ཆང་ས་བརྒྱབ་པ། ཁ་པར་བླངས་པ། ཟ་མ་བཟའ་བ། འཁོན་ལན་སློག་པ། གཡོས་སྦྱོར་བྱེད་པ། ཅོ་འདྲི་བྱེད་པ། འཁང་ར་བྱེད་པ། ཁ་རྩོད་བྱེད་པ། ལག་པ་འཁྲུད་པ། སྔོ་ཚོད་བརྔོ་བ། ཤ་བཙོས་པ། ཐང་ཆད་པ། རྒྱུ་མཚན་དེད་པ། བཟའ་ཚང་འཁོན་པ།
ང་བསྟན་འཛིན་སྒྲོན་མེ་དང་ཆང་ས་བརྒྱབ་པ་ཡིན། གཉེན་སྟོན་གྱི་ཉིན་དེར་མགྲོན་པོ་མང་པོ་གསོལ་ཅོག་སུམ་ཅུ་ལྷག་གི་མཐའ་འཁོར་དུ་འཚང་འདུག་ཀྱང་། མི་དེ་འདྲ་མང་པོ་ཞིག་གི་ཁྲོད་དུ་ང་དང་འབྲེལ་བ་ཡོད་མཁན་ནི་ཁ་ཤས་ཙམ་ལས་མེད་ཅིང་། དེ་བས་ཀྱང་གྲོང་ཁྱེར་དེ་དང་ལེ་དབར་སྟོང་གིས་ཆོད་པའི་ངའི་ཕ་ཡུལ་གྱི་མི་གཅིག་ཀྱང་མཐོང་རྒྱུ་མེད། ལོ་གཉིས་ཀྱི་རྗེས་སུ་ང་ལས་གྲོལ་བྱུང་ཡང་ཁྱིམ་དུ་ལོག་པར་མི་བྲེལ་བར། ཁ་པར་སྒུག་མཁན་ཞིག་ཏུ་གྱུར་ཡོད། དེ་ལྟར་སྡོད་དུས། ངའི་མདུན་ཅོག་གི་ཁ་པར་སིང་སྒྲ་དང་བཅས་གྲགས་བྱུང་། ངས་ཁ་པར་ཡར་བླངས་ནས་རྣ་རྩར་བཞག་ཙ་ན། དེ་ལས་ངའི་ཆུང་མའི་ཞི་འཇམ་གྱི་གསེབ་ཏུ་འཁང་ར་འདྲེས་པའི་སྐད་སྒྲ་གྲགས་བྱུང་སྟེ་”ཟ་མ་བཟའ་རུ་”ཤོག་ཟེར། ངས་བསྟན་འཛིན་སྒྲོན་མེ་ལ་”རྟག་པར་ཟ་མ་བཟའ་རུ་ཤོག ཟ་མ་བཟའ་རུ་ཤོག་ཟེར། ཁྱོད་ཀྱི་འཚོ་བའི་ནང་དུ་ཟ་མ་བཟའ་རྒྱུ་ལས་ལྷག་མེད་པ་ཨེ་རེད་”ཅེས་ཅོ་འདྲི་བྱས།” ངས་ཁྱོད་ལ་ཟ་ཆོག་འཐུང་ཆོག་བྱས་ནའང་། ཁྱོད་ལ་ད་དུང་བསམ་འཆར་ཡོད་དམ”བསྟན་འཛིན་སྒྲོན་མེས་ང་ལ་དེ་ལྟར་ཁ་ལན་སློག་བྱུང་བ་དང་། ཁོ་མོས་གཡོས་སྦྱོར་བྱས་པའི་སྔོ་ཚོད་དེ་དག་གསོལ་ཅོག་ཐོག་ཏུ་བསྒྲིག་ནས་ང་ལ་”སྔོན་ལ་ལག་པ་ཁྲུས་ཤིག་”ཟེར། “རྟག་པར་སྔོ་ཚོད་བརྔོ་བ་ལས་ཁྱོད་ཀྱི་མཚམས་རེར་ཤ་རེ་བཙོས་ནས་ཐུག་པ་འདྲ་བསྐོལ་ན་མི་ཆོག་གམ”ང་ལག་པ་འཁྲུད་དུ་འགྲོ་མ་འདོད་པས། དེ་ལྟར་འཁང་ར་བྱས་པ་དང་གསོལ་ཅོག་གི་མཐའ་ཡི་རྐུབ་སྟེགས་སུ་ལྗིད་ཏིག་གེར་བསྡད། “ངེད་གཉིས་ལྷན་དུ་གཤིབས་པ་ནི་ནོར་འཁྲུལ་ཞིག་ཡིན་པ་འདྲ”ཟེར། བསྟན་འཛིན་སྒྲོན་མེ་དང་ངེད་གཉིས་དུས་རྟག་ཏུ་རྒྱུ་མཚན་དེད་རྒྱུ་མེད་པའི་ཁ་རྩོད་བྱེད། གཉེན་བསྒྲིགས་ནས་ལོ་ཡི་འཁོར་མོ་གཉིས་ལ་མ་སོང་ཡང་། ངེད་གཉིས་ཀྱི་བར་དུ་འཆམ་ཐབས་མེད་པའི་གནད་དོན་རབས་དང་རིམ་པ་ཞིག་ལྷག་བྱུང་། དུས་ཚོད་ཀྱི་བཞུར་རྒྱུན་དང་བསྟུན་ནས་ངེད་གཉིས་ཀར་འདི་ལྟ་བུའི་འབྲེལ་བར་ཐང་ཆད་པའི་ཚོར་བ་བྱུང་།
 
མཆན་འགྲེལ།
གསོལ་ཅོག ཅོག་ཙེའི་ཞེ་ས། འཚང། མང་པོའི་གྲལ་དུ་ནན་གྱིས་འཇུག་པ། ལེ་དབར། ལམ་ཀ་ཐག་རིང་ཐུང་གི་ཚད་ཅིག འཁང་ར། སྡང་བའི་སྐད་ཆ། ཁ་ལན། སྐད་ཆའི་ལན། གཡོས་སྦྱོར་བྱེད་པ། ཁ་ལག་བཟོ་བ། ལྗིད་ཏིག་གེར་། ལྕི་པོ་ཡོད་པའི་རྣམ་པ། འཆམ་པོ། མཐུན་པོ། ཐང་ཆད་པ། དཀའ་ལས་ཁག་པ།