ་ཞིབ་ལྟ་ཞིག་བྱས་ཏེ། བློ་སྐྱེད་ལྷག་པོ་ཞིག་འཐོབ་རེ་ཡིད་ལ་བཟུང་ནས། ཉིན་ཤས་བསྟུད་བསྟུད་བྱས་ནས་ཀློག་ཁུལ་ཡིན།།
རྩོམ་པ་པོའི་སྐུ་ཚེའི་ལོ་རྒྱུས་ལ་ལམ་ཙམ་རྒྱུས་ལོན་བྱེད་པ།
ཀ) ཆུང་གཞོན་ནུའི་དུས་སུ་ཀློག་པ་ཐོས་བསམ་གྱི་བྱ་བར་ཇི་ལྟར་ཞུགས་པའི་ཚུལ།
གཞུང་ས་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་མི་སྣ་ཇི་སྙེད་ཅིག་ཡོད་པ་ལས། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་(༡༦༩༧ – ༡༧༦༣)ནི། འཛམ་གླིང་གི་ཡང་རྩེར་ཆགས་པའི་བོད་ཡུལ་ཁ་བའི་ལྗོངས་སུ་མི་ལོ་དྲུག་ཅུ་རེ་བདུན་ཙམ་བཞུགས་རིང་། ཆབ་སྲིད་ཀྱི་རྦ་ཀློང་ཡ་ཡོ་སྣ་ཚོགས་ཀྱི་ཁྲོད་ན། མཐོ་རིམ་གྱི་གོ་གནས་ལ་བཞུགས་མྱོང་བའི་མྱོང་ཅན་གྱི་ཆབ་སྲིད་ཀྱི་མི་སྣ་གལ་ཆེན་ཞིག་ཡིན།།
རྩོམ་པ་པོ་ཁོང་ནི། ཡབ་ངག་དབང་ཚངས་པ་དང་། ཡུམ་མདང་དྲུང་གཉིས་ཀྱི་རིགས་སྲས་སུ་མེ་མོ་གླང་(༡༦༩༧)ལོར་སྐུ་འཁྲུངས། ནར་མ་སོན་པའི་དུས་ཁོང་ལ་ཀུན་གྱིས་ཆས་ཁོག་ཅེས་འབོད་ཀྱི་ཡོད་ཚུལ་རང་རྣམ་དེ་ཉིད་ལས། བཞིན་སྟབས་སྙིང་དུ་སྡུག་པར་བརྟེན་ཚང་མས་ཁ་སྦྱོར་བ་བཙོག་པའི་ཚད་དུ་བ་ཕྱུགས་ཀྱི་ལྟོ་སྣོད་ལ་དཔེ་བྱས་ནས་ “ཆས་ཁོག་” གི་མིང་བཏགས་པས་རེ་ཞིག་དེ་ཁ་འབད་ཅེས་པ་ལས་རྟོགས་སླ། རྗེས་སུ་ལ་མོ་ཆོས་སྐྱོང་ཆེན་མོས་ཚེ་རིང་དབང་རྒྱལ་ཞེས་པའི་མཚན་འདི་སྩལ། མདོ་མཁར་ནི་ཁྱིམ་རྒྱུད་ཀྱི་མིང་ཡིན། ལོ་རྒྱུས་ནང་མདོ་མཁར་བ་དང་། རགས་ཁ་ཤག་ནི་མིང་གི་རྣམ་གྲངས་ཙམ་ལས་འཇུག་ཡུལ་གྱི་ཁྱིམ་རྒྱུད་སོ་སོ་བ་ཞིག་མེད། རགས་ཁ་ཤག་ནི་དེ་སྔོན་མདོ་མཁར་བའི་གཞུང་ཞབས་ལྷ་སར་བཅའ་སྡོད་བྱ་སའི་བཞུགས་ཤག་དེ་ལྷ་སའི་སྐྱིད་ཆུའི་རགས་ཀྱི་ཉེ་འགྲམ་ན་ཡོད་པའི་རགས་ཁ་ཤག་ཅེས་འབོད་པ་ཡིན་ཚུལ་དང་། རྗེས་སུ་རགས་ཀྱི་ཡང་འཇུག་ས་འབྲི་སྲོལ་ཉམས་ནས་རག་ཅེས་པ་དེ་རྒྱུན་འབྱམས་སུ་ཕྱིན་ནས། དེང་སང་ཡོངས་གྲགས་སུ་རག་ཁ་ཤག་ཅེས་པ་དེ་བྱུང་བ་ཞིག་ཡིན་ཚུལ་དཔེ་དེབ་གཞན་ན་སྣང་།།
མདོ་མཁར་བའི་ཁྱིམ་རྒྱུད་ནི་བོད་ཀྱི་མིའུ་གདུང་དྲུག་གི་ཁོངས་ལས་ལྕགས་ཁམས་དབྲ་རིགས་ཀྱི་ནང་ཚན་ག་ཟིའི་རྒྱུད་དང་། བྱང་སྟག་ལུང་དགོན་གྱི་ཁྲི་པ་རྣམས་མདོ་མཁར་བའི་ཁྱིམ་རྒྱུད་ཀྱི་འཛིན་ཅིང་། བོད་ཀྱི་གནའ་བོའི་སྤྱི་ཚོགས་ནང་མདོ་མཁར་བའི་ཁྱིམ་རྒྱུད་ལ་བརྩི་མཐོང་ཆེན་པོ་བྱེད་སྲོལ་འདུག །
བོད་ཀྱི་གནའ་བོའི་སྤྱི་ཚོགས་ནི་ད་ལྟ་བཞིན་ཤེས་ཡོན་གྱི་ཁོར་ཡུག་བཟང་པོ་མེད་པ་ཞིག་རེད། ཡིན་ནའང་རྩོམ་པ་པོ་ཁོང་ལ་ཐོག་མ་ཉིད་ནས་ཤེས་ཡོན་གྱི་ཁོར་ཡུག་བཟང་པོ་ཞིག་ཡོད། དུས་རྒྱུན་སྐུ་དྲག་གི་སྲས་སྲོས་ཀྱི་ཁྲོད་ན་མདོ་མཁར་བའི་གསན་བསམ་སློབ་གཉེར་ལ་བརྩོན་པ་བྱེད་སྟངས་ནི་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་དང་། ཁོང་གི་རྣམ་ཐར་ལ་རྒྱུས་ཡོད་ཚོས་ཡིད་སྨོན་མ་སྐྱེས་རང་སྐྱེས་ཆགས་ཀྱི་ཡོད།།
མདོ་མཁར་བ་ཚེ་རིང་དབང་རྒྱལ་རང་ལོ་དྲུག་བདུན་ཞིག་གི་མཚམས་ལ་སོན་དུས། ཆེས་ཐོག་མའི་ཤེས་ཡོན་སློབ་གསོའི་སྒོ་ཐེམ་ལ་བསྐྱོད་འགོ་བཙུགས་ཡོད། ཁོང་གི་ཤེས་ཡོན་གྱི་ལམ་སྣེ་ཐོག་མར་འགོ་འཛུགས་ས་ནི། རི་བོ་དགེ་ལྡན་པའི་ཆོས་གྲྭ་ཆེན་མོ་སེ་ར་ཐེག་ཆེན་གླིང་དུ་ཨ་ཞང་རབ་འབྱམས་སྨྲ་བ་ཞིག་གི་དྲུང་ནས། འབྲི་ཀློག་གཉིས་ཀྱི་གོམ་རིམ་དང་པོར་ལེགས་པར་ལོབ་པར་བྱས། དགུང་ལོ་བཅུར་ཕེབས་དུས་སླར་ཡང་ཡབ་ངག་དབང་ཚངས་པ་ཆེན་པོའི་དྲུང་ནས། ཡི་གེ་འབྲི་བ་དང་། རྡིལ་རྩིས། དཔེ་ཆ་འཛིན་སྐྱོར་སོགས་ལ་བཟང་པོའི་བག་ཆགས་འཇོགས་པར་མཛད།།
དགེ་བའི་བཤེས་གཉེན་ཁྲོ་རྒྱལ་མགོན་པོ་དང་། དབུས་ཁུལ་གྱི་སྔ་འགྱུར་རྙིང་མའི་བཤད་སྒྲུབ་ཀྱི་བསྟི་གནས་རྡོར་སྨིན་གཉིས་ལས་སྨིན་གྲོལ་གླིང་གི་དགེ་བའི་བཤེས་གཉེན་བློ་གསལ་རྣམ་གཉིས་ལས། སྙན་ངག་གི་ལེའུ་གཉིས་པ་དོན་རྒྱན་སོ་ལྔའི་བཀའ་ཁྲིད་ཞུས་ནས། རྩོམ་རྒྱུགས་ཕུལ་རྗེས། བཤེས་གཉེན་དགེ་སློང་བློ་གསལ་གྱིས་དབྱངས་ཅན་དགའ་བ་ཞེས་པའི་མཚན་གྱིས་ལེགས་པར་བརྒྱན་པར་བྱས། དགུང་ལོ་བཅོ་ལྔར་སོན་དུས་སྨིན་གླིང་ལོ་ཆེན་དྷརྨ་ཤྲིའི་ཞབས་པད་བསྙེན་ཏེ། སྙན་ངག་དང་། སྡེབ་སྦྱོར། སྐར་རྩིས་སོགས་རིག་གནས་དུ་མར་ཐོས་བསམ་ཁོ་ནར་བརྩོན་པ་ལས་སྐད་ཅིག་ཙམ་ཡང་ལྷོད་པ་མ་གནང་བའི་ལོ་རྒྱུས་རང་རྣམ་དེ་ཉིད་ལས། ལོ་སྔ་ཕྱིར་ཡོན་ཏན་བསླབ་རིང་ལ་ལྗགས་བཤད་ཉན་སྐབས་སོགས་དོན་ཡོད་ངེས་མ་གཏོགས་བག་ཡངས་ལ་བརྟེན་པའི་སྡོད་གནས་ཀྱི་སྒོའི་ཐེམ་པ་འདའ་མ་མྱོང་བར་བརྩོན་པ་བསྐྱེད་ཅེས་དང་། སླར་ཡང་རང་རྣམ་ལས། དེང་སང་ལྟ་བུའི་གུང་སངས་དང་སྤྲོ་སངས་སོགས་ཅི་ཡང་བྱེད་མ་མྱོང་ཞིང་། རྗེས་མའི་སྐབས་ཟླ་བ་དྲུག་གི་རིང་ལ་ཐོན་ཁར་སྐྲ་ཁྲུ་ཐེངས་གཅིག་བྱས་པས། ལན་ཚར་གྲི་ཆུང་གིས་བཤགས་ནས་ཁྲུ་དགོས་བྱུང་བ་སོགས་གཡེང་བ་ལམ་དུ་མ་བཏང་བར་ཐོས་བསམ་གཉིས་ལ་བརྩོན་པ་བསྟེན་པའི་ལོ་རྒྱུས་ནི། ཀུན་གྱིས་མཐེ་བོང་བསྒྲེང་བའི་རྒྱུར་སྣང་། དགུང་ལོ་བཅུ་བདུན་ཙམ་ལ་སྨིན་གྲོལ་གླིང་གི་རིག་གནས་ཀུན་ལ་མཁས་པའི་ལོ་ཆེན་དྷརྨ་ཤྲཱིའི་ཞབས་ལ་བསྟེན་ནས། སྒྲ་ཀ་ཙན་དབྱངས་གསུམ་ལས་དབྱངས་ཅན་སྒྲ་མདོ་ལེགས་པར་བསླབས་ནས། ཀུན་ཤེས་ཀྱི་མཚན་དུ་ཚངས་སྲས་དགྱེས་པའི་བློ་ལྡན་ཞེས་བཏགས་པར་མཛད་འདུག མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་ཐ་སྙད་རིག་གནས་ཀྱི་བསླབ་བྱ་རྣམས་ནི། སྐབས་དེ་དུས་ཀྱི་ཐ་སྙད་རིག་གནས་ཀྱི་བཤད་སྒྲུབ་ཀྱི་བསྟི་གནས་སྔ་འགྱུར་རྙིང་མའི་དབུས་ཀྱི་གདན་ས་སྨིན་གྲོལ་གླིང་དུ་མཛད་ཡོད།།
གཞན་ཡང་དགུང་ལོ་ཆུང་ཆུང་ཡིན་སྐབས། ཐུན་མོང་ཐ་སྙད་རིག་གནས་ཙམ་མ་ཡིན་པར་ནང་དོན་རིག་པའི་མདོ་རྒྱུད་གཉིས་ལའང་ཐོས་བསམ་གྱི་སློབ་གཉེར་རྒྱ་ཆེ་གནང་འདུག ཁོང་གིས་དབང་ལུང་མན་ངག་ཞུ་ཡུལ་གྱི་བླ་མར་མཚོན་ན། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་འགྱུར་མེད་རྡོ་རྗེ་དང་། གདུང་སྲས་པདྨ་འགྱུར་མེད་རྒྱ་མཚོ། པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས། རྨོར་ཆེན་རྡོ་རྗེ་འཆང་ངག་དབང་ཀུན་དགའ་ལྷུན་གྲུབ། རྗེ་དྲུང་རིན་པོ་ཆེ་བློ་བཟང་འཕྲིན་ལས། ༸རྒྱལ་དབང་བདུན་པ་བསྐལ་བཟང་རྒྱ་མཚོ་སོགས་རྣམ་ཐར་ན་སྣང་།།
མདོར་ན་རྩོམ་པ་པོ་ཁོང་དགུང་ལོ་དྲུག་བདུན་ནས་མེ་ཕོ་སྤྲེལ་ལོ་(༡༧༡༦)སྟེ། དགུང་གྲངས་བཅུ་དགུ་བར་ཐ་སྙད་རིག་གནས་དང་ནང་དོན་རིག་པ་གཉིས་ལ་ཀློག་པ་ཐོས་བསམ་གྱི་བྱ་བའི་ལས་ལ་བརྩོན་པར་འཛད་སྣང་ངོ།།
ཁ) གཞུང་གི་དྲུང་ན་སྤྱོད་པའི་གནས་རིམ་སོ་སོར་ཇི་ལྟར་ཞུགས་པའི་ཚུལ།
དགུང་ལོ་བཅོ་བརྒྱད་ལ་སོན་དུས། མདོ་མཁར་བའི་རྩ་བའི་སྲས་དང་མདོ་མཁར་བ་ཚེ་རིང་དབང་རྒྱལ་ཐུན་མོང་ལ་བྱ་ཁྲི་དཔོན་གྱི་སྲས་མོ་རྣམ་རྒྱལ་དབང་མོ་མདུན་ཐབས་སུ་བསུ་ནའང་། མི་རིང་བར་ཐ་དད་དུ་སོང་འདུག།
མེ་ཕོ་སྤྲེལ་(ཕྱི་ལོ་ ༡༧༡༦) ལ་གཞིས་ཀ་བསམ་འགྲུབ་རྩེའི་དཔྱ་ཁྲལ་ཡོང་འབབ་བསྡུ་བའི་བྱེད་པོར་མངགས་པ་ནི། རྩོམ་པ་པོ་ཁོང་སྲིད་ཕྱོགས་ཀྱི་ལས་གནས་སུ་ཐོག་མར་ཞུགས་པའི་དུས་ཡིན། དུས་སྐབས་དེ་ནི། བོད་དུ་སོག་པོ་གོ་ཤྲཱི་ཚ་བོ་ལྷ་བཟང་ཁང་གིས་བོད་ཀྱི་རྒྱལ་པོ་བྱེད་བཞིན་པའི་སྐབས་ཡིན། གཞིས་ཀ་བསམ་འགྲུབ་རྩེའི་དཔྱ་ཁྲལ་ཡོང་འབབ་བསྡུ་བའི་བྱེད་པོ་མངགས་ནས་ལོ་གཅིག་རྗེས་ཏེ། མེ་མོ་བྱ་ཕྱི་ལོ་ ༡༧༡༧ དགུང་ལོ་ཉི་ཤུར་ཕེབས་དུས་གཞིས་ཀ་བསམ་འགྲུབ་རྩེའི་རྫོང་དཔོན་དུ་བསྐོ་གཞག་བྱས་ཀྱང་བར་ཆད་ཀྱིས་ཕེབས་མ་ཐུབ། ཨོ་རོད་ཇུན་གར་བས་རྒྱལ་པོ་ལྷ་བཟང་ཁང་བཀྲོངས་ནས། རྩོམ་པ་པོ་ཁོང་ཆེད་གཉེར་ལྷ་ལྡན་དུ་བསྐྱོད་ནས་ཇུན་གར་བའི་དཔུང་གི་གཙོ་བོ་རྣམས་ལ་བཏུད། ཇུན་གར་བས་དགེ་ལྡན་རིང་ལུགས་འཛིན་པ་རྣམས་ལ་གནོད་པ་མ་བྱས་ཀྱང་། རྙིང་ལུགས་འཛིན་པའི་བླ་མ་དང་མཁས་གྲུབ་དུ་མར་གདུག་རྩུབ་བསམ་སྤྱོད་ལས་འདས་པ་མང་པོ་བཏང་། གདུག་རྩུབ་དང་མནར་གཅོད་གཏང་ཡུལ་དུ་རྩོམ་པ་པོར་ཐ་སྙད་རིག་གནས་ཀྱི་གནས་ལ་དྲིན་ཆེ་བའི་མཁས་གྲུབ་ཆེན་པོ་ལོ་ཆེན་དྷརྨ་ཤྲཱི་ཡང་ཚུད། ས་ཁྱི་ཕྱི་ལོ་ ༡༧༡༨ ལོར་ལྕགས་རྩེ་གྲི་གུ་རྫོང་གི་རྫོང་དཔོན་མཛད།།
༸རྒྱལ་དབང་བདུན་པ་ཆེན་པོ་རི་བོ་གྲུ་འཛིན་གཉིས་པའི་གཞལ་མེད་ཁང་དུ་གདན་འདྲེན་ཞུ་སླད། མན་ཇུ་གོང་མ་ཁང་ཤིའི་བཀའ་སྒོས་ལྟར་རྒྱ་སོག་གི་དཔུང་དམག་བཞི་སྟོང་ཙམ་བོད་དུ་ལྷགས་འབྱོར་བྱུང་། ཇུན་གར་བའི་དཔུང་དམག་བོད་དུ་གནས་ཟོས་མ་བདེ་ནས་རང་ཡུལ་དུ་བྲོས་ཕྱིན། དགུང་ན་མཐོན་པོར་ཕེབས་པའི་སྡེ་སྲིད་སྟག་རྩེ་ཞབས་དྲུང་ལྷ་རྒྱལ་རབ་བརྟན་བསད། རྩོམ་པ་པོ་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་དང་། ཁོང་གི་ཡབ་ངག་དབང་ཚངས་པ་གཉིས་ཉེན་དོགས་ཀྱིས་རེ་ཞིག་གཞིས་མདོ་མཁར་ལ་བསྐྱོད་འདུག ཞག་དུས་རིང་པོར་མ་ཕྱིན་གོང་ཉེས་མེད་དཀར་འདོན་བྱུང་། ཉེས་མེད་དཀར་འདོན་འབྱུང་དོན་གཙོ་བོ་ནི། མི་དབང་ཕོ་ལྷ་ཐའི་ཇིས་བསེད་བཀྲོལ་གནང་བའི་དྲིན་ཡིན། དུས་དེ་ནས་བཟུང་བོད་དུ་རྒྱ་དམག་སྟོང་ཕྲག་ཁ་ཤས་གཏན་སྡོད་བྱས་པ་དང་། ལོ་རྒྱུས་ནང་རྒྱ་ནག་གོང་མའི་སྐུ་ཚབ་མཚོན་པའི་ཨམ་བན་བོད་དུ་སྡོད་པའི་ལམ་སྲོལ་བྱུང་འདུག།
མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་མཆོག་གཞུང་གི་དྲུང་འཁོར་གྱི་ལེ་ཚན་གྱི་གྲས་སུ་ཕེབས་སྟངས་ཐད་རྣམ་ཐར་ལས། འདི་སྐབས་གཞུང་གི་དྲུང་ན་སྤྱོད་པ་རྣམས་དྲག་ཞན་གྱི་གོ་རིམ་དང་། ཤེས་ཡོན་སོགས་ཞིབ་དཔྱད་མཛད་འདུག་པར་བདག་ལ་ནི་མགོ་འདོན་གྱི་རེ་ལྟོས་འཆའ་ཡུལ་ཡོད་པ་ཞིག་མིན་ཀྱང་། ཤེས་བྱ་ཡིག་རྩིས་སྟོབས་རྩལ་བཅས་ཚང་མ་ཨང་གནས་དང་པོ་ཤ་སྟག་འཁོད་པར་སྣང་ཡང་སྡེ་སྲིད་སྟག་རྩེ་བའི་ཉེ་གཏོགས་སྟབས་ལས་ཚན་ཆེ་ཁག་མི་འོས་བའི་གླེང་བྱུང་འདུག་པ་རེ་ཞིག་དྲུང་འཁོར་བྱིངས་སུ་འཁོད་ཅེས་གསལ། ཆུ་མོ་ཡོས་(ཕྱི་ལོ་ ༡༧༢༣)ལོར་མི་དབང་ཕོ་ལྷའི་བཀའི་ཕེབས་དོན་བཞིན་རྩིས་དཔོན་དུ་བསྐོས།།
ཤིང་ཕོ་འབྲུག་(ཕྱི་ལོ་ ༡༧༢༤)ལོར་༸རྒྱལ་དབང་བསྐལ་བཟང་རྒྱ་མཚོ་མཆོག་བསམ་ཡས་སོགས་སུ་གནས་གཟིགས་ལ་ཕེབས་དུས་ཞབས་ཕྱིར་ལྷན་བཅར་གནང་ཡང་། ཡབ་ཆེན་ངག་དབང་ཚངས་པ་མཆོག་སྐུ་ཚེ་མ་ཟིན་པའི་གནས་ཚུལ་བྱ་མ་རྟས་སྙན་གསོལ་ཞུས་སྟབས། རེ་ཞིག་གློ་བུར་ཐོན་ཕྱག་ཞུས་འདུག།
༸རྒྱལ་དབང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་གིས་བོད་ཀྱི་སྲིད་ཕྱོགས་ཀྱི་ཐུགས་འགན་མ་བཞེས་པའི་རིང་། དའི་ཆིང་བཱ་དུར་བསོད་ནམས་རྒྱལ་པོ་ (ཁང་ཆེན།)དང་། ཕོ་ལྷ་བསོད་ནམས་སྟོབས་རྒྱལ་དང་། ང་ཕོད་རྡོ་རྗེ་རྒྱལ་པོ་དང་། ལུམ་པ་བཀྲ་ཤིས་རྒྱལ་པོ་དང་། སྦྱར་ར་བློ་གྲོས་རྒྱལ་པོ་བཅས་བཀའ་བློན་མི་སྣ་ལྔས་བོད་ཀྱི་ཆབ་སྲིད་ལོ་བདུན་(༡༧༢༡ – ༡༧༢༧)རིང་བསྐྱངས། མེ་མོ་ལུག་(ཕྱི་ལོ་ ༡༧༢༧)ལོར་ང་ལུམ་སྦྱར་གསུམ་ངན་པ་ལག་སྦྲེལ་བྱས་ནས། ཁང་ཆེན་བསོད་ནམས་རྒྱལ་པོ་མི་རྟག་པའི་ལམ་བཀོད། འདི་སྐབས་མདོ་མཁར་བ་ཡང་ཐོག་མར་དའི་ཆིང་བཱ་དུར་གྱི་སོག་དམག་གི་རྗེས་འདེད་དུ་བྱང་ཕྱོགས་གནམ་མཚོའི་བར་བཏེགས། རྗེས་སུ་སོག་པོ་རྣམས་མགོ་འབུལ་ཞུས་གཤིས་ཕྱིར་ལྡོག ཕོ་ལྷ་བསོད་ནམས་སྟོབས་རྒྱལ་གྱིས་གཙང་དམག་ཁྲིད་ནས། གཙང་ཕྱོགས་ན་སླེབས་པའི་དབུས་དམག་དང་འཐབ། དབུས་དམག་བྱིངས་རྣམས་ཕྱིར་ལྡོག གཙང་དམག་མུ་མཐུད་དབུས་ཁུལ་གྱི་དཔུང་དམག་གི་ཟིལ་ཤུགས་མེད་པར་བཏང་། ང་ལུམ་སྦྱར་གསུམ་ལ་ཞིབ་གཅོད་ཆེད་རྒྱ་མི་ཆེད་དུ་སྐད་བཏང་། དེ་ནི་ལོ་རྒྱུས་ཀྱི་ནོར་འཁྲུལ་ཆེ་ཤོས་སུ་མཐོང་། རྒྱ་མི་ཞིབ་གཅོད་པས་ང་ལུམ་སྦྱར་གསུམ་སོགས་མི་བཅུ་ཕྲག་གཅིག་ལྷག་ཙམ་ལྔ་ལམ་དུ་བརྫངས། གཙང་ཞན་དང་དབུས་ཞན་གྱི་ནང་འཁྲུག་གིས་བཀྲ་མི་ཤིས་པའི་དུས་ཨམ་བན་གྱིས་བོད་ཀྱི་ཆབ་སྲིད་ལ་ཐེ་གཏོགས་བྱེད་ཤུགས་སྔར་ལས་ཆེ་བ་སོང་། ཨམ་བན་གཉིས་ཀྱིས་གོང་མའི་བཀའ་དོན་བཞིན་(བཀའ་བློན་རྟོགས་བརྗོད་ན་གོང་མའི་བཀའ་བཞིན་བྲིས་འདུག་ཀྱང་གཞན་ན་ཁ་གསལ་མི་སྣང་བས། དཔྱད་པར་འཚལ།)འཁྲུངས་ཡུལ་ལི་ཐང་གི་ཕྱོགས་སུ་༸གོང་ས་རྒྱལ་དབང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་ལོ་ལྔའི་རིང་གདན་དྲངས། ཕྱི་ལོ་ ༡༧༢༧ ནས་མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་གྱིས་ཕྱི་ལོ་ ༡༧༤༧ བར་བོད་ཀྱི་ཆབ་སྲིད་བསྐྱངས་གནང་ཡོད།།
ཕྱི་ལོ་ ༡༧༢༩ ཙམ་ལ་མདོ་མཁར་ཞབས་ཚེ་རིང་དབང་རྒྱལ་མཆོག་ཛ་སག་རིམ་པ་དང་པོའི་ཐའི་ཇིའི་ཆོ་ལོ་དང་བཅས་བཀའ་བློན་གྱི་གནས་རིམ་ཐོག་ཕེབས་ཡོད་པ་རང་རྣམ་ལས། དེ་རྗེས་(༸རྒྱལ་དབང་ཐམས་ཅད་མཁྱེན་པ་རེ་ཞིག་འཁྲུངས་ཡུལ་དུ་ཉེན་གཡོལ་གྱི་ཆེད་ཕེབས་གནང་སྐབས་ཕེབས་བསུར་ཕྱིན་རྗེས།)གནམ་གྱི་ལྷ་གོང་མ་ཆེན་པོས་ཁོ་བོ་ལའང་ཛ་སག་རིམ་པ་དང་པོའི་ཐའི་ཇིའི་ཆོ་ལོ་དང་བཅས་བཀའ་བློན་གྱི་ལས་ཁུར་འཛིན་དགོས་པའི་བཀའ་ཕེབས་བཅས་གསལ།།
མི་དབང་ཕོ་ལྷས་རྒྱ་ལ་བསྟུན་མཁས་དང་། རང་རིགས་གཅིག་པར་དགྲ་ལྟར་སྡང་ཟུག་ཆེས་ཆེར་བྱས་པ། སྐབས་འགར་༸རྒྱལ་དབང་གི་དགོངས་པ་ལའང་གུས་བརྩི་དང་ལེན་མ་བྱས་པའི་གནས་ཚུལ་ཇི་སྙེད་ཅིག་བྱུང་མཐར། སྐུ་ཚེ་སྨད་ལ་བློ་འགྱོད་ལྟ་བུའི་སེམས་ཚོར་མཚོན་པའི་ཚིགས་བཅད་ཤོ་ལོ་ཀ དེང་སང་ཡོངས་གྲགས་སྐྱེ་བོ་མཆོག་དམན་མཐའ་དག་གི་ངག་ལ་བྱང་པ་སྟེ། གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ།། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།། སྤྱན་རས་གཟིགས་དབང་བསྐལ་བཟང་རྒྱ་མཚོ་ཡི།། ཞབས་པད་སྲི་མཐའི་བར་དུ་བརྟན་གྱུར་ཅིག་ཅེས་པའི་༸རྒྱལ་དབང་སྐུ་ཕྲེང་ན་རིམ་གྱི་ཞབས་བརྟན་གསོལ་འདེབས་དེ་ཉིད་བརྩམས་གནང་བ་ཞིག་ཡིན་པ་རྟོགས་བརྗོད་ལས་གསལ་བ་དང་། ཡང་རྟོགས་བརྗོད་ན། མེ་ཡོས་(ཕྱི་ལོ་ ༡༧༤༧)ལོའི་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་སོགས་གྲུབ་ཙམ་ནས་མི་དབང་ཆེན་པོའི་སྐུ་མཇིང་ལ་གཉན་འབུར་གྱི་བསྙུང་དྲག་པོས་ཟིན་ཏེ་ཐབས་བཅོས་སྐུ་རིམ་སོགས་ཇི་སྙེད་མཛད་ཀྱང་གང་གིས་ཀྱང་མ་བཟློག་པར་ཟླ་བ་གཉིས་པའི་ཚེས་གཉིས་ལ་གཟིམ་ཁྲི་མཐའ་ཅན་དུ་གྱུར་ཞེས་གསལ།།
མི་དབང་ཕོ་ལྷ་བ་གཤེགས་རྗེས་བརྒྱུད་འཛིན་སྲས་ཏེ། ཆེ་བ་འགྱུར་མེད་ཚེ་བརྟན་དང་། ཆུང་བ་འགྱུར་མེད་རྣམ་རྒྱལ་བཅས་གཉིས་བྱུང་། ཆེ་བ་འགྱུར་མེད་ཚེ་བརྟན་ལ་གུང་གི་ཆོ་ལོ་གནང་ནས་མངའ་རིས་ཁུལ་གྱི་སྤྱི་ཁྱབ་ཏུ་བསྐོ་གཞག་གནང་བ་དང་། ཆུང་བ་འགྱུར་མེད་རྣམ་རྒྱལ་ལ་ཝང་གི་ཆོ་ལོ་སྩལ་ཐོག ༸རྒྱལ་དབང་མཆོག་གིས་ད་ལའི་ཆིང་བཱ་དུར་གྱི་ཆོ་ལོ་ཡང་སྩལ་ནས་ཕ་ཡི་ཤུལ་འཛིན་དུ་བསྐོ་གཞག་གནང་འདུག།
རྩོམ་པ་པོ་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་མཆོག་དང་། ཝང་འགྱུར་མེད་རྣམ་རྒྱལ་ནི། དུས་རབས་བཅོ་བརྒྱད་པའི་བོད་ཀྱི་སྲིད་དོན་མི་སྣ་གྲགས་ཅན་གཉིས་ཡིན་ནའང་། ཁོང་གཉིས་པོའི་བར་གྱི་འབྲེལ་བ་ནི་བཟང་པོ་ཞིག་མེད་པ་ནི། མདོ་མཁར་བའི་བརྩམས་ཆོས་བཀའ་བློན་རྟོགས་བརྗོད་ནང་ཧ་ཅང་གསལ་པོ་རེད་འདུག ད་ལྟ་ངས་ཀློག་གིན་པའི་རང་རྣམ་རྟོགས་བརྗོད་དེ་ཉིད་ལས། བོད་འབངས་སྤྱིས་གླགས་མ་རྙེད་པའི་འབྱུང་པོ་མཐུ་བོ་ཆེ་དེ། ད་ལམ་གོང་མའི་ཐུགས་རྗེས་ཏཱ་བཞིན་གཉིས་ནས་སྙིང་སྟོབས་ཆེན་པོས་བསྒྲལ་བ་གཙག་བུ་རྣག་ཐོག་ཏུ་ཁེལ་ཡང་། སྐྱེ་བོ་གཟུ་ལུམ་དུ་མས་ཏཱ་བཞིན་གཉིས་མ་རུང་བར་བྱས་པ་ནི་གཉིས་ཕུང་བདག་བརླག་གི་སྤྱོད་པ་ཐལ་ཆེ་ཚུལ་སོགས་༸རྒྱལ་དབང་བདུན་པ་ཆེན་པོར་ཡར་ཞུས་པའི་གནས་ཚུལ་ལས་གསལ་པོ་རྟོགས་ཐུབ། ཕོ་ལྷ་བའི་ཤུལ་འཛིན་བུ་ཆུང་བ་ཝང་འགྱུར་མེད་རྣམ་རྒྱལ་མན་ཇུའི་ཨམ་བན་གྱིས་བསད་པ་དང་། ཕྱིས་སུ་ཨམ་བན་གཉིས་ཀྱང་གཞན་གྱིས་བསད་རྗེས། མདོ་མཁར་བ་ཆབ་སྲིད་ནང་རྒྱུས་ལོན་བཟང་བས། ལྕགས་ལུག་(ཕྱི་ལོ་ ༡༧༥༡)ལོར་༸གོང་ས་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཐུགས་འགན་བཞེས་ནས་བཀའ་བློན་ཤག་གི་ལས་ཁུངས་གསར་འཛུགས་གནང་སྐབས། སེར་མོ་བ་གསུམ་དང་སྐྱ་བོ་གཅིག་ཡོད་པའི་བཀའ་བློན་བཞིའི་ནང་གི་སྐྱ་བོ་གཅིག་པུ་ནི། རྩོམ་པ་པོ་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་ཡིན། ༸གོང་ས་མཆོག་གིས་བཀའ་བློན་ལ་ཐུགས་རེ་དང་བསྐོ་གཞག་གནང་རྗེས་དེའི་ཐད་ཁོང་གིས་ཞུ་ལན་དུ། ཕྲན་ལ་བོང་བ་གསེར་གཟིགས་ཀྱི་བཀའ་བཟང་པོ་ཕེབས་པ་ཚེ་རབས་ཐམས་ཅད་དུ་བཀའ་དྲིན་འཁོར་མཐའ་བྲལ་ཡང་། རང་བློ་རང་ལ་ལྐོག་ཏུ་མ་གྱུར་གཤིས་བཀའ་བློན་ཙམ་གྱི་ཞབས་འདེབས་འགྲུབ་པའི་བློ་ནུས་འཁོས་ཤོག་ནི་ཅི་ཡང་མ་མཆིས། འོན་ཀྱང་ཕྲན་གྱི་ཕ་མེས་ནས་བཟུང་སྟེ་གཞུང་གི་ཐུགས་རྗེ་ཁོ་ནས་འཚོ་བ་དང་། སྐྱབས་མགོན་ཆེན་པོ་འདི་ཕྱི་གནས་སྐབས་ཐམས་ཅད་ཀྱི་མགོན་སྐྱབས་དཔུང་གཉེན་ཞུ་ཡུལ་ཡིན་གཤིས་བཀའ་གང་ཕེབས་མངོན་བསྟོད་ལས་གྱེན་ལྡོག་ཞུ་མ་ནུས་པས་ཞབས་འདེགས་ལྷག་བསམ་རྣམ་དག་སྒྲུབ་ཆོག་པ་དང་། དེ་ལྟར་གེགས་མེད་འགྲུབ་པའི་ཐུགས་དམ་སྐྱབས་འཇུག་གི་རིམ་པའང་འདི་ཕྱི་གནས་སྐབས་ཐམས་ཅད་དུ་འདོར་བ་མེད་པ་མཁྱེན་ཞེས་གསལ་འདུག།
མདོར་ན་རྩོམ་པ་པོ་ཁོང་ནི། ༸རྒྱལ་དབང་སྐུ་ཕྲེང་དྲུག་པ་དང་། བདུན་པ། བརྒྱད་པ་བཅས་གསུམ་གྱི་དུས་སྐབས་མཐོང་མྱོང་བའི་མི་ཞིག་དང་། རྒྱལ་པོ་ལྷ་བཟང་གིས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཀྲོངས་པའི་སྐབས་དང་། ཇུན་གར་གྱིས་རྒྱལ་པོ་ལྷ་བཟང་མེད་པར་བཟོས་པ། དེ་བཞིན་རྒྱ་སོག་གི་དམག་མིས་ཇུན་གར་བོད་ཡུལ་ནས་བསྐྲད་པའི་གནས་སྟངས། དབུས་གཙང་གཉིས་ཀྱི་བཀའ་བློན་ནང་འཁྲུག་དང་དམར་གསོད་ཀྱི་དོན་རྐྱེན། དེ་བཞིན་ཕོ་ལྷའི་ཤུལ་འཛིན་དང་ཨམ་བན་དབར་གྱི་གསོད་རེས་རྒྱག་རེས་ཀྱི་གནས་ཚུལ་ཆ་ཚང་མིག་གིས་མངོན་སུམ་མཐོང་མྱོང་བ་ཙམ་དུ་མ་ཟད། དེ་དག་གི་འཇིགས་པའི་ནང་མ་ལྷུང་བའི་མགོ་བདེ་དྲན་འཕྲུལ་ཅན་གྱི་བོད་ཀྱི་ཆབ་སྲིད་ཀྱི་མི་སྣ་ཞིག་ཡིན།།
རྩོམ་པ་པོའི་མི་གཤིས་འཚོལ་བ།
ངས་བཀའ་བློན་རྟོགས་བརྗོད་ཀློག་གིན་ཀློག་གིན་རྩོམ་པ་པོ་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱི་མི་གཤིས་ལ་ཚོད་དཔག་བྱེད་སྟངས་ནོར་ཡོད་པ་ཤེས་སོང་། སྔོན་ཆད་ངས་ཁོང་ནི་བསླབ་བྱའི་གནས་ལ་བརྩོན་འགྲུས་ཆེ་བ་དང་། རྩོམ་གཤིས་བཟང་པོ་དེ་དག་མཐོང་ནས། ཁོང་གི་མི་ཚེ་ཧྲིལ་པོ་དཀར་པོ་དཀར་རྐྱང་ཞིག་ལ་མཐོང་འདུག ཡིན་ནའང་ད་ལྟ་བཀའ་བློན་རྟོགས་བརྗོད་དེ་ཆ་ཚང་བཀླགས་ཟིན་ནས་སླར་ཡང་རྩོམ་པ་པོ་ཁོང་ལ་ཞིབ་ལྟ་ཞིག་བྱེད་དུས། ཁོང་ནི་ཉེན་ཁ་དང་ཐུག་དུས་བདེན་པར་རྒྱབ་སྐྱོར་བྱེད་མི་ཐུབ་མཁན་ཞིག་དང་། རང་ཉིད་སྲུང་སྐྱོབ་ཆེད་སྟོབས་ཆེན་གྱི་མདུན་ལ་གུས་གུས་ཞུམ་ཞུམ་བྱེད་རྐྱང་བྱེད་མཁན་ཞིག་ཡིན་པ་ཤེས་བྱུང་།།
སྤྱིར་བཏང་མདོ་མཁར་བ་ཁོང་ནང་གི་ཡིག་རྩིས་སོགས་ཐུན་མོང་དང་ཐུན་མོང་མིན་པའི་རིག་པའི་གནས་ལ་མཁྱེན་ཆུབ་ཟབ་པོ་དང་། ཕྱི་ལུས་ཀྱི་རྩལ་དང་ཕོ་ཉམས་གཞན་ལས་ལྷག་པ་ཞིག་ཡོད་པ་རང་རྣམ་ནང་ཡོད་པ་དེ་དག་ཞིབ་གླེང་བྱ་རྒྱུ་མིན། མཁྱེན་འདོད་འདྲ་མཆིས་ཚེ་རྣམ་ཐར་རང་ལ་གཟིགས་ན་གསལ་པོ་ཆགས་ངེས་རེད། ངས་ད་ལྟ་མི་དབང་ཕོ་ལྷ་དང་། དེའི་སྲས་ཝང་འགྱུར་མེད་རྣམ་རྒྱལ་གཉིས་ལ་ཁོང་གི་གཟིགས་ལྟངས་ཤིག་བཤད་ན། <<མི་དབང་རྟོགས་བརྗོད་>>དང་། <<བཀའ་བློན་རྟོགས་བརྗོད་>>ནི། རྩོམ་པ་པོ་གཅིག་གི་སྨྱུག་རྩེ་ནས་བཞུར་ཡོང་པའི་གླེགས་བམ་གཉིས་ཡིན་པ་སྔོན་ནས་བཤད་ཟིན། མི་དབང་རྟོགས་བརྗོད་དེ་ཝམ་འགྱུར་མེད་རྣམ་རྒྱལ་གྱི་ཡབ་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་གྱི་བྱུང་བ་བརྗོད་པ་ཞིག་ཡིན། དེའི་ནང་སྐབས་རེ་ཚིག་གི་སྤྲོས་པ་རྒྱས་དྲགས་ནས། མི་དབང་གི་ལོ་རྒྱུས་མངོན་པར་མི་གསལ་བ་ལྟ་བུ་གྱུར་འདུག་ནའང་། གླེགས་བམ་གྱི་སྟོད་དུ་ཐ་ན་མི་དབང་མཆོག་སོག་པོ་དགའ་ལྡན་ཚེ་དབང་གི་སྐྱེ་སྤྲུལ་ཞིག་ཡིན་པ་ཚད་མཐོའི་བསྔགས་བརྗོད་བྱས་ཡོད། ཕྱོགས་གཞན་ཞིག་ནས། སྐུ་ཚེ་སྨད་ལ་བརྩམས་པའི་<<བཀའ་བློན་རྟོགས་བརྗོད་>>དུ་མི་དབང་ཕོ་ལྷའི་སྲས་ཆུང་བ་ཝང་འགྱུར་མེད་རྣམ་རྒྱལ་ལ་དམའ་འབེབས་ཤུགས་ཆེན་བྱས་ཡོད། གང་གིས་བྲིས་པའི་རྟོགས་བརྗོད་ན་འགྱུར་མེད་རྣམ་རྒྱལ་ཁོང་ནི། བོད་འབངས་སྤྱིས་གླགས་མ་རྙེད་པའི་འབྱུང་པོ་མཐུ་བོ་ཆེ་དེ། ད་ལམ་གོང་མའི་ཐུགས་རྗེས་ཏཱ་བཞིན་གཉིས་ནས་སྙིང་སྟོབས་ཆེན་པོས་བསྒྲལ་བ་གཙག་བུ་རྣག་ཐོག་ཏུ་ཁེལ་ཞེས་གསུངས་སྟངས་ལ་གཞིགས་ན། མདོ་མཁར་ཁོང་གི་དགྲ་ཡི་དྭངས་མ་ནི་ཝང་ཁོང་ཡིན་པ་ལྟ་བུའི་ཚིག་གནག་དུག་སྦྲུལ་གྱི་ཁ་རླངས་ལྟ་བུ་བཏོན་གནང་ཡོད། དེ་ལྟར་ཕ་བུ་གཉིས་ལ་མི་གཅིག་གི་ལྟ་སྟངས་གནམ་ས་ལྟ་བུའི་སོང་དོན་ནི། རང་ལ་ཕན་གནོད་ཅི་བྱས་ལ་ཐུག་འདུག་པ་ལས། གཞུང་དོན་ལ་ཐུག་མི་འདུག མི་དབང་ཕོ་ལྷ་དང་མདོ་མཁར་བ་གཉིས་སློབ་གྲོགས་ཡིན་པ་དང་། མདོ་མཁར་བ་གཞུང་དོན་གྱི་བྱེད་པོ་ཡིན་དུས། མི་དབང་ནི་བོད་ཀྱི་རྒྱལ་པོ་དང་། རྩོམ་པ་པོ་ཁོང་ནི་ཁོང་གི་ཞབས་འོག་ལ་ལས་ཀ་བྱེད་མཁན་ཞིག་ཡིན་པས། མཐོ་རིམ་ལ་སྤྲེལ་ལད་བྱེད་པ་ཞིག་རེད་འདུག <<བཀའ་བློན་རྟོགས་བརྗོད་>>བརྩམས་གནང་དུས། མི་དབང་ཕོ་ལྷ་འཇིག་རྟེན་ནས་ཕེབས་ཟིན་པ་མ་ཟད། ཁོང་གི་སྲས་ཆུང་བ་ཝང་འགྱུར་མེད་རྣམ་རྒྱལ་ཡང་ཨམ་བན་གཉིས་ཀྱིས་འཇིག་རྟེན་ཕྱི་མར་བརྫངས་ནས་ལོ་མང་སོང་བའི་རྗེས་ཞིག་ལ་ཡིན། ཡབ་སྲས་གཉིས་འཇིག་རྟེན་ནང་མ་བཞུགས་པའི་གོ་སྐབས་དང་བསྟུན་ནས། སྲས་ཝང་འགྱུར་མེད་རྣམ་རྒྱལ་མི་གྲལ་ནས་བསྐྲད་དེ། འབྱུང་པོའི་གྲལ་ལ་བཞག་པ་སོགས་ཀྱི་བྱེད་སྟངས་ནི། རྩོམ་པ་པོའི་མི་གཤིས་གང་འདྲ་ཡིན་མིན་ཚོད་དཔག་ཐུབ་པ་ཞིག་རེད། ད་དུང་ཁ་སྣོན་གྱི་ཚུལ་དུ་སྙིང་། རྟོགས་བརྗོད་ནང་། གོང་མ་བདག་པོ་ཆེན་པོ་ནི་རྗེ་བཙུན་འཇམ་དཔལ་དབྱངས་དང་དབྱེར་མེད་ཅེས་དང་། ཡང་ཕྲན་བུ་ས་འོག་གི་འབུ་སྲིན་ཕྲ་མོ་ལྟ་བུས་གོང་མ་བདག་པོ་ཆེན་པོའི་ཞབས་འདེགས་སུ་འགྱུར་བ་སྐྲ་རྩེ་ཙམ་ཡང་མེད་ཅེས་དང་། དེ་བཞིན་རྒྱ་ནག་གོང་མ་ནི། ཏཱ་ལའི་བླ་མའི་ཆབ་སྲིད་ཡར་རྒྱས་དང་། བོད་འབངས་ཉམ་ཐག་པ་འདི་རྣམས་ཉིས་ཀྱི་དོགས་པ་དང་། སྡུག་བསྔལ་གྱི་གཟིར་གྱི་དོགས་ནས་གནས་སྐབས་ཐམས་ཅད་དུ་བདེ་བ་ལ་སྦྱོར་བ་ཉེ་རིང་ཕྱོགས་ལྷུང་མེད་པར་སྐྱོང་བའི་དགོངས་པ་མངའ་གཤིས་སོགས་ནི། ཆེན་པོར་ཐུགས་ཀྱིས་མ་བཟོད་ནས་གང་བྱུང་སྨྱུག་རྩེ་ནས་ཆེད་དུ་བྲིས་པ་ཞིག་ལས། དོན་དུ་བོད་རྒྱ་མཆོད་ཡོན་གྱི་འབྲེལ་བའི་གནས་སྟངས་གསལ་པོ་ཞིག་བྲིས་མ་ཐུབ་པ་ནི། བོད་མི་ཕྱི་རབས་པ་ཀུན་ལ་དགོངས་པ་མ་བཞེས་པ་ཞིག་ཡིན། མདོར་ན་ཁོང་ནི་དོན་གཉིས་ལས་རང་དོན་གཙོ་བོར་བྱས་པའི་མི་གཤིས་མངའ་བའི་བོད་ཀྱི་ཆབ་སྲིད་མི་སྣ་ཞིག་རེད་འདུག་ཅེས་བཤད་ན་དོན་ལ་གནས་པ་ཞིག་ཡིན་འདུག་གོ།།
འཐུས་པའི་ཚིག་གི་མེ་ཏོག་དང་གསར་བུའི་འགྲེལ་བཤད།
གཤམ་ན་གུས་པས་<<བཀའ་བློན་རྟོགས་བརྗོད་>>ཀྱི་གླེགས་བམ་ལ་ལྟ་ཀློག་བྱེད་དུས། ཐོགས་བརྒྱག་སའི་ཐ་སྙད་སྐོར་ཞིག་བསྡུ་གསོག་བྱས་ནས་བཞག་པ་རྣམས་ལ་སློབ་སྦྱོང་བྱས་རྗེས་ཚིག་འགྲེལ་གོ་བདེ་རེ་བྲིས་པ་རྣམས་ཀྱང་རང་གིས་མི་བརྗེད་ཆེད་འདིར་དགོད་པར་བྱ་རྒྱུ་ཡིན།
༡) དཱིརྒ་ཡུརིནྡྲ་ཛིན། = ( दीधा॓युरिन्द्रजिन ) ལེགས་སྦྱར་གྱི་སྐད་འདིའི་བོད་ཀྱི་སྐད་དོད་དུ། རྩོམ་པ་པོའི་མཚན་ཚེ་རིང་དབང་རྒྱལ་ཞེས་པའི་དོན་ཡིན་འདུག
༢) ཕྲ་མན། = མི་ཟོག་ལ་གནོད་ཅིང་མི་མིན་ལ་གཟུགས་སྣ་ཚོགས་ལ་འགྱུར་ནུས་པའི་སེམས་ཅན་གྱི་རིགས་ཤིག་ཡིན། དཔེར་ན། བཀའ་བློན་རྟོགས་བརྗོད་ལས། ཕྲ་མེན་གྱི་རིག་པ་འཛིན་པ་བདུད་ཀྱི་ཁ་དྲོད་ཅན་དབྱེན་སྦྱོར་ལ་མཁས་པའི་སྐྱེ་བོ་ལ་ལ་དག་གི་བྱེད་པ་ལ་བརྟེན་ནས་གཙོ་རྣམས་གཉེན་གཤིན་པ་ལས་བཟློག་གོ་ལྟ་བུའོ།
༣) གཉེན་གཤིན་པ། = སྐབས་རེ་བློ་ཉེ་བ་དང་། སྐབས་རེ་གཉེན་ཉེ་དུ་སོགས་ཀྱི་སྤྱི་མིང་ལ་གོ་དགོས།
༤) ཅན་ནེ། = ཅ་ནེ་ཡི་དག་ཆ་གཞན། དོན་ལ་ཕོར་བ་ལ་གོ་དགོས། དཔེར་ན། བཀའ་བློན་རྟོགས་བརྗོད་ལས། ལོར་སོན་ཚེ་ཅན་ནེ་སྟེགས་ཀྱི་ཁར་མ་བཞག་བར་ཟ་འཐུང་མི་བྱེད་ལྟ་བུའོ།
༥) ཆས་ཁོག = སྒོ་ཟོག་ལ་ལྟོ་སྤྲད་སའི་སྣོད་ཀྱི་མིང་ལ་གོ་དགོས། དཔེར་ན། བ་ཕྱུགས་ཀྱི་ལྟོ་སྣོད་ལ་དཔེ་བྱས་ནས་ “ཆས་ཁོག” གི་མིང་བཏགས་ནས་རེ་ཞིག་དེ་ཁ་འབོད་ལྟ་བུའོ།
༦) ལན་ཚར། = མགོ་སྐྱེས་ཀྱི་སྐྲ་ཡི་རྩེ་མོ་རྣམས་ལུག་གི་བལ་བཞིན་འཛིང་སོང་བ་ལ་ཟེར། དཔེར་ན། བཀའ་བློན་རྟོགས་བརྗོད་ལས། ལན་ཚར་གྲི་ཆུང་གིས་བཤགས་ནས་ཁྲུ་དགོས་བྱུང་ལྟ་བུའོ།
༧) ཟི་བུན། = ཟང་ཟིང་གི་དོན། དཔེར་ན། བཀའ་བློན་རྟོགས་བརྗོད་ལས། རྒྱལ་པོ་ལྷ་བཟང་ལ་དཔུང་བཏེག་པ་འདམ་དུ་འཁྲུག་ལོང་གི་སྐབས་བཅས་སྟོད་སྨད་ཐམས་ཅད་ཟི་བུན་གྱིས་གཡེངས་བཞིན་པར་མཆིས་ལྟ་བུའོ།
༨) མཚན་ཇུས། = ལམ་ལྷོངས་ཀྱི་དོན། (ཞེ་ས།) དཔེར་ན། བཀའ་བློན་རྟོགས་བརྗོད་ལས། མཚན་ཇུས་ཤོར་ཏེ་ཇུན་གར་པས་བོད་ཁམས་ལ་དབང་བསྒྱུར་ལྟ་བུའོ།
༩) ཚང་རག = རྟ་ཐོག་ནས་ལུས་ཀྱི་སྟངས་སྟབས་དང་། མདའ་གྲི་མདུང་གསུམ་འཕེན་རྩལ་སོགས་ཀྱི་ཐབས་ཤེས་ལ་གོ་དགོས། དཔེར་ན། བཀའ་བློན་རྟོགས་བརྗོད་ལས། རབ་སྟོན་གྱི་ཚེ་སྐྱེ་བོ་སྒྱུ་རྩལ་གྱིས་སྙེམས་པ་དུ་མའི་དབུས་སུ་ཚང་རག་གི་རྩེ་འཇོ་ལ་ཞུགས་ལྟ་བུའོ།
༡༠) དམ་རྫི། = དོ་དམ་དང་རྫི་གསང་གཉིས་བསྡུས་པའི་བསྡུས་མིང་ལ་གོ། དཔེར་ན། བཀའ་བློན་རྟོགས་བརྗོད་ལས། ཡབ་གཅིག་དམ་པར་དམ་རྫི་ཙམ་ལས་གཞན་མ་ཉེས་སྐྱོན་མེད་པར་བདེ་གྲོལ་གྱི་གཏམ་འབྱོར་ལྟ་བུའོ།
༡༡) གཞུང་གི་དྲུང་ན་སྤྱོད་པ། = གཞུང་ཞབས་ལས་བྱེད་ཅེས་པའི་དོན་ཡོན། དཔེར་ན། བཀའ་བློན་རྟོགས་བརྗོད་ལས། གཞུང་གི་དྲུང་ན་སྤྱོད་པ་རྣམས་དྲག་ཞན་གྱི་གོ་རིམ་དང་། ཤེས་ཡོན་སོགས་ཞིབ་དཔྱད་མཛད་ལྟ་བུའོ།
༡༢) ལེ་ཤོར། = རྣམ་གཡེང་བྱས་ནས་ལས་ལ་འཐུས་ཤོར་བཏང་བ་ལ་གོ་དགོས། དཔེར་ན། བཀའ་བློན་རྟོགས་བརྗོད་ལས། རྒྱུ་བརྔན་གྱི་རྗེས་འབྲེང་གཞུང་དོན་ལ་ཇི་མི་སྙོམ་པའི་ལེ་ཤོར་དུ་གྱུར་པ་ལྟ་བུའོ།
༡༣) ལྟུས་ཐིངས། = ཚོད་དཔག་ཐུབ་པ་ལ་གོ་དགོས། མ་འོངས་ལྷུས་ཐེངས་ས་འོག་དར་འཐག་གི་རྣམ་བཀྲའི་རིགས་ཅི་ཡང་བྱེད་པ་མ་ཤར་ལྟ་བུའོ།
༡༤) གནང་སྐྱེས། = བྱ་དགའ་གསོལ་རས་ཀྱི་དོན་ཡིན། དཔེར་ན། བཀའ་བློན་རྟོགས་བརྗོད་ལས། མཇལ་སློག་གནང་སྐྱེས་བཟང་པོ་དང་བཅས་བཀའི་གནང་བ་དམ་པས་དབུགས་དབྱུང་བའི་བཀའ་དྲིན་ཐོབ་ལྟ་བུའོ།
༡༥) གཟུ་ལུམ། = བཅོས་མའམ་རང་བཟོ་ལ་གོ་དགོས། དཔེར་ན། བཀའ་བློན་རྟོགས་བརྗོད་ལས། སྐྱེ་བོ་གཟུ་ལུམ་དུ་མས་ཏཱ་བཞིན་གཉིས་མ་རུང་བར་བྱས་པ་ནི་གཉིས་ཕུང་བདག་བརླག་གི་སྤྱོད་པ་ཐལ་ཆེ་ཚུལ་ལྟ་བུའོ།
༡༦) མཁོས་ཤོག = ནུས་པ་དང་སྟོབས་ལ་གོ་དགོས། དཔེར་ན་བཀའ་བློན་རྟོགས་བརྗོད་ལས། རང་བློ་རང་ལ་ལྐོག་ཏུ་མ་གྱུར་གཤིས་བཀའ་བློན་ཙམ་གྱི་ཞབས་འདེབས་འགྲུབ་པའི་བློ་ནུས་འཁོས་ཤོག་ནི་ཅི་ཡང་མ་མཆིས་ལྟ་བུའོ།
༡༧) བྲོ་འཚལ་བ། = ལུས་ཁམས་བདེ་མིན་གྱི་དོན་ལ་གོ་དགོས། དཔེར་ན་བཀའ་བློན་རྟོགས་བརྗོད་ལས། ཁོ་བོ་བྲོ་འཚལ་བས་ལས་དོན་གྱི་ཞབས་ཕྱིར་བཅར་མ་ཐུབ་ལྟ་བུའོ།
༡༨) ཨམ་བན། = བོད་དུ་ཡོད་པའི་རྒྱ་ནག་མན་ཇུ་གོང་མའི་སྐུ་ཚབ་ལ་ཟེར། ༸རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་སྐབས་བྱུང་ཞིང་། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཕྱི་ལོ་༡༩༡༢ལོར་རྒྱ་མི་བོད་ཡུལ་གཙང་སེལ་མ་བྱས་པར་གནས་སོ།
༡༩) མཆིས་བྲང་། = སྐྱེས་སྨན་ལ་གོ་དགོས། དཔེར་ན་བཀའ་བློན་རྟོགས་བརྗོད་ལས། མཆིས་བྲང་མཚོ་རྒྱལ་གྱི་ཁ་ཆེ་སྤོས་ཤེལ་ངང་སྒོང་ཕྱེད་ཉིས་འགྱུར་ཙམ་ཆེ་ལེགས་ལྟ་བུའོ།
༢༠) གཟོད་མ་ཉིད། = ཐོག་མ་ཉིད་ཅེས་པའི་དོན་ཡིན། དཔེར་ན་བཀའ་བློན་རྟོགས་བརྗོད་ལས། གཟོད་མ་ཉིད་ནས་སྐྱེ་རྒུ་སྤྱི་དང་། ཁྱད་པར་བསིལ་ལྡན་ཁ་བ་རི་པ་བའི་འགྲོ་བ་རྣམས་ཀྱི་སྐྱབས་མགོན་དཔུང་གཉེན་ཡིན་ལྟ་བུའོ།
མཇུག་གི་གཏམ།
དུས་རབས་བཅུ་བདུན་པ་དང་། བཅོ་བརྒྱད་པའི་བོད་ཀྱི་ལོ་རྒྱུས་ལ་ཞིབ་ལྟ་བྱ་སྙིང་ཡོད་ན། སྐབས་དེ་དུས་བྱོན་པའི་བོད་ཀྱི་ཆབ་སྲིད་མི་སྣས་བྲིས་པའི་ལོ་རྒྱུས་ལ་ཞིབ་ཀློག་བྱ་རྒྱུ་ནི་གལ་ཆེན་པོ་རེད་སྙམ། ལྷག་དོན་མི་གཅིག་གིས་གང་བྲིས་པ་དེར་ཆ་འཇོག་མ་བྱེད་པར་འབྲེལ་ཡོད་ཀྱི་དཔེ་དེབ་དུ་མ་བསྡུར་ནས་གཟིགས་དགོས་པ་དེ་ཡང་གལ་ཆེན་པོ་རེད་འདུག དུས་དེ་ཤེད་ལ་བྲིས་པའི་དཔེ་དེབ་མང་པོར་བོད་རྒྱའི་མཆོད་ཡོན་གྱི་གནས་སྟངས་ཁ་གསལ་ཞིག་བྲིས་མེད་པ་དང་། གང་བྲིས་པ་རྣམས་བོད་ནི་རྒྱ་འོག་གི་རྒྱལ་ཕྲན་ཞིག་ཡིན་པ་ལྟ་བུ་བྲིས་པ་ནི་ང་ཚོ་ཕྱི་རབས་པ་ཚོས་ཨ་མ་ཡིན་ཤག་དང་ནུ་མ་ནུ་ཤག་ལྟ་བུ་བྱས་ན་ནམ་ཡང་འཕྱུག་ངེས་ཡིན། དོན་དུ་དུས་རབས་བཅུ་བདུན་པ་དང་། དུས་རབས་བཅོ་བརྒྱད་པའི་སྐབས་སུ་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ཉམ་ཆག་ཤུགས་ཆེན་ཕྱིན་པའི་དུས་དང་། ཤར་ཕྱོགས་རྒྱ་ནག་ནི། མངའ་ཐང་སྟོབས་འབྱོར་གང་ཐད་ནས་གཞན་དྲིང་མི་འཇོག་པའི་ཚད་ལ་སླེབས་པའི་གནས་སྟངས་མཚོན་པ་ལས་གཞན་མིན་ནོ།།
མདོ་མཁར་བའི་རྟག་ཏུ་ཨམ་བན་སོགས་ལ་བསྟུན་མཁས་བྱ་རྒྱུ་ནི་བོད་ཀྱི་སྲིད་དོན་གྱི་མདུན་ལམ་ལེགས་ལམ་དུ་བསྐྱོད་ཐུབ་པའི་ཐབས་ཁོ་ནར་རྟག་ཏུ་མཐོང་བ་དང་། མི་དབང་ཝང་འགྱུར་མེད་རྣམ་རྒྱལ་གྱིས་རྒྱ་ནག་གོང་མའི་ཨམ་བན་ནི། བོད་ཀྱི་སྲིད་དོན་གྱི་མདུན་ལམ་ལ་གེགས་བར་བཟོ་མཁན་གྱི་བྱེད་གཏེར་མཐོང་བ་དང་། དེ་མཚུངས་རྒྱ་ནག་གོང་མའི་སྐུ་ཚབ་ཨམ་བན་གཉིས་ནི། རྒྱ་བོད་མཆོད་ཡོན་གྱི་འབྲེལ་བ་ཇི་ཡིན་ཐད་མནོ་བསམ་མི་བྱེད་པར། བོད་ནི་རྒྱ་ནག་གོང་མའི་བཀའ་ལུང་འོག་ཆབ་འབངས་སྐྱོང་དགོས་པའི་ཧམ་སེམས་རྟག་ཏུ་བྱེད་པའི་དངོས་དོན་ལས་རྩོམ་པ་པོ་དང་། རྩོམ་པ་པོའི་བློའི་ནང་དགྲ་ལྟར་སྣང་བའི་ཝང་འགྱུར་མེད་རྣམ་རྒྱལ། དེ་བཞིན་བོད་ཡུལ་དུ་བསྡད་པའི་ཕྱི་མི་ཨམ་བན་གསུམ་གྱིས་བོད་ཀྱི་རྒྱལ་པོའི་གནས་འཛིན་པ་ཝང་བཀྲོངས་པའི་འགལ་བའི་སྣེ་མོ་རྙེད་ཐུབ་པ་ཞིག་འདུག། །།
ད་བར་དཔྱད་མཆན་མེད།