ཐུབ་བསྟན་ཚེ་དཔག འཛིན་གྲྭ་དགུ་པ། རྫོང་ཆོས་སློབ་གྲྭ།
རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས།
ང་རང་ཕ་ཡུལ་མོན་རྟ་དབང་ནས་ཡིན་ལ། ང་སྐྱེས་སའི་ས་ཆ་དེའི་མིང་ལ་བྱེ་མིའི་ཐང་ཞེས་ཟེར་གྱི་ཡོད། ལུང་པ་དེ་ཆུང་ཆུང་ཞིག་ཡིན་ནའང་དེའི་གཡས་གཡོན་ཚང་མར་རི་དང་། མཚོ་མང་པོ་དང་། ཤིང་ནགས་སོགས་ཀྱིས་བརྒྱན་ནས་ཡོད་སྟབས་ལྟ་ན་སྡུག་ཅིང་ཡིད་དུ་འོང་བ་ཞིག་ཡོད། དེའི་ཡུལ་མི་ཚང་མས་ཞིང་ལས་དང་འབྲོག་ལས་བྱས་ནས་འཚོ་བ་སྐྱེལ་གྱི་ཡོད། ངས་བསམ་བློ་བཏང་ན་བོད་དང་ལུང་པ་འདི་གཉིས་ལ་ཁྱད་པར་སྤུ་་ཙམ་ཡང་མེད་པ་ལྟ་བུའི་ཚོར་སྣང་ཞིག་སླེབས་སོང་། ང་རང་གི་ནང་མི་མང་ཆེ་བ་འབྲོག་པ་བྱས་ནས་འཚོ་བ་སྐྱེལ་གྱི་ཡོད། ངའི་ཁྱིམ་དུ་ཕ་མ་གཉིས་དང་། སྤོ་ལགས། རྨོ་ལགས། དེ་བཞིན་སྤུན་མཆེད་བུ་ལྔ་དང་སྲིང་མོ་ཆུང་བ་གཉིས་བཅས་ཡོད། ང་རང་གི་ཁྱིམ་ཚང་འདི་དབུལ་པོ་ཞིག་ཀྱང་ཡིན། ང་ཚོ་ནང་མི་ཚང་མ་མཐུན་ལམ་བཟང་པོ་ཞེ་དྲགས་ཡོད། འོན་ཀྱང་ང་རང་གྲྭ་བ་བྱས་པའི་རྗེས་ལ་པ་ལགས་ཁོང་སེམས་མ་སྐྱིད་པར་ད་ཆ་ཁོང་ཆང་ཞེ་དྲགས་འཐུང་གི་འདུག་ཟེར། ངས་ཁོང་ལ་ཆང་གིས་མིའི་གཟུགས་པོ་ལ་གནོད་སྐྱོན་ཆེན་པོ་ཡོང་གི་ཡོད་པའི་སྐོར་ལ་རོབ་ཙམ་ཞིག་ཞུས་བ་ཡིན། ཁོང་ལོ་ན་ཆེན་པོ་ཡིན་པ་མ་ཟད་ཉིན་གང་པོ་ཤུགས་ལས་མང་པོ་བྱ་དགོས་པའི་རྐྱེན་གྱིས་ཆང་མང་པོ་འཐུང་བ་ཡིན་ན་གཟུགས་པོའི་ནུས་ཤུགས་སྐྱོ་རུ་འགྲོ་ཡི་ཡོད་རེད། དེ་འདྲ་སོང་ཙང་ང་རང་བྱམས་བརྩེས་བསྐྱངས་པའི་ཨ་ཕ་ལ་ཆང་གི་ཉེས་དམིགས་སོགས་ངོ་སྤྲོད་བྱས་པ་ཡིན་། ང་ཚོའི་ལུང་པ་ལ་འཚོ་བ་ངོ་མ་ཞིང་ལས་དང་འབྲོག་ལས་རེད། བྱས་ཙང་སློབ་གྲྭ་ཞེས་པ་དེ་གང་འདྲ་ཞིག་ཡིན་པ་དང་སློབ་སྦྱོང་ཞེས་པ་དེའང་གང་འདྲ་ཞིག་ལ་ངོས་འཛིན་བྱ་དགོས་མིན་ཁོང་ཚོའི་བློ་ཟུར་དུ་ཡང་འཆར་མྱོང་མེད། དེ་ནི་ལུང་པར་མཐུན་རྐྱེན་ཡག་པོ་མེད་པ་དང་། ངའི་ཕ་མ་ཚོར་ཤེས་བྱ་ཡོན་ཏན་སྦྱོང་རྒྱུའི་དུས་ཚོད་དང་གོ་སྐབས་རག་མེད་པའི་རྐྱེན་གྱིས་རེད།
ཡིན་ཡང་ཁོང་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་ང་རང་ད་ལྟ་གྲྭ་བ་བྱེད་པའི་གོ་སྐབས་བྱུང་ཡོད། འདི་ནི་ཁོང་རྣམ་པའི་བཀའ་དྲིན་ཡིན་པ་མ་ཟདསྐྱེ་བ་སྔོན་མར་བག་ཆགས་བཟང་པོ་ཞིག་བཞག་པའི་འབྲས་བུ་ཞིག་ཀྱང་ལོས་ཡིན་སྙམ།
དབྱར་གྱི་ནམ་ཟླ་ཡོལ་སོང་། །སྟོན་ཟླ་ངང་གིས་ཤར་བྱུང་། །
ཕ་ཡུལ་ཕྱོགས་ཀྱི་ཡུལ་ལྗོངས། །ཡིད་ལ་ཡང་ཡང་འཁོར་བྱུང་། །
སྟོན་གྱི་ལོ་མ་སེར་པོ། །རླུང་བུས་ལྷབ་ལྷུབ་འཁྱེར་དུས། །
ཕ་ཡུལ་ཕྱོགས་ཀྱི་སྟོན་གཞུང་། །ཡིད་ལ་ཡང་ཡང་འཁོར་བྱུང་། །
ཤར་ཕྱོགས་རི་བོ་རྩེ་ནས། །དཀར་གསལ་ཟླ་བ་ཤར་བྱུང་། །
དྲིན་ཅན་ཕ་མའི་ཞལ་རས། །ཡིད་ལ་ཡང་ཡང་འཁོར་བྱུང་། །
ས་མཐའི་མི་ཡུལ་འདི་རུ། །ལོ་དང་ཟླ་བ་ཕྱིན་སོང་། །
བཀའ་དྲིན་ཅན་གྱི་ཕ་མ། །ཡིད་ལ་ཡང་ཡང་འཁོར་བྱུང་། །
ལྗོན་ཤིང་སྟུག་པོའི་གསེང་ནས། །ཁུ་བྱུག་གསུང་སྙན་སྒྲོག་དུས། །
དྲིན་ཅན་ཨ་མའི་གསུང་སྐད། །ཡིད་ལ་ཡང་ཡང་འཁོར་བྱུང་། །
མེ་ཏོག་ལྡུམ་རའི་ནང་ལ། །ཕ་མ་བུ་ཕྲུག་འཛོམས་ནས། །
སྐྱིད་པོར་རོལ་བ་མཐོང་དུས། །ཕ་མ་ཡིད་ལ་འཁོར་བྱུང་། །
ཕྱི་པས་རྩ་ཆེན་བྱ་ཡུལ། །ཆུ་མོ་གང་གཱ་མཐོང་དུས། །
དྭངས་གཙང་རྒྱུ་བའི་ཆུ་བོ། །ངོམས་ཆུ་རྫ་ཆུ་དྲན་བྱུང་། །
འགྲོ་ལམ་ཀྱག་ཀྱོག་སྟེང་ནས། །རླངས་འཁོར་རྒྱུ་བ་མཐོང་དུས། །
ཕ་ཡུལ་ཁྲ་རྒོད་འགྲོ་ལམ། །ཡིད་ལ་ཡང་ཡང་འཁོར་བྱུང་། །
ཐེག་ཆེན་གཙུག་ལག་ཁང་ནས། །ཆོས་ཀྱི་སྒྲ་དབྱངས་ཐོས་དུས། །
ཆབ་དགོན་བྱམས་གླིང་དགོན་ཆེན། །ཡིད་ལ་ཡང་ཡང་འཁོར་བྱུང་། །
མི་འཇིགས་གདོང་ལྔའི་ཁྲི་ནས། །གསུང་ཆོས་གནང་བ་མཇལ་དུས། །
ཆབ་དགོན་མཁན་ཆེན་བླ་མ། །ཡིད་ལ་ཡང་ཡང་འཁོར་བྱུང་། །
བཀའ་དྲིན་ཅན་གྱི་རྨོ་ལགས་དང་ཨ་ཁུ་ལགས་ཁོང་གཉིས་ཀྱི་ལོ་རྒྱུས་མདོར་སྡུས།
ངའི་རྨོ་ལགས་ལ་ཆ་བཞག་པ་ཡིན་ན་ང་རང་ཆུང་དུས་སྐབས་ནས་རང་ཉིད་ཀྱི་ཕྲུ་གུ་ལས་ལྷག་པ་ཞིག་ཏུ་བརྩིས་གནང་ནས་བྱམས་བརྩེའི་ཐོག་ནས་གསོ་སྐྱོང་གནང་བ་རེད ། ཁོང་མོ་ནི་ལོ་ཕྱི་ལོ་1875ལོར་སྐུ་འཁྲུངས་ཤིང་། ཁོང་གི་མཚན་ལ་དབྱངས་ཅན་ཆོས་སྒྲོན་ཟེར། ཁོང་མོར་བུ་གཅིག་དང་བུ་མོ་གཅིག་བཅས་ཕྲུ་གུ་གཉིས་ཡོད། བུ་དེ་ང་རང་གི་ཨ་ཁུ་རེད།
ངའི་ཆེད་དུ་ཁོང་རྣམ་པ་གཉིས་ཀྱིས་སྐུ་ལས་ཞེ་དྲགས་བརྒྱབས་ཡོད། ང་རང་ཆུང་དུས་སྐབས་ནས་ཕ་མ་གཉིས་དང་ཁ་བྲལ་བ་དང་སྐབས་དེ་དུས་ང་རང་ལ་བདག་སྐྱོང་གནང་མཁན་གཞན་སུ་ཡང་བྱུང་མེད་སྟབས་རྨོ་ལགས་དང་ཨ་ཁུ་ལགས་ཁོང་རྣམ་པ་གཉིས་ཀྱིས་དཀའ་ལས་ཚད་མེད་བརྒྱབས་ནས་གསོ་སྐྱོང་གནང་བ་རེད། དེ་དུས་ང་རང་ཆུང་ཆུང་ཡིན་པས་ཨ་མའི་འོ་མ་འཐུང་རྒྱུ་མེད་སྟབས་ཁོང་རྣམ་པ་གཉིས་ཀྱིས་བ་ཕྱུགས་ཀྱི་འོ་མ་བཞོས་ནས་བསྐོལ་ཏེ་འཇིབ་རུའི་ནང་དུ་བླུག་ནས་ང་ལ་ལྡུད་ཀྱི་ཡོད། དེར་བརྟེན་རང་གི་སེམས་ནང་དུ་དུས་རྒྱུན་གཏན་དུ་ཁོང་རྣམ་པ་གཉིས་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཡིན་པ་ཚོར་བཞིན་ཡོད། །
༼ ཕ་མ་གཉིས་ཀྱི་བཀའ་དྲིན་༽
སྤྱིར་བཏང་མི་ཚང་མས་ཕ་མ་ཟེར་བ་འདི་ཧ་ཅང་གི་བཀའ་དྲིན་ཆེན་པོ་དང་བྱམས་བརྩེ་གནང་མཁན་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད། གང་ཡིན་ཟེར་ན་ཕ་མ་གཉིས་མ་འཕྲད་པ་ལ་ཕྲུ་གུ་ང་ཚོ་འབྱུང་རྒྱུ་མེད་པ་ཆགས་ཡོད། དེ་དང་ཆབས་ཅིག་ང་ཚོ་ལས་དང་བསོད་ནམས་ཀྱི་མཐུ་ལ་བརྟེན་ནས་བྱུང་བ་ཞིག་ཀྱང་ཆགས་ཡོད། ང་ཚོས་ཚེ་རབས་སྔོན་མ་རྣམས་སུ་ལས་བཟང་པོ་དེ་འདྲ་བསགས་མེད་ན་ད་ལྟ་ཕ་མ་མཉམ་དུ་འཕྲད་དེ་མི་ལུས་འདི་འདྲ་ཞིག་ཐོབ་མི་སྲིད་པ་དེ་དངོས་ཡོད་རེད། དེ་འདྲ་སོང་ཙང་ད་ལྟ་མི་ལུས་རིན་པོ་ཆེ་ཐོབ་པ་འདི་ཆུད་ཟོས་སུ་མ་བཏང་བར་ཕ་མས་རང་ལ་བྱམས་བརྩེ་གནང་བ་ནང་བཞིན་ཕར་ཡང་བརྩི་བཀུར་གནང་དགོས།
ང་ཚོ་ཆུང་དུས་སུ་ཕ་མ་གཉིས་ཀྱིས་དཀའ་ལས་ཚད་མེད་བརྒྱབས་ནས་བདག་སྐྱོང་གནང་བ་རེད །
གལ་སྲིད་ཁོང་གཉིས་ཀྱིས་བདག་སྐྱོང་མ་གནང་བ་ཡིན་ན་ད་ཆ་རང་ཉིད་ལ་ལུས་པོ་བཟང་པོ་འདི་འདྲ་ཞིག་ཐོབ་ཡ་ཕར་ཞོག་གསོན་པོར་གནས་ཡོད་མེད་ཀྱང་ཐེ་ཚོམ་རེད་དོ། ཕ་མས་བདག་སྐྱོང་གནང་བ་དང་བྱམས་བརྩེའི་བཀའ་དྲིན་ལ་བརྟེན་ནས་ཟ་ལུགས་དང་འགྲོ་ལུགས་ཚང་མ་ཤེས་པ་ཞིག་ཆགས་ཡོད་། དེ་འདྲ་སོང་ཙང་ང་རང་གི་སེམས་ནང་དུ་དུས་དང་རྣམ་པ་ཀུན་ཏུ་ཕ་མ་ཟེར་བ་འདི་ཤིན་ཏུ་བཀའ་དྲིན་ཆེན་པོ་ཞིག་ཏུ་བརྩི་ཡི་ཡོད། །
༼ བཀའ་དྲིན་ཅན་གྱི་དགེ་རྒན་ལགས།༽
འཇིག་རྟེན་འདི་ཡི་ནང་ལ་ཕ་མ་གཉིས་པ་ནི་དགེ་རྒན་རྣམ་པ་ཡིན།
ང་རང་ཚོའི་མ་འོངས་པའི་མི་ཚེའི་མདུན་ལམ་བཟང་པོ་ཞིག་ཡོང་བའི་ཆེད་དུ་དགེ་རྒན་ལགས་ཀྱིས་ང་ཚོར་ཤེས་བྱ་ཡོན་ཏན་སློབ་གནང་གི་ཡོད། དེར་མ་ཟད་དགེ་རྒན་ཚོས་རང་གི་ཆེད་དུ་མིན་པར་སློབ་ཕྲུག་གི་མི་ཚེའི་ཆེད་དུ་ཉིན་མཚན་ཀུན་ཏུ་དཀའ་ལས་རྒྱག་གི་ཡོད་པ་མ་ཟད། འཇིག་རྟེན་གྱི་མུན་པ་ཐམས་ཅད་སེལ་ཆེད་དུ་ཤེས་རིག་གི་ལམ་གང་ཡོད་ཐམས་ཅད་ང་ཚོ་ལ་སློབ་གནང་གི་ཡོད། དེ་ཡང་བྱམས་སྙིང་རྗེས་ཀུན་ནས་བསླངས་ཏེ་སློབ་གནང་གི་ཡོད། དེ་འདྲ་སོང་ཙང་འཇིག་རྟེན་འདི་རུ་ཁོང་ང་ཚོའི་ཕ་མ་གཉིས་པ་ཆགས་ཡོད། ང་རང་ལ་མདུན་ལམ་བཟང་པོ་ཡོད་པ་དེ་ཕ་མ་དང་དགེ་རྒན་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རེད། གལ་སྲིད་ཕ་མ་མེད་པ་ན་ང་རང་ཟ་ལུགས་དང་འཇིག་རྟེན་གྱི་འགྲོ་ལུགས་སོགས་ཤེས་མི་ཐུབ་ལ་དགེ་རྒན་མེད་པ་ན་ཤེས་བྱ་ཡོན་ཏན་དང་མིའི་སྤྱི་ཚོགས་རིག་གནས་གང་ཡང་ཤེས་མི་ཐུབ་པ་དེ་དངོས་གནས་རེད། དེ་འདྲ་སོང་ཙང་ང་རང་གིས་དུས་རྒྱུན་དུ་ཕ་མའི་བསླབ་བྱ་དང་དགེ་རྒན་རྣམ་པས་བཀའ་སློབ་གནང་བ་རྣམས་སེམས་ནང་ལ་ཉར་ནས་་ཡོད་ལ། བདག་ལ་བྱམས་བརྩེས་བསྐྱངས་པའི་བཀའ་དྲིན་ཅན་ཁོང་རྣམ་པ་ཡང་དེ་བཞིན་ཡིན། །
༼ གྲོགས་པོའི་བཀའ་དྲིན། ༽
འཇིག་རྟེན་འདིར་གྲོགས་པོ་ཟེར་བ་འདི་རང་ཉིད་ཀྱི་མི་ཚེའི་ནང་ལ་བཀའ་དྲིན་ཤིན་ཏུ་ཆེན་པོ་ཆགས་ཡོད་རེད། སྤྱིར་བཏང་རང་ཉིད་ཀྱི་མི་ཚེའི་ནང་ལ་གྲོགས་པོ་འདྲ་མིན་སྣ་ཚོགས་དང་མཉམ་དུ་འཕྲད་ཀྱི་ཡོད། གྲོགས་པོ་ཁ་ཤས་རང་གི་རྒྱུ་ནོར་ལ་བལྟས་ནས་ཡོང་བ་དང་། ཁ་ཤས་ཀྱིས་དངོས་གནས་རང་ཉིད་ཀྱི་མི་ཚེ་ནང་ལ་དཀའ་ངལ་ལ་འཕྲད་པའི་སྐབས་སུ་རོགས་བྱེད་པ་མ་ཟད་རང་ཉིད་ཀྱིས་ལས་ཀ་ནོར་བ་དང་བྱ་བ་ངན་པ་བྱེད་བཞིན་པའི་སྐབས་སུ་སེམས་གཏིང་ནས་རང་ཉིད་ལ་སློབ་གསོ་གནང་སྟེ་མི་ཚེ་བཟང་པོའི་ལམ་ལ་འཁྲིད་ཀྱི་ཡོད། དེ་འདྲ་སོང་ཙང་ང་རང་གི་མི་ཚེའི་ནང་ལ་གྲོགས་པོ་ཟེར་བ་འདི་ཡང་ཧ་ཅང་གི་བཀའ་དྲིན་ཆེན་པོ་རེད་སྙམ་བྱུང་། དེ་ནི་བཤད་སྲོལ་ལ གྲོགས་བཟང་པོ་སྨན་གྱི་ལྗོན་ཤིང་དང་། །
གྲོགས་ངན་པ་དུག་གི་སྡོང་པོ་འདྲ་ཞེས་གསུངས་པ་ནང་བཞིན་རེད།
ང་ཚོའི་མི་ཚེའི་ནང་ལ་གྲོགས་པོ་བཟང་པོ་ཞིག་ཡོད་པ་ཡིན་ན་རང་ཉིད་དཀའ་ངལ་གང་ལ་འཕྲད་ཡོད་ནའང་དེ་སེལ་གང་ཐུབ་བྱེད་པ་དང་། རང་ཉིདལ་གྲོགས་པ་ངན་པ་ཞིག་འཕྲད་པའི་ཚེ་རང་ཉིད་ཀྱི་མི་ཚེ་ཆུར་བསྐྱུར་གྱི་རེད། དེ་འདྲ་སོང་ཙང་རང་ཉིད་ཀྱི་མི་ཚེའི་ནང་ལ་གྲོགས་བཟང་པོ་མཉམ་དུ་འགྲོ་ཐུབ་པ་ཞིག་བྱ་དགོས། སྐབས་རེར་རང་ཉིད་ལ་དཀའ་ངལ་ཕྲད་པ་རྣམས་ཕ་མ་དང་དགེ་རྒན་རྣམ་པས་མ་མཁྱེན་པ་ཡོང་སྲིད་པ་རེད། དེ་དུས་རང་ཉིད་ཀྱི་གྲོགས་པོས་ཤེས་ནས་དཀའ་ངལ་དེ་དག་སེལ་ཐུབ་སྲིད་པ་རེད། དེ་འདྲ་སོང་ཙང་རང་ཉིད་ཀྱི་མི་ཚེའི་ནང་ལ་གྲོགས་པོ་ཞེས་པ་འདི་ཡང་ཤིན་ཏུ་བཀའ་དྲིན་ཆེན་པོ་རེད་སྙམ། །
༼ དགོན་པའི་བཀའ་དྲིན།༽
ང་རང་ཆུང་དུས་ལོ་བཅུ་གཉིས་ཐོག་དགོན་པ་ལ་རབ་ཏུ་བྱུང་བ་རེད།
སྐབས་དེ་དུས་ང་རང་གིས་སློབ་སྦྱོང་ཞེས་པ་འདི་གང་འདྲ་ཞིག་ལ་ངོས་འཛིན་བྱེད་པའི་སྐོར་ལ་གང་ཡང་ཤེས་ཀྱི་མེད། དགོན་པ་འདིའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ད་ཆ་ང་རང་ཤེས་བྱ་ཡོན་ཏན་སློབ་རྒྱུའི་གོ་སྐབས་ཐོབ་ཡོད་པ་མ་ཟད་། ད་ལྟ་གང་ཤེས་པ་རྣམས་གྲྭ་ཚང་འདིའི་དབུ་ཁྲིད་མཁན་རིན་པོ་ཆེས་གཙོས་པའི་གྲྭ་བ་རྒན་པ་ཚང་མ་དང་ང་རང་གི་དགེ་རྒན་ལགས་དང་ཤག་གི་དགེ་ཕྲུག་རྒན་པ་ཚང་མའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རེད། དེར་མ་ཟད་ང་རང་ཡི་གེ་ཀློག་ཐུབ་པ་དང་འབྲི་ཤེས་པ་ཚང་མའང་ཁོང་རྣམ་པའི་བཀའ་དྲིན་རེད། ང་རང་ལས་དང་བསོད་ནམས་ཀྱི་དབང་གིས་ཁོང་རྣམ་པ་དང་མཉམ་དུ་འཕྲད་པ་རེད། དེ་ང་རང་ལ་སེམས་གཏིང་ནས་དགའ་པོ་བྱུང་གི་འདུག། མ་ཟད་དགོན་པ་འདིའི་བཀའ་དྲིན་ལ་བརྟེན་ནས་ང་རང་གིས་རང་ཉིད་ཀྱི་མི་ཚེ་དེ་ག་ཚོད་ཀྱི་རིན་ཐང་ཆེན་པོ་ཡིན་པའང་གཞི་ནས་ཤེས་ཐུབ་སོང་། དེ་འདྲ་སོང་ཙང་དགོན་པ་འདི་ང་རང་གི་མི་ཚེའི་ནང་ལ་བཀའ་དྲིན་ཆེ་ཤོས་ཤིག་ཆགས་པ་བཅས་སོ། །

ད་བར་དཔྱད་མཆན་མེད།