ཆེད་བརྗོད།

༄༅། །གཏན་ཉིན་སློབ་གྲྭའི་བོད་ཡིག་ཤེས་ཚད་ཉམས་ཆག་ཕྱིན་པའི་རྒྱུ་རྐྱེན་ནམ་མངོན་ཚུལ་གཙོ་བོ་ཞིག་ནི། རྩོམ་འབྲིའི་ནུས་པ་ཞན་པ་དེ་ཡིན་ལ། བརྡ་དག་ནི་རྩོམ་འབྲིའི་བྱ་བར་མེད་དུ་མི་རུང་བའི་ཆ་ལག་ཅིག་ཡིན་པས། འདི་ག་ཤེས་རིག་ལས་ཁུངས་ནས་སློབ་མའི་འབྲི་ཀློག་དོན་གསུམ་གྱི་གཞི་རྩའི་ནུས་རྩལ་གོང་མཐོར་གཏོང་རྒྱུ་དེ་སྐད་ཡིག་སློབ་སྦྱོང་གི་གཙོ་གནད་ཅིག་ཏུ་བཟུང་སྟེ་ཤུགས་སྣོན་རྒྱག་མུས་ཐོག ལྷག་བསམ་དང་མཁྱེན་ཡོན་ལྡན་པའི་མཁས་པ་དང་རྩོམ་པ་པོ་མང་དག་ཅིག་གིས་རང་རང་གི་ལེགས་སྐྱེས་ཕུལ་ཏེ་རམ་འདེགས་དང་རྒྱབ་སྐྱོར་གནང་དང་གནང་མུས་ལ་འདི་ནས་ཐུགས་རྗེ་ལེགས་གསོལ་ཞུ་རྒྱུ་ཡིན།
སྐུ་ཞབས་འབྲས་གཙང་བསྟན་འཛིན་ཐབས་མཁས་ལགས་ཀྱིས་བརྩམས་པའི་བོད་ཀྱི་བརྡ་དག་བློ་གསལ་ཉེར་མཁོ་ཞེས་པའི་ཕྱག་དེབ་འདིའི་ནང༌། གཞི་རིམ་སློབ་གྲྭའི་སློབ་མར་ཉེར་མཁོའི་དག་ཡིག་སྒྲ་ཉེ་ཞིང་དོན་མི་འདྲ་བ་དུ་མ་ཞིག་བཀོད་ཡོད་པ་དང༌། དེབ་འདིའི་མཇུག་ཏུ་སློབ་མ་ཚོར་ཉེ་བར་མཁོ་བའི་རིག་གནས་བཅུའི་ངོ་སྤྲོད་དང༌། དགུ་མཐའ་དང་གྲངས་གནས། བཀྲ་ཤིས་རྟགས་བརྒྱད་ཀྱི་འགྲེལ་བཤད་སོགས་རྒྱུན་ཤེས་ཀྱིས་ཟུར་བརྒྱན་འདུག་པ་དེང་སྐབས་ཀྱི་སློབ་མ་ཚོར་ཕན་ཐོགས་ཡོང་རེ་འདུག་པས། འདི་ག་ལས་ཁུངས་ནས་དཔར་སྐྲུན་བགྱིས་ཏེ་གཏན་ཉིན་སློབ་གྲྭ་ཁག་ཏུ་རིན་མེད་འགྲེམས་སྤེལ་བྱས་པ་ཡིན།
མཐའ་དོན། དོ་བདག་རྩོམ་པོའི་ལྷག་བསམ་དང་མཛད་རྗེས་ལ་བསྔགས་བརྗོད་དང་བཅས་དཔར་སྐྲུན་གསལ་བཤད་དུ། ཤེས་རིག་ལས་ཁུངས་སྲོལ་རྒྱུན་ཚན་པས། ཕྱི་ལོ་༢༠༠༦ ཟླ་༩ ཚེས་༦ ཉིན།

བཀའ་སློབ།

བོད་ཡིག་བོད་པས་མ་སྦྱང་ན་སུས་སྦྱང།  བོད་ཡིག་བོད་པས་བདག་པོ་མ་བརྒྱབ་ན་སུས་རྒྱག  དེར་བརྟེན་ང་ཚོས་བོད་ཡིག་གཙོ་བོར་གྱུར་པའི་ཤེས་ཡོན་ལ་དང་འདོད་དང་དོ་སྣང་བྱེད་རྒྱུ་གལ་ཆེན་པོ་རེད།

བཀའ་སློབ་འདི་ནི་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས། ཕྱི་ལོ་ ༡༩༨༥ ལོར་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་སྐབས་སུ་བོད་ནས་གསར་དུ་འབྱོར་བའི་བོད་མི་ཚོར་བསྩལ་པའི་བཀའ་སློབ་ལས་ཟུར་འདོན་ཞུས།

  ང་ཚོ་བོད་ལ་ཡི་གེ་དར་ནས་ལོ་ངོ་ ༡༣༠༠ ལྷག་གི་ལོ་རྒྱུས་ཡོད་ལ།  ང་ཚོའི་སྐད་ཡིག་འདི་ཆོས་ལུགས་དང་ཚན་རིག་གང་ཡིན་ཀྱང་རུང་སྟེ་སྒྲ་སྙན་སྨན་རྩིས་སོགས་རིག་གནས་བཅུ་པོ་དེ་བཞིན་བོད་ཡིག་འདི་ཉིད་ལ་བརྟེན་ནས་ཁུངས་འཁྱོལ་བ་རེད། སྐད་ཡིག་གཞན་གྱི་སྟེང་ནས་ལག་ལེན་བྱས་པ་ཞིག་རྩ་བ་ནས་ཡོད་པ་མ་རེད།  ང་ཚོས་བོད་ལ་བོད་ཡིག་བེད་སྤྱོད་གཏོང་དགོས་པ་དང༌། བོད་ཡིག་ལ་སློབ་སྦྱོང་བྱེད་དགོས་པ། བོད་མི་རིགས་འདིའི་རིག་གཞུང་ཡོད་ཚད་ཆོས་ལུགས་དང་འབྲེལ་བ་ཤུགས་ཆེན་ཡོད།  

བཀའ་སློབ་འདི་ནི་ྋཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོས། ཕྱི་ལོ་ ༡༩༨༨ ཕྱི་ཟླ་གཉིས་པའི་ནང་གནང་བ་ཞིག་རེད།

གླེང་བརྗོད།

སྔོན་བྱོན་མཁས་པ་རྣམས་ཀྱིས་ལྗགས་རྩོམ་གནང་བའི་དག་ཡིག་རྒྱས་བསྡུས་མང་པོ་ཞིག་ཡོད་ཀྱང༌། བདག་གིས་མཐོང་ཐོས་བྱུང་བ་ནི་དག་སྡེབ་གྲངས་བཞི་བཅུ་ཞེ་གཉིས་ཙམ་དང༌། དེའི་ནང་ནས་དངོས་སུ་མཇལ་མྱོང་བ་ནི། ༡) སྡེབ་སྦྱོར་རིན་ཆེན་རྒྱ་མཚོ། ༢) སློབ་ཆུང་དག་ཡིག ༣) གསལ་སྒྲོན། ༤) མཁས་པ་དགའ་སྐྱེད། ༥) ངག་གི་སྒྲོན་མེ། ༦)  ཤེས་བྱ་རབ་གསལ། ༧) འཇུ་མི་ཕམ་པའི་ས་མཐའི་ཡང་འཇུག ༨)  བསྟན་དར་ལྷ་རམས་པའི་ས་མཐའི་ཡང་འཇུག ༩) ཕྱེ་མ་ལེབ་ཀྱི་གཤོག་རླབས། ༡༠)  མ་ནོར་ལམ་བཟང༌། ༡༡)  ཀུན་གསལ་མེ་ལོང༌། ༡༢)  གསར་བསྒྲིགས། ༡༣) བོད་ཀྱི་བརྡ་དག་རིག་པའི་གནས་ལ་འཇུག་པའི་སྒོ། ༡༤)  ཐོན་མིའི་དགོངས་རྒྱན། ༡༥)  བརྡ་དག་ཀུན་བཏུས། ༡༦)  བོད་ཀྱི་ཚིག་མཛོད་ཆེན་མོ་ལ་སོགས་པར་ཞིབ་མཇལ་ཞུས་ཁུལ་ཡིན། དེའི་ནང་ནས་རང་རེའི་གཞི་རིམ་སློབ་གྲྭ་ཁག་ལ་རྒྱུན་མཁོ་ཆེ་བ་དང་སྦྱོང་བདེར་གྱུར་པ་ནི་ཆེས་ཉུང་ཙམ་ལས་མི་འདུག དེས་ན་དུས་ད་རེས་སྐབས་སུ་བབ་པ། གུས་པས་འབྲི་རྩོམ་བྱེད་དགོས་པའི་དམིགས་ཡུལ་དང་དགོས་པ་གཙོ་བོ་ནི། བོད་ཀྱི་འབྲིང་རིམ་སློབ་གྲྭ་ཁག་ཡན་དང༌། གཞན་ཡང་བོད་ཡིག་ལ་དོན་གཉེར་ཅན་གསར་བུ་བ་རྣམས་ལ་སྨན་པའི་སླད་དུ། ས་རཱ་བོད་ཀྱི་གཙུག་ལག་མཐོ་སློབ་ཁང་དུ་སྐབས་དང་པོའི་མཐོ་རིམ་རིག་གནས་ཀྱི་སློབ་གཉེར་ལོ་གསུམ་དང༌། འབྲིང་རིམ་དགེ་འོས་སྦྱོང་བརྡར་ལོ་གཅིག་དང་ཟླ་བ་བཞི་ཙམ་གྱི་རིང་ལ་ཞར་བྱུང་དུ་བྲིས་ཤིང༌། འདི་ནི་ཆོས་རིག་སོགས་ཀྱི་དག་སྡེབ་ཉམས་པ་སླར་གསོ་དང༌། མི་ཉམས་རྒྱུན་འཛིན་གྱི་ཆེད་དུ་དམིགས་པ་ཞིག་ཡིན་ཞིང༌། བརྡ་དག་བློ་གསལ་ཉེར་མཁོ་འདིའི་སྦྱོར་ཚུལ་ནི་སྒྲ་གདངས་འདྲ་ལ་དོན་མི་འདྲ་བ་དབྱེ་འབྱེད་གསལ་པོ་ཤེས་ཐབས་སུ་མིང་ཚིག་བེད་སྤྱོད་བྱེད་སྟངས་ཚིག་གྲོགས་སུ་སྦྱར་བ་ཚིགས་སུ་བཅད་པའི་ལམ་ནས་བྲིས་ཡོད། དེ་ནི་ལས་དང་པོ་བ་རྣམས་ཀྱིས་སྦྱོང་བདེ་བ་དང༌། བློ་འཛིན་བྱེད་ནའང་བྱེད་བདེ་བའི་ཆེད་དུ་ཡིན། དེ་ཡང་གོང་དུ་བརྗོད་པ་བཞིན་སྒྲ་གདངས་འདྲ་ལ་དོན་མི་འདྲ་བ།
དཔེར་ན། གྲ། དྲ། བྲ། འདྲ། དགྲ། སྒྲ། རྣམ། རྣམས། གནམ། བསྣམས། མཛད། འཛད། རྫས། མཛེས། བརྫེས། བཤད། ཤད། ཤེད། ཤེས། ཤས།  འཇགས། འཇག ལྗགས་ལ་སོགས་པའི་སྒྲ་གདངས་འདྲ་བ་རྣམས་དོན་གྱི་ཁྱད་པར་ཕྱེ་ནས་འབྲི་དུས་ལས་དང་པོ་བ་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་ཆུང་ཆུང་མ་ཡིན་པ་ཞིག་ཏུ་མཐོང་བས། དེ་དག་རེ་རེ་ལ་ཚིག་གྲོགས་སྦྱར་ནས་བེད་སྤྱོད་བྱེད་སྟངས་ལས་སླ་པོའི་ཐོག་བྲིས་ཡོད། འོན་ཀྱང་ཚིགས་བཅད་རེ་གཉིས་ལ་བརྗོད་པ་མ་བདེ་བ་ཡོད་སྲིད་མོད། གཙོ་བོ་དག་ཆ་ཁུངས་དག་ཤེས་ཐབས་ཁོ་ནར་དམིགས་པ་ཞིག་ལགས།
དཔེ་དེབ་འདི་གྲུབ་པའི་བརྒྱུད་རིམ་ནང་དཔལ་ལྡན་རང་གཞུང་ཤེས་རིག་ལས་ཁུངས་ནས་བོང་བ་གསེར་གཟིགས་ཀྱིས་པར་སྐྲུན་གནང་བར་ཐུགས་རྗེ་ཤིན་ཏུ་ཆེ་ཞུ་རྒྱུ་དང༌། རྡ་ས་རིགས་ལམ་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་དགེ་བཤེས་རྒྱ་མཚོ་ལགས་མཆོག་ནས་རྩ་ཆེའི་དགོངས་འཆར་དང་ལམ་སྟོན་བཟང་པོ་གནང་བར་མ་ཟད། མ་ཟིན་ལ་ཞུ་དག་ཞིབ་གཟིགས་གནང་བ། དེ་བཞིན་རྡ་ས་བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་གྱི་ཉམས་ཞིབ་པ་ངམ་རིང་བློ་བཟང་བསྟན་དར་ལགས་ནས་ཞུ་དག་དང༌། པར་རྩ་འཇུག་སྒྲིག  དེབ་གཟུགས་ཕྱི་ནང་ཁྱོན་ཡོངས་ཀྱི་ཇུས་འགོད་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་རྒྱལ་ལོ་ ༢༡༢༨ ཕྱི་ལོ་ ༢༠༠༡།༥།༡༠ ལ་ས་རཱ་བོད་ཀྱི་མཐོ་སློབ་ཁང་དུ་སྦྱར་བ་དགེའོ།། །།
སླར་ཞུ་དོན།
པར་ཐེངས་དང་པོ་དཔལ་ལྡན་རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་གཏན་ཉིན་སློབ་གྲྭ་ཁག་ཏུ་རིན་མེད་འགྲེམས་སྤེལ་གནང་བ་ལ་བརྟེན་ནས་སློབ་གྲྭ་ཁག་གཙོ་བོར་གྱུར་པའི་སྤྱི་ཚོགས་ནང་ཕན་ཐོགས་ཆེན་པོ་བྱུང་བས་བསྐྱར་དུ་པར་སྐྲུན་དགོས་པའི་རེ་སྐུལ་གནང་མཁན་མི་ཉུང་བ་ཞིག་བྱུང་སྟབས། རང་གཞུང་ཤེས་རིག་པར་ཁང་ལ་བསྐྱར་པར་རེ་འདུན་ཞུས་པ་ལྟར་ཞལ་བཞེས་པར་སྐྲུན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས། བོད་རྒྱལ་ལོ་༢༡༣༧ཕྱི་ལོ་༢༠༡༠།༨།༡༠ཉིན། རྩོམ་པ་པོས།

དེབ་ཀྱི་དཀར་ཆག

ཀ་སྡེ། ཅ་སྡེ། ཏ་སྡེ། པ་སྡེ།
ཙ་སྡེ། ཞ་སྡེ། ར་སྡེ། ཧ་སྡེ།

རིག་གནས་བཅུའི་རྣམ་གཞག
བར་སྐབས་ཀྱི་ངལ་གསོའི་ཚིགས་སུ་བཅད་པའི་སྨོན་ཚིག་དང་བསླབ་བྱ།
གྲངས་གནས་དྲུག་ཅུའི་བརྩི་ཚུལ།
དགུ་མཐའ།
དགུ་མཐའི་རེའུ་མིག
བཀྲ་ཤིས་རྟགས་བརྒྱད་ཀྱི་འགྲེལ་བཤད།
ཁ་བཏགས་ཀྱི་འགྲེལ་བཤད།
རི་དྭགས་ཆོས་འཁོར་གྱི་འགྲེལ་བཤད།
ཀ་རྩོམ་ནོར་བུའི་དོ་ཤལ།
ཡིག་གཟུགས།
མཇུག་བྱང་སྨོན་ཚིག

སློབ་དཔོན་ཆེན་མོའི་བཀའ་དྲིན་རྗེས་དྲན།

བོད་གངས་ཅན་པའི་ཐུན་མོང་བའི་རིག་གཞུང་གི་མངའ་བདག་ས་རཱ་མཐོ་རིམ་སློབ་དཔོན་ཆེན་མོ་དགེ་བའི་བཤེས་གཉེན་བཟང་པོ་རྒན་པ་སངས་ལགས་དམ་པ་གང་ནི་རང་གི་རྒྱལ་ཁབ་དང༌། མི་རིགས། རིག་གཞུང་དང་བཅས་པར་ཐུགས་ཞེན་ཤིན་ཏུ་དཀར་ཞིང༌། ལྷག་པར་དུ་གངས་ལྗོངས་ཀྱི་ཐུན་མོང་གི་རིག་གཞུང་སྤྱི་ལ་གསན་སྦྱངས་དཔྱིས་ཕྱིན་པ་དང༌། ཡང་སྒོས་འཆད་རྩོད་རྩོམ་གསུམ་སོགས་ལ་བསྒྲུན་དུ་མེད་པར་མ་ཟད། བརྡ་སྤྲོད་གཞུང་གི་ཡ་གྱལ་སུམ་རྟགས་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས་ཀྱི་གཞུང་ལ་འཆད་པའི་རྩལ་འབུར་དུ་ཐོན་པས། གང་གི་གསུང་ལས་མཆེད་པའི་སློབ་མ་སྟོང་ཕྲག་ལྷག་ཙམ་བསྐྱངས་དང་སྐྱོང་བཞིན་པའི་ཐོག་གློ་བུར་དུ་སྐུ་ཚེ་མ་བརྟན་པ་ནི། གངས་ཅན་པའི་གཙུག་ལག་རིག་གཞུང་གི་ཕྱི་མོར་གྱུར་པ་ལ་གོད་ཆག་ཚབས་ཆེན་ཞིག་ཕོག་པ་དང༌། བདག་གིས་མཚོན་པའི་སློབ་གཉེར་བ་མང་པོ་ཞིག་ལའང་གྱོང་གུན་ཆེན་པོ་ཕོག་པ་ནི་བློ་ཕམ་གྱི་གནས་ལས་མ་འདས། བཀའ་དྲིན་གཞལ་བར་དཀའ་བའི་སློབ་དཔོན་གང་དེས་བདག་ལ་རྒྱུན་མི་ཐུང་བའི་རིང་ལ་ཐུགས་བརྩེ་ཆེན་པོས་བོད་ཀྱི་རིག་གཞུང་རྣམས་ལོང་བར་མིག་སྦྱིན་ལྟ་བུའི་སློབ་ཁྲིད་དང༌། ལམ་སྟོན་བཟང་པོ་རྣམས་མཛུབ་མོ་རིས་སྟོན་གྱི་སྒོ་ནས་གནང་བ་ནི་ནམ་ཡང་བརྗེད་ཐབས་བྲལ་བ་ཞིག་དང༌། དེ་བཞིན་དུ་གུས་པར་མདོ་སྔགས་རིག་གནས་དང་བཅས་པའི་སློབ་སྟོན་གནང་མཁན་དགེ་བའི་བཤེས་གཉེན་མི་ཉུང་བ་ཞིག་ཡོད་པ་ཁོང་རྣམ་པའི་བཀའ་དྲིན་རྗེས་དྲན་གྱི་གུས་བཏུད་ཞུ་བ་དང་ཆབས་ཅིག་བོད་ཀྱི་བརྡ་དག་བློ་གསལ་ཉེར་མཁོ་འདི་ཡང་སློབ་དཔོན་རྣམ་པའི་དགོངས་པའི་ཆ་ཤས་ཙམ་ཞིག་འགྲུབ་པའི་རྒྱུར་གྱུར་ཅིག་གུ། །།

རྩོམ་པ་པོ། བསྟན་འཛིན་ཐབས་མཁས།