གསལ་ལྡན་དོན་གྲུབ།
འཛིན་རིམ་བཞི་པ། བདེ་སླར་སི་ཝི་པི་སཾ་བྷོ་ཊ་ཉིན་སློབ།

དེ་རིང་ནི་རེས་གཟའ་སྤེན་པ་རེད། དགེ་སློབ་རྣམས་སྤེན་པ་གཉིས་པའི་གུང་གསེང་ཉིན་རང་རང་སོ་སོའི་ཁྱིམ་དུ་དགའ་སྐྱིད་ངང་བསྡད་ཡོད་མོད། ང་དང་ཕ་མ་གཉིས། ནུ་བོ། གཅུང་མོ་བཅས་མཉམ་དུ་སློབ་གྲྭར་འགྲོ་བཞིན་ཡོད། ང་ནི་ལོ་འཁོར་ཡིག་རྒྱུགས་གཏོང་དུ་འགྲོ་དགོས།

ངའི་མིང་ལ་གསལ་ལྡན་དོན་གྲུབ་ཟེར་ཞིང་། ང་ཕྱི་ལོ་ ༢༠༡༤ ལོར་སྐྱེས་པ་རེད། ད་ལྟ་ང་ལོ་དགུ་ཡིན་ལ་སྦེལ་ཀོབ་སཾ་བྷོ་ཊ་(CVP) ལ་སློབ་སྦྱོང་བྱེད་བཞིན་ཡོད། ཟླ་བ་གཅིག་སྔོན་དུ། ངའི་མི་ཚེའི་ནང་བརྗེད་དཀའ་བའི་དོན་དག་ཅིག་བྱུང་སོང་། དེ་ཡང་ཕྱི་ཟླ་ ༡༠ པའི་ཚེས་ ༢༢ ཉིན་སྟེ། རེས་གཟའ་ཉི་མའི་ཕྱི་དྲོར། ང་རྐང་འོག་པང་ལེབ་འཁོར་ལོ་(Waving board) རྩེ་སྐབས། སྟབས་མ་ལེགས་པར་ང་ས་ལ་བརྡབས་སོང་། ངའི་ལག་པ་གཡས་པར་ན་ཟུག་ཆེན་པོ་ཞིག་རྒྱག་གིན་འདུག ངས་ཨམ་གཙུགས་བསྡམས་ནས་ཡར་ལངས་སྐབས། ཟུག་གཟེར་དྲག་པོས་ང་ཡང་བསྐྱར་ས་ལ་འགྱེལ། ཡིད་སྐྱོ་བ་ཞིག་ལ། ངའི་ལག་པ་གཡས་པའི་རུས་པ་ཆགས་འདུག ངས་ན་ཟུགས་མ་བཟོད་པར་སྐད་ཤུགས་ཆེན་པོ་བརྒྱབ་ནས་ངུས་པ་ཡིན། གནས་དེ་ན་རྩེད་མོ་རྩེ་བཞིན་པའི་སློབ་གྲོགས་འགའ་འདུག་པ་དེ་ཚོས་ངའི་སྤུན་མཆེད་ཨ་ནེ་དགེ་བཤེས་མ་སྐད་བཏང་སོང་། ཨ་ནེ་ལགས་དངངས་སྐྲག་ཆེན་པོའི་ངང་རྒྱུགས་ནས་སླེབས་བྱུང་། ངའི་སེམས་སུ་ཨ་ནེ་ལགས་ཀྱིས་ང་ལ་བཀའ་བཀྱོན་བཏང་ཡོང་བསམ། “ག་རེ་བྱས་སོང་། ག་རེ་བྱས་སོང་།” ཞེས་ལབ་ནས་ཨ་ནེ་ལགས་ཀྱིས་ང་པང་དུ་བཟུང་སོང་། དེ་ནས་ཨ་ནེ་ལགས་ཀྱིས་ “ད་ག་རེ་བྱས་པ་རེད། ཨ།” ཞེས་ལབ་དུས། ཁོ་མོས་སྐྲག་སྣང་ངང་ངའི་ལག་པ་གཡས་པ་འཕུར་འཕུར་གནང་བྱུང་། ངས་ཟུག་གཟེར་མ་བཟོད་པར་སྐད་ཆེན་པོས་ངུས། ངའི་ལག་པའི་རུས་པ་ཆགས་ས་དེ་ཀྱོག་ཀྱོག་ཆགས་འདུག ཨ་ནེ་ལགས་ཀྱིས་གང་མགྱོགས་ང་སྦེལ་ཀོབ་འཚོ་བྱེད་སྨན་ཁང་དུ་ཁྲིད། ཁོ་ཚོས་ངའི་ལག་པ་གློག་པར་བརྒྱབ་ནས། “རུས་ཀོག་ཆགས་འདུག་པས་ཀུ་ཤི་ན་སྒར་ལ་འཁྲིད་དགོས་འདུག” ཟེར། ཨ་ནེས་རྒྱ་གར་བ་རྐང་གསུམ་ཁ་ལོ་བ་ཞིག་སྐད་བཏང་། ཨ་ཁུ་འཇམ་དབྱངས་དང་ང་ཚོ་རྐང་གསུམ་ལ་བསྡད་དེ་ཀུ་ཤི་ན་སྒར་རྒྱ་གར་སྨན་ཁང་དུ་སོང་། དུས་ཚོད་ཅི་ཙམ་སོང་བ་མ་ཤེས། མཚན་མོ་ཡིན་ལ་སྨན་ཁང་དུ་མི་མང་པོ་མི་འདུག ང་ཚོས་གློག་པར་དེ་རྒྱ་གར་སྨན་པ་འགའ་ལ་བསྟན། སྨན་པ་འགས་ངའི་ལག་མགོ་ནས་བཟུང་སྟེ་འཐེན། ང་དྲན་པ་འཐོར་གྲབ་བྱས་ནས་ངུས། ན་ཟུགས་དེ་དངོས་གནས་བཟོད་ཐབས་མི་འདུག ངས་ན་ཟུགས་མ་བཟོད་པར་མུ་མཐུད་ནས་ངུས་པ་ཡིན། ཁོང་ཚོས་ངའི་ལག་པར་འདམ་བག་དཀར་པོ་ཞིག་གཡོག  “མེའེ་སོར་དུ་སྨན་ཁང་ཆེན་པོ་ཞིག་ལ་ཁྱེར་དགོས་ཀྱི་འདུག རུས་ཀོག་གཉིས་ཆགས་འདུག་” ཟེར། སྐབས་དེར་ང་ཞེད་སྣང་ཆེ་རུ་སོང་། ངས་ཨ་ནེ་ལགས་སུ་ “གནས་ཚུལ་འདི་ངེས་པར་དུ་ངའི་ཨ་ཕར་བཤད་རོགས།” ཞེས་ཞུས་པ་ཡིན།

ཨ་ཕས་ཁ་པར་ལས། “མེའེ་སོར་སྨན་ཁང་དུ་མ་འགྲོ། ཚུར་བྷེང་ལོར་སྨན་ཁང་དུ་ཤོག་དང་། ང་འདི་ནས་སྨན་ཁང་དུ་སླེབས་ཡོང་།” ཟེར། ཨ་ཕས་ང་ལ། “ཞེད་སྣང་མ་བྱེད། མགྱོགས་པོར་ཨ་ཕ་ཐུག་གི་རེད་” ཟེར། ངས་ཨ་ཕས་སྐད་གོ་བ་དང་ངུ་ཤར་བྱས་པ་ཡིན། ངའི་ཕ་མ་གཉིས་དངངས་སྐྲག་ཅི་ཙམ་སྐྱེས་ཡོད་པ་ངས་མི་ཤེས། ངའི་ཕ་མ་གཉིས་ཏཱ་ལའི་བླ་མ་མཐོ་སློབ་ཏུ་ཕྱག་ལས་གནང་བཞིན་ཡོད། མཚན་མོའི་གཞུང་ལམ་ནི་བདེ་ཞིང་རླངས་འཁོར་མང་པོ་མེད་པ་འདྲ། ང་ཨ་ནེའི་པང་དུ་གཉིད་ལ་ཡུར། ང་ཚོའི་མོ་ཊ་འཕུར་བ་ལྟར་བྷེང་ལོར་དུ་སླེབས། སྨན་ཁང་སྒོ་འགྲམ་དུ་ངའི་ཨ་ཕ་སླེབས་ནས་སྒུག་བསྡད་འདུག ཨ་ཕས་ང་མཐོང་མ་ཐག་རྒྱུགས་ཡོང་ནས་ངའི་ལག་པར་ཞིབ་ལྟ་ཞིག་གནང་བྱུང་། “ག་རེ་བྱས་སོང་། སྐྱོན་མི་འདུག་གམ། གལ་བྱེད་ཀྱི་མ་རེད། ཨ་ཕ་འདིར་ཡོད།” ཟེར། ང་ཨ་ཕར་འཐམ་ནས་ངུས་པ་ཡིན། ཨ་ཕས་ངའི་མགོར་བྱིལ་བྱིལ་བྱེད་བཞིན། “སྐྱོན་ཡོད་པ་མ་རེད། སྐྱོན་ཡོད་པ་མ་རེད། ཨ་ཕ་འདིར་ཡོད་པས་སྐྱོན་ཡོད་པ་མ་རེད་” ཟེར། ངའི་སེམས་པ་ཅུང་ལྷོད་བྱུང་། ང་ཚོ་ཛ་དྲག་སྨན་བཅོས་ཁང་ལ་སོང་ནས་གློག་པར་རྒྱབ་རྗེས་སྨན་པས། “སྐྱོན་མི་འདུག སང་ཉིན་སྐད་ཆ་བཤད་ཆོག ད་ཉལ་ཁང་དུ་སོང་ནས་ངལ་གསོ་བྱོས་” ཟེར། སྨན་རིལ་བུ་འགའ་གནང་བྱུང་། ང་ཚོ་ཉལ་ཁང་དུ་སླེབས། ཨ་ཕས་སྔ་ས་ནས་ཐུག་པ་ཚ་བོ་དང་གོ་རེ་(ཨ་མདོའི་བག་ལེབ་)ཁྱེར་ཡོང་ནས་དེར་བཞག་འདུག ཨ་ནེ་དང་ཨ་ཁུ་གཉིས་ཀྱིས་ཞལ་ལག་མཆོད་རྗེས་ང་ལ་སེམས་གསོ་དང་བཅས་ཁོང་གཉིས་ཕྱིར་སྦེལ་ཀོབ་ཏུ་ལོག་ཕེབས་སོང་། མཚན་མོ་ཡོལ་ནས་དུས་ཚོད་གསུམ་པ་ཙམ་རེད། ང་ཨ་ཕ་དང་མཉམ་དུ་སྨན་ཁང་གི་ཉལ་ཁྲི་ཨང་ ༢༤ བའི་ཐོག་གཉིད་པ་ཡིན།

བྷེང་ལོར་སྨན་ཁང་། (Rajarajishwari Hospital) ཕྱི་ཉིན་སྔ་དྲོ། སྨན་པ་འགའ་སླེབས་ནས། “ཉི་མ་གསུམ་སྒུག དེ་ནས་བཤའ་བཅོས་(operation) བྱེད་དགོས་” ཟེར། ང་དངངས་སྐྲག་སྐྱེ་མགོ་བཙུགས། ཨ་ཕས་ང་ལ། “གལ་བྱེད་ཀྱི་མ་རེད། སྦྲིད་སྨན་བརྒྱབ་རྗེས་ཁྱོད་གཉིད་ཁུག་འདུག་གི་རེད། གཉིད་སད་དུས་སྨན་བཅོས་ཚང་མ་བྱས་ཚར་བ་རེད། སྐྲག་དགོས་མེད།” ཟེར། ངས་ཨ་ཕའི་སྐད་ཆ་དེར་ཡིད་ཆེས་ཆེན་པོ་སྐྱེ་མ་སོང་། ཅུང་ཙམ་ནས་ཨ་མ་ཕེབས་བྱུང་། ཨ་མ་ངེད་གཉིས་ཕན་ཚུན་འཐམས་ནས་ངུས། ཨ་མས་ཞལ་ལག་ཞིམ་པོ་བཟོས་ནས་ཁྱེར་འདུག ཨ་མས་བཟོས་པའི་ཞལ་ལག་ཧ་ཅང་ཞིམ་པོ་ཡོད། ང་ལ་ན་ཟུག་མེད་པར་ཉི་མ་གསུམ་བསྒུགས། ངས་འགྱིག་བཟོས་ལྭ་བ་སྔོ་སྐྱ་ཞིག་གྱོན་ནས་ཨ་ཕ་དང་མཉམ་དུ་བཤའ་བཅོས་ཁང་དུ་སོང་། ཨ་ཕས་སྔར་གྱི་སྐད་ཆ་དེ་ཚོས་ང་ལ་སེམས་གསོ་བྱས། ང་བཤའ་བཅོས་ཁང་གི་མལ་ཁྲིའི་སྟེང་ཉལ། དཔུང་པར་སྨན་ཁབ་ཅིག་བརྒྱབ་རྗེས་ངས་ཅི་ཡང་མ་ཤེས། གཉིད་སད་སྐབས་ང་ནད་ཁྲི་གཞན་ཞིག་གི་སྟེང་དུ་འདུག ངའི་ལག་མགོ་ནས་དཔུང་པའི་རྩ་བར་དུ་འདམ་བག་དཀར་པོ་ཞིག་གཡོགས་འདུག སྐབས་དེར་ངའི་ཨ་ཕ་དང་ཨ་མ་ཡང་ཡོང་ནས་ངའི་འཁྲིས་སུ་ང་གཉིད་སད་པར་བསྒུགས་འདུག ངས་ཁོང་གཉིས་མཐོང་མ་ཐག་སྐད་ཆེན་པོས་ངུས་པ་ཡིན། ཨ་མས་ངའི་མགོ་ལ་བྱིལ་བྱིལ་བྱེད་བཞིན་མིག་ནས་མཆི་མ་བཞུར། ངའི་ལག་པར་ན་ཟུག་ཆེན་པོ་མེད་ཀྱང་ང་སྐྲག་སྣང་གིས་ངུས་པ་ཡིན། བཤའ་བཅོས་བྱས་ནས་དུས་ཚོད་ཉེར་བཞིའི་རིང་བཟའ་བཏུང་བྱེད་མི་ཆོག་པ་དང་། མདང་དགོང་ནས་དེ་རིང་ཕྱི་དྲོ་བར་དུ་ང་ལྟོགས་སྐོམ་གྱིས་མནར། ངའི་མི་ཚེ་ནང་ལྟོགས་སྐོམ་དེ་འདྲ་མྱང་མ་མྱོང་། ངའི་སེམས་སུ་འཛམ་གླིང་གི་མི་ཚང་མར་དེ་འདྲའི་ལྟོགས་སྐོམ་མ་ཡོང་བར་ཤོག་ཅེས་སྨོན་ལམ་བརྒྱབ་པ་ཡིན། ཕྱི་དྲོ་ཤིང་ཏོག་ཁུ་བ་དང་དེ་ནས་ཁ་ལག་བཟས་པ་ཡིན། བཟའ་བཏུང་དེ་ནི་དེ་འདྲའི་ཞིམ་པ་ལ་ཨང་། ན་ཟུག་མེད་པར་གཉིད་ཀྱང་སྐྱིད་པོ་བྱུང་། སྨན་ཁང་དུ་ཨ་ཕས་ང་ལ་དེབ་གསར་པ་འགའ་ཉོས་བྱུང་། ངས་ཨ་ཕ་མཉམ་དུ་དེབ་འདྲ་མིན་ཀློག་བཞིན། བཟའ་བཏུང་གང་ལེགས་དང་གང་ཞིམ་ལ་རོལ་བའི་སྐལ་བ་བྱུང་། འོན་ཀྱང་མ་འོངས་པར་ང་དང་མི་གཞན་སུ་ལའང་ན་ཚ་བྱུང་སྟེ་སྨན་ཁང་དུ་ཡོང་མ་དགོས་པ་ཤོག རང་ཉིད་དང་ནང་མི་ཚང་མར་སྐྲག་སྣང་དང་འགྲོ་སོང་ཡང་ཆེན་པོ་འདུག་སྙམ།

ཉིན་བདུན་ཙམ་འགོར་རྗེས་ང་ནང་དུ་ལོག་བཏང་བྱུང་། ང་ལ་གཅུང་མོ་དང་ནུ་བོ་ཆུང་ཆུང་མཚེས་མ་ཞིག་ཡོད། ཁོང་གཉིས་ལོ་གཅིག་ཟིན་ཙམ་ཡིན། སྐད་ཆ་རྡབ་རྡིབ་རེ་བཤད་བཞིན་ང་ལ་དགའ་བོ་ཞེ་དྲག་བྱེད། ཁོང་གཉིས་ཧ་ཅང་སྙིང་རྗེ་མོ་ཡོད། ཁོང་གཉིས་ཉིན་ལྟར་ཞོགས་པ་དུས་ཚོད་ ༩ ནས་ཕྱི་དྲོ་དུས་ཚོད་ ༥ པ་བར་བུ་བཅོལ་ཁང་ལ་སྐྱེལ་བཞིན་ཡོད། ཕ་མ་གཉིས་ནི་ལས་བྲེལ་ཧ་ཅང་ཆེ། ཡིན་ནའང་སེམས་ཤུགས་ཆེན་པོ་དང་དགའ་སྤྲོའི་ངང་འཚོ་བ་སྐྱེལ་བཞིན་ཡོད་པས་ང་ཚོ་ནང་མི་མཉམ་འཛོམ་དེ་ཧ་ཅང་སྐྱིད་པོ་ཡིན། ཁོང་གཉིས་ལས་ཀ་གྲོལ་རྗེས་ནང་དུ་དགོང་ཟས་བཟོ་བ་དང་བུ་གུ་གཉིས་གཉིད་ཁུག་རྗེས་དཔེ་ཀློག་བྱེད། ཁོང་གཉིས་ཀྱིས་ང་ལ་དུས་རྒྱུན་དུ་དཔེ་ཆ་ཀློག་པར་སྐུལ་མ་བྱེད། ཁོང་གཉིས་དེབ་ཉོ་རྒྱུར་ཧ་ཅང་དགའ། ང་ཚོའི་ནང་དུ་དེབ་བརྒྱ་ཕྲག་འགའ་ཡོད་ངེས། ང་ཚོའི་ནང་དུ་མི་གཞན་ཡོང་སྐབས། “ཁྱོད་ཚོའི་ནང་ནི་དཔེ་མཛོད་ཅིག་དང་འདྲ་” ཞེས་བཤད། ཟླ་བ་གཅིག་ནི་སྐད་ཅིག་ཙམ་གྱིས་འདས་སོང་། སྨན་པ་ཚོས། “རུས་པ་ཡག་པོ་འབྱོར་འདུག ད་ནི་རྨ་དཀྲིས་བླངས་ན་འགྲིག་གི་འདུག ཚང་མ་ལེགས་གྲུབ་བྱུང་འདུག་” ཟེར།  དེ་རིང་ནི་ངའི་ལག་པའི་འདམ་བག་དཀར་པོ་དེ་བླངས་པ་དང་། ང་དང་ངའི་ནང་མི་རྣམས་ཧ་ཅང་དགའ་སྣང་སྐྱེས་པའི་ཉིན་མོ་ཞིག་ཡིན།

ཟླ་གཅིག་ཙམ་གྱི་རིང་། ངའི་སློབ་གྲྭ་རུ་ཉིན་ལྟར། རྒན་ལགས་རྣམས་ཀྱིས་སློབ་ཁྲིད་གནང་བཞིན། སློབ་གྲོགས་ཚོས་སློབ་སྦྱོང་བྱེད་བཞིན་ཡོད། ངས་ཀྱང་རང་ཁྱིམ་དུ་དཔེ་དེབ་འདྲ་མིན་ཀློག་པ་དང་སྦྱོང་ཚན་བསྐྱར་སྦྱོང་བྱས་པ་ཡིན། ཨ་ཕས་ངའི་གཟུགས་པོ་བཀྲུ་རོགས་དང་ལྭ་བ་གྱོན་རོགས། དེབ་ཀློག་རོགས་སོགས་གནང་བ་དང་། ཨ་མས་ལྭ་བ་བཀྲུ་བ་དང་བཟའ་བཏུང་ཞིམ་པོ་བཟོས་པ། བུ་གུ་གཉིས་ཀྱིས་མཛའ་བརྩེ་ཆེན་པོ་དང་དགའ་སྣང་གིས་ཕུ་བོ་ང་དང་མཉམ་དུ་རྩེད་འཇོར་རོལ་བ། བཀའ་དྲིན་ཆེ་བའི་ཨ་ནེ་ལགས་ཀྱིས་ཡང་ཡང་ཁ་པར་བཏང་གནང་བ་དང་། ས་ཐག་རིང་པོ་ནས་ང་ལ་ལྟ་རུ་ཕེབས། ཨ་ཁུ་འཇམ་དབྱངས་དང་ཨ་ཁུ་ཕུན་ཚོགས་ཉི་མ། ད་དུང་ངས་ནམ་རྒྱུན་དྲན་བཞིན་པའི་ཨ་ཅ་ཉི་མ། ཨ་ནེ་བདེ་དཔལ་སོགས་ཀྱིས་ང་ལ་དུས་རྒྱུན་དུ་ཁ་པར་བཏང་ནས་སེམས་གསོ་གནང་བ་སོགས་ནི་ངའི་མི་ཚེའི་དྲན་ཤེས་ཡིན། ཁྱེད་རྣམས་ཀྱི་བྱམས་བརྩེ་དང་བཀའ་དྲིན་ནམ་ཡང་བརྗེད་ཐབས་མེད། རླངས་འཁོར་གྱི་ཤེལ་སྒོ་ལས་རླུང་བུ་བསིལ་མོ་གཡུག་ནས་ཡོང་། ཨ་ཕས་ནུ་བོ་པང་བཞིན་རླངས་འཁོར་གྱི་མདུན་གྲལ་དུ་ཡོད། ང་དང་ཨ་མ་ལགས། གཅུང་མོ་བཅས་རླངས་འཁོར་གྱི་རྒྱབ་གྲལ་དུ་ཡོད། ང་ཚོས་དགའ་སྐྱིད་ལྡན་པའི་གླུ་གཞས་གཏོང་བཞིན་སྦེལ་ཀོབ་ཕྱོགས་སུ་རྒྱུགས། བརྩེ་བའི་ཨ་ནེ་ལགས་དང་སློབ་གྲོགས་ཚོ། བྱམས་པའི་སློབ་སྤྱི་མཆོག་དང་དགེ་རྒན་རྣམས། ཉིན་ལྟར་དྲན་བཞིན་པའི་ངའི་སློབ་གྲྭ། སྦེལ་ཀོབ་སཾ་བྷོ་ཏ། ང་ཚོ་མགྱོགས་པོར་མཇལ་ཡོང་།

རྩོམ་ཡིག་འདི་ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༡༢ པའི་ཚེས་ ༠༩ ཉིན་བྲིས།