ཐར་ལམ་སྒྲོལ་མ་ལྕང་ར།
འཛིན་རིམ་བཞི་པ། སཾ་བྷོ་ཊ་ཀེ་ལཱཤ་པུ་ར་ཉིན་སློབ།
འཇིག་རྟེན་འདིའི་ནང་རང་གི་དགའ་སྐྱོ་གཉིས་ཀའི་ཚོར་བ་ལ་རེ་བ་སྤུ་ཙམ་མེད་པའི་སྒོ་ནས་སེམས་གསོའི་ཡ་ལན་བྱེད་མཁན་གྱི་གང་ཟག་གཙོ་བོའི་ནང་ནས་གཙོ་བོ་གཅིག་ནི། ང་ཚོས་རྟག་ཏུ་འབོད་བཞིན་པའི་བུད་མེད་སྙིང་སྟོབས་ཅན་ཨ་མ་ཟེར་བ་དེ་ཡིན། ཨ་མའི་བཀའ་དྲིན་ཐོས་མྱོང་དང་མཐོང་མྱོང་མེད་པ་གང་ཟག་སུའང་མེད། ཨ་མའི་བྱམས་སྐྱོང་དང་བརྩེ་བའི་རིན་ཐང་ཚོར་ཐུབ་མཁན་ནི། མཛུབ་མོའི་ནང་དུ་གྲངས་འཐེབ་ཐུབ་པ་བཞིན་ཡིན། དེ་རིང་ང་རང་ལ་རྩོམ་འབྲིའི་གོ་སྐབས་བཟང་པོ་འདི་འདྲ་ཞིག་ཐོབ་པ་དེའི་བརྒྱུད་ནས། ངའི་དྲིན་ཆེན་ཨ་མའི་བཀའ་དྲིན་རྗེས་དྲན་བྱ་རྒྱུ་དེ་ཡིན། དེ་ནི་ང་ལ་མཚོན་ན། ཨ་མ་ལགས་ལ་འབུལ་རྒྱུའི་དྲིན་ལན་བཟང་ཤོས་ཤིག་ཡིན། སེམས་ཅན་དུད་འགྲོའི་མ། འགྲོ་བ་མིའི་མ། གང་ལྟར། ཨ་མ་ག་འདྲ་ཞིག་ཡིན་ཡང་། ཨ་མ་ཆགས་པ་ནས་བཟུང་། ཨ་མ་ཟེར་བ་དེ་དཀའ་ངལ་རྫོགས་མཐའ་མེད་པ་ཞིག་མྱོང་ཐུབ་མཁན་ཞིག་ཡིན་པས། འཇིག་རྟེན་འདིའི་ནང་སྙིང་སྟོབས་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། སེམས་ཅན་དུད་འགྲོའི་ཨ་མ་ཚོས་ཀྱང་རང་གི་ཕྲུ་གུ་བཙས་པ་ནས་བཟུང་། ཨ་མ་དེ་གཟུགས་པོ་སྐམ་པོ་ལ་གྱུར་བ་དང་རང་གི་ཕྲུ་གུའི་ཆེད་དུ་གཞན་གྱི་ཉེས་བརྡུང་འོག་མྱོང་བཞིན་ཟས་བཙལ་ནས་རང་གི་ཕྲུ་གུ་གསོ་སྐྱོང་བྱེད་ཀྱི་ཡོད། ང་ཚོ་མིའི་ཨ་མ་ནི་དེ་ལས་ལྷག་པས། རང་གི་ཕྲུ་གུ་གསོ་སྐྱོང་བྱེད་པར་དཀའ་ལས་མང་པོ་སྐྱོན་གྱི་ཡོད།
ངའི་ཨ་མ་ལགས་ཀྱི་མཚན་ལ་བདེ་སྐྱིད་དབང་མོ་ཟེར། ངའི་ཨ་མ་ལགས་སྔོན་མ་བོད་ཁྱིམ་དུ་དགེ་རྒན་གྱི་ཕྱག་ལས་གནང་མྱོང་ཡོད། ངའི་ཨ་མ་ལགས་ནི་སྐུ་གཟུགས་རིང་ལ། ཞལ་རས་དཀར་ལ་ཞི་བདེའི་འོད་མདངས་མངོན་པ་ཞིག་གི་ཐོག་ཐུགས་གཤིས་བཟང་པོ་སོགས་ཀྱི་ཡོན་ཏན་ལྡན་པའི་ཨ་མ་ཡག་པོ་ཞིག་ཡོད། ངའི་ཨ་མ་ལགས་ཀྱིས་སེམས་ཁྲལ་བྱེད་ཡུལ་ང་དང་ངའི་གཅུང་པོ་གཉིས་ཡིན། དམིགས་བསལ་གྱིས་གཅུང་པོ་ལ་ཐུགས་འཚབ་མང་བ་གནང་གི་ཡོད། ངའི་ཨ་མ་ལགས་ཀྱིས་སྤུན་ང་གཉིས་ལ་ཉིན་མཚན་བསྟུན་མར་སློབ་སྦྱོང་དང་ཀུན་སྤྱོད་སློབ་གསོ་ཐོག་དོ་སྣང་ཆེན་པོ་གནང་གི་ཡོད། ཨ་མ་ལགས་ཀྱིས་ང་གཉིས་ཀྱི་སློབ་སྦྱོང་ཐོག་སྐུ་ངལ་སྐྱོན་སྟངས་ངས་གསལ་པོ་ཚོར་གྱི་ཡོད། ཁོང་གིས་ང་གཉིས་ཀྱི་དགའ་མོས་ལ་གཞིགས་ནས་དུས་ཚོད་རེའུ་མིག་འཚམས་པོ་ཞིག་གཏན་འབེབས་གནང་ཡོད། དེ་ལ་བསྟུན་ནས་ཨ་མ་ལགས་ཀྱི་ང་གཉིས་ལ་འཛིན་ལས། ནང་ལས། དཔེ་ཀློག རྩེད་མོ། བརྙན་འཕྲིན་དུས་ཚོད་སོགས་ལྟ་རྟོག་སྤྲོ་སྣང་ལྡན་པ་ཞིག་གནང་གི་ཡོད། ཨ་མ་ལགས་ཀྱིས་ང་ཚོར་གཏོང་བཞིན་པའི་དུས་ཚོད་ནང་ནས་གལ་ཆེ་ཤོས་དེ་ནི། ང་ཚོའི་སློབ་གྲྭའི་དུས་ཡུན་ནང་གི་ཚོར་བ་དེ་ཚོ་ཉན་རྒྱུ་དེ་ཡིན། ངེད་གཉིས་ནས་སློབ་གྲྭའི་ནང་སོ་སོས་གང་བྱས་པ་རྣམས་བཤད་སྐབས་སུ་ཨ་མ་ལགས་ཀྱི་གནས་སྟངས་ལ་གཟིགས་ཞིབ་གནང་ནས་བསླབ་བྱའང་གནང་གི་ཡོད། ང་ཚོ་སློབ་གྲྭ་ལས་ཕྱིར་ལོག་སྐབས་སུ་ཞལ་ལག་དགའ་ཤོས་དང་མི་དགའ་བ་གཉིས་བསྲེས་ནས་བཟོ་གནང་གི་ཡོད། ངའི་གཅུང་པོ་ནི་ཚལ་རིགས་ཟ་རྒྱུ་ལ་དཀའ་ལས་ཆེན་པོ་ཡོད། གཅུང་པོར་ཚལ་ཟ་རུ་གཞུག་རྒྱུ་དེ་ནི་ཨ་མ་ལགས་ཀྱིས་དུས་ཚོད་མང་ཤོས་གཏོང་སའི་ལས་ཀ་ཞིག་ཡིན། ཨ་མ་ལགས་ནི་དེ་རིགས་ལ་འབད་བརྩོན་བྱ་རྒྱུ་དགའ་མོས་ཆེན་པོ་ཡོད། དེང་སང་ཨ་མ་ལགས་ཀྱིས་ཨུ་ཚུགས་ཆེ་བས་གྲུབ་འབྲས་སུ་དེང་སང་གཅུང་པོ་ཚལ་བཟའ་རྒྱུའི་གོམས་གཤིས་ཆགས་ཡོད།
ཨ་མ་ལགས་ཀྱིས་ནང་སྦྱོང་དུས་སུ། ང་གཉིས་དང་ལྷན་དུ་སློབ་སྦྱོང་བྱེད་ཀྱི་ཡོད། ང་ཚོ་གཉིས་ཀྱིས་ནང་ལས་མ་སྒྲུབ་བར་ཨ་མ་བཞུགས་ཀྱི་ཡོད། ང་ཚོའི་ཁྱིམ་ཚང་གི་དཔེ་ཀློག་གི་དུས་སྐབས་དེ་ནི། ཁྱིམ་དུ་མི་མེད་ལྟར་ཁ་ཁུ་སིམ་པོའི་ངང་སོ་སོའི་དཔེ་དེབ་དཔེ་ཀློག་བྱེད་བཞིན་ཡོད། མཚམས་རེ་ཨ་མ་ལགས་ཀྱིས་བཀླགས་ཟིན་པའི་དཔེ་དེབ་ཀྱི་ནང་དོན་བཤད་པ་དང་མཚམས་རེ་ང་ཚོས་ཨ་མ་ལགས་ལ་སྒྲུང་བཤད་པ་སོགས་ཀྱིས་ཁྱིམ་ཚང་ལ་དཔེ་ཀློག་གི་གོམས་གཤིས་མུ་མཐུད་འཛིན་གྱི་ཡོད། ངའི་ཨ་མ་ལགས་ཀྱིས་དུས་རྟག་ཏུ་ང་དང་གཅུང་པོ་ལ་ཡ་རབས་ནི་མིའི་སྲོག་དང་བྲལ་ན་རོ་ཡིན། ཞེས་གསུང་གི་ཡོད། སློབ་གྲྭ་དང་ནང་དུ་བཀའ་མོལ་གནང་སྟངས་སོགས་ལམ་སྟོན་མང་པོ་གནང་ཡོད། དམིགས་བསལ་གྱིས་སློབ་གྲྭའི་ནང་སྡོད་པའི་སྐབས་སུ། དགེ་རྒན་ལ་གུས་བརྩི་བྱ་རྒྱུ་གལ་ཆེན་པོ་ཡིན་པ་གསུང་གི་ཡོད། སློབ་གྲོགས་སྐྱོ་བ་ལ་སློབ་སྦྱོང་བསླབ་རྒྱུ་དེ་དགེ་བ་དང་རང་ཉིད་ཡར་རྒྱས་འགྲོ་རྒྱུ་ལ་ཕན་ཐོགས་ཡོད་པ་ཡང་ནས་ཡང་དུ་གསུང་གནང་གི་ཡོད། སློབ་ཕྲུག་གཞན་དང་འཁྲུག་འཛིང་བྱ་རྒྱུ་མེད་པ་དང་བཟོད་སྒོམ་བྱས་ན་རང་གི་སྤྱོད་པ་བཟང་དུ་སོང་རྒྱུ་ལ་ཕན་ཐོགས་ཆེན་པོ་ཡོད་པ་གསུང་བཞིན་ཡོད། ང་ཚོའི་དབྱར་ཁའི་གུང་གསེང་སྐབས་སུ་ཨ་མ་ལགས་ཀྱིས་ང་ཚོ་ཆུ་རྐྱལ་དང་རྩེད་རིགས་སོགས་སྦྱོང་བརྡར་བྱེད་དུ་ཁྲིད་གནང་གི་ཡོད། ངའི་ཨ་མ་ལགས་ནི་ཨ་མ་ལགས་བསམ་ཤེས་ཅན་ཞིག་ཡིན། ཨ་མ་ལགས་མེད་ན་ང་ཚོ་གཉིས་ནམ་ཡང་མི་ཚད་ལྡན་ཞིག་ཆགས་མི་སྲིད། ཨ་མ་ལགས་ཀྱིས་ང་ཚོ་གཉིས་མི་བཟང་པོ་ཞིག་ལྟ་འདོད་པའི་ཆེད་དུ། ཨ་མ་ལགས་ཀྱིས་མིག་དཔེ་བཟང་པོ་སྟོན་ཐབས་གང་མང་བྱས་པའི་སྒོ་ནས་དཀའ་ལས་སྐྱོན་གྱི་ཡོད། ངའི་ཨ་མ་ལགས་ནི་ངའི་མི་ཚོའི་ནང་ལ་བཀའ་དྲིན་ཆེ་ཤོས་ཡིན། ཨ་མ་ལགས་སྐུ་གཟུགས་ཐང་པོ་ཡོང་བ་ཤོག ཨ་མ་ལགས་སྐུ་ཚེ་རིང་།
ད་བར་དཔྱད་མཆན་མེད།