བསྟན་འཛིན་འཆི་མེད།
དྷ་ཤོད་བོད་ཁྱིམ། འཛིན་གྲྭ་བརྒྱད་པ་འཁོར་ལོ།

༄༅། ། དེ་རིང་གི་རྩོམ་འདི་ནི་ད་ལྟའི་སྤྱི་ཚོགས་དང་འབྲེལ་བ་ཞིག་ཆགས་ཡོད། དེ་ཡང་བོད་སྐད་དང་བོད་ཡིག་སོགས་ང་ཚོ་བོད་པའི་རིག་གཞུང་དང་འབྲེལ་བ་ཡང་ཆགས་ཡོད་པ་མ་ཟད། དེ་རིང་གི་རྩོམ་འདི་ནི་ངའི་བློ་ངོར་གློ་བུར་དུ་འཆར་བ་མ་ཡིན་པར་དེ་སྔོན་ནས་ངའི་སེམས་ནང་ང་ཚོ་བོད་པའི་རིག་གཞུང་སྲུང་སྐྱོབ་བྱེད་དགོས་པ་བསམ་མྱོང་ཡོད།
དང་ཐོག་ངས་བོད་སྐད་དང་འབྲེལ་བའི་ཐོག་བཤད་ན་དེ་སྔོན་མི་རབས་གོང་མ་ཚོས་བོད་སྐད་གཙང་མ་བཤད་པ་དང་དེ་ནས་ང་ཚོའི་སྤོ་ལགས་དང་རྨོ་ལགས་ཚོའི་མི་རབས་ནང་སྐད་ཆར་སྐད་གཞན་པ་ག་ལེར་བསྲེས་པ་དང་། ང་ཚོའི་ཕ་མ་ཚོའི་མི་རབས་དང་ང་ཚོའི་མི་རབས་སམ་ད་ལྟའི་སྤྱི་ཚོགས་ཁྲོད་བོད་སྐད་གཙང་མ་ཤེས་ཀྱང་མ་བརྒྱབ་པ་དང་། མ་ཤེས་ནས་མ་བརྒྱབ་པ་སོགས་སྣ་ཚོགས་ཡོད། རྒྱ་གར་ནང་ཡོད་པའི་བོད་མི་ཚོས་བོད་སྐད་བརྒྱབ་ཀྱང་ཨིན་ཇི་དང་ཧིན་དྷིའི་སྐད་སོགས་བསྲེས་ནས་བོད་སྐད་འདི་ར་མ་ལུག་ལྟར་རྒྱག་གི་ཡོད་པ་མ་ཟད། ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཡོད་པའི་བོད་མི་རྒན་པ་ཚོ་ཡིན་ན་བོད་སྐད་རྒྱག་ཐུབ་ཀྱང་ཁོ་ཚོའི་ཕྲུ་གུ་རྣམས་ཕྱི་ལ་དོན་སྐབས་ཕྱི་རྒྱལ་མི་རིགས་ཀྱི་ཁེངས་ནས་ཕྱི་རྒྱལ་བའི་མི་ལྟར་ཆགས་པ་དང་། སྐད་ལ་མཚོན་ན་བོད་སྐད་རྒྱག་མཁན་གྱི་རྩམ་ཟན་བོད་པ་ལས་ལུང་པ་དེའི་མི་མང་བ་ཡོད་པས་ཕྲུ་གུ་དེའི་ཨ་མཆོག་ལ་བོད་སྐད་གོ་བ་ནི་གསེར་གྱི་ཐིགས་པ་ལྟར་རེད། དེས་ན་ཁོའི་སོ་སོའི་སྐད་ངོ་མ་བོད་སྐད་དེ་ཕ་མ་དང་ནང་མིའི་ཞལ་ནས་མ་གཏོགས་མི་གོ་བས་ཁོང་རྣམ་པས་བོད་སྐད་གཙང་མ་རྒྱག་ཐབས་བྱེད་དགོས། གལ་ཏེ་ང་ཚོས་བོད་སྐད་གཙང་མ་མ་བརྒྱབ་ན་ཤུགས་ལ་སོ་སོས་སོ་སོར་དམའ་བེབས་བྱེད་པ་དང་གཉིས་སུ་མེད། གང་ཡིན་ཟེར་ན། དོན་དངོས་ཐོག་ང་ཚོར་ཚིག་མ་འདང་བའི་སེམས་ཁྲལ་མེད་ལ། ད་ལྟ་ང་རང་ཚོས་བོད་སྐད་བར་ལ་ཧིན་དྷི་དང་ཨིན་སྐད་བརྒྱབས་པ་ཚང་མ་ང་ཚོའི་སྐད་ཀྱི་ནང་ལ་ཡོད་པ་མ་ཟད། ང་ཚོས་བོད་སྐད་གཙང་མ་རྒྱག་རྒྱུ་དེ་ནི་༸ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རེ་ཡང་རེད། ང་ཚོ་བོད་ཀྱི་གཏམ་དཔེའི་ནང་། གཞན་གྱི་ཕ་སྐད་ཤེས་ན་བཟང་མོད་ཀྱང་། ། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན། ། ཞེས་པ་དེ་བདེན་པ་རེད།
དེ་ནས་བོད་མི་ཚོས་བོད་ཡིག་ལས་ཨིན་ཇི་ལེགས་པ་བྲིས་པ་དང་ཨིན་ཇི་ལས་བོད་ཡིག་ཁག་པ་ཡོད་པ་བསམས་ནས་རང་གི་ཡི་གེ་ངོ་མ་ལ་མཐོང་མ་སྤྲད་ནས་ལུང་པ་གཞན་གྱི་ཕ་སྐད་དང་ཡི་གེ་ལ་ཡིད་སྨོན་སྐྱེས་པ་སོགས། ང་ཚོར་ཁོ་ཚོའི་སྐད་དང་ཡི་གེ་ཤེས་ན་ཁེ་བཟང་ཆེན་པོ་ཡོད་པ་བཞིན་བྱེད་ཀྱི་འདུག ངས་ལུང་པ་གཞན་གྱི་ཡི་གེའི་ལོ་རྒྱུས་སམ་བྱུང་ལུགས་བྱུང་སྟངས་མ་ཤེས་ཀྱང་། ང་ཚོ་བོད་ཀྱི་སྐད་ཡིག་གི་ལོ་རྒྱུས་ཤིག་བཤད་ན་དུས་རབས་བདུན་པའི་ནང་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་སུ་བློན་པོ་ཐོན་མི་སམ་བྷོ་ཊ་མཆོག་གིས་བོད་ནས་རྒྱ་གར་བར་ཚ་གྲང་གི་དཀའ་ངལ་དང་། བཀྲེས་སྐོམ་གྱི་དཀའ་ངལ། སྐད་ཀྱི་དཀའ་ངལ་སོགས་ལ་གདོང་ལེན་གནང་ནས་མཐར་རྒྱ་གར་འཕགས་པའི་ཡུལ་དུ་འབྱོར། དེ་ནས་ཁོང་གིས་རྒྱ་གར་གྱི་སློབ་དཔོན་མང་པོའི་ཞབས་ལ་གཏུགས་ནས་དཀའ་སྤྱད་འབད་བརྩོན་གྱིས་ལེགས་སྦྱར་སྐད་སྦྱངས་པ་རེད། དེ་དང་ལྷན་ཁོང་གིས་རྒྱ་གར་གྱི་ཡི་གེར་དཔེ་བླངས་ནས་ང་ཚོའི་བོད་པའི་གསལ་བྱེད་སུམ་ཅུ་དང་དབྱངས་བཞིའི་ཡོད་པའི་ཐུན་མོང་མ་ཡིན་པའི་བོད་ཡིག་འདི་བཟོས་གནང་བ་རེད། བྱས་ཙང་ང་ཚོའི་ལས་འགན་འདི་ནི་ཁོང་གིས་སྐུ་ངལ་བསྐྱོན་ནས་བཟོས་གནང་བའི་ཐུན་མོང་མ་ཡིན་པའི་བོད་ཡིག་འདི་ང་ཚོས་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་དེ་རེད། འོན་ཀྱང་ད་ལྟ་ང་ཚོའི་བྱེད་སྟངས་དེར་བལྟ་དུས་ཁོང་ལ་གདོང་བསྟན་མི་ནུས་པའི་བྱ་བ་ཞིག་རེད་འདུག
ཡང་ད་ལྟའི་སྤྱི་ཚོགས་ཁྲོད་བོད་མི་མང་པོ་ཞིག་རང་གི་ཕ་སྐད་ནང་ཡོད་པའི་བོད་གཞས་རིགས་ལ་སྤྲོ་སྣང་དང་དགའ་སྣང་མེད་པ་མ་ཟད། སྦྱོང་འདོད་དམ་ཉན་འདོད་མེད་པའི་སྒང་ལ་ལུང་པ་གཞན་གྱི་གཞས་སོགས་དཔེར་ན་ཨིན་ཇི་དང་ལྷོ་ཀོ་རི་ཡེའི་གཞས་ལ་སྤྲོ་སྣང་ཆེན་པོས་ཉན་པ་དང་། དེ་ཚོ་སྦྱང་རྒྱུའི་ཆེད་དུ་དུས་ཚོད་མང་པོ་བཏང་བ་སོགས་བྱེད་ཀྱི་འདུག དོན་དངོས་ཐོག་ང་ཚོའི་བོད་གཞས་འདི་ལ་བཙན་བྱོལ་དང་བོད་ནས་དེང་དུས་ཀྱི་གཞས་དང་སྲོལ་རྒྱུན་གྱི་གཞས་ནང་མ་སྟོད་གཞས་དང་སྟོད་གཞས་སོགས་སྣ་མིན་སྣ་ཚོགས་ཡོད་ལ་དེ་ཚོའི་ཚིག་དེ་ཚོ་ཡང་གོ་བདེ་པོ་དང་ནང་དོན་ཕུན་སུམ་ཚོགས་པ་ཞིག་ཡོད། དེ་ཙམ་དུ་མ་ཟད་ང་ཚོའི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྒོར་གཞས་དང་རོལ་ཆ། དམིགས་བསལ་རོལ་ཆ་སྒྲ་སྙན་ནི་བོད་པའི་རོལ་ཆ་དངོས་ལས་ལུང་པ་གཞན་གྱིས་རོལ་ཆ་ཞིག་མིན་པས་ཉུང་མཐར་ང་ཚོས་སྒྲ་སྙན་འདི་ཤེས་ན་ཡག། ང་ཚོའི་མི་རབས་གོང་མ་མང་ཆེ་བ་སློབ་གྲྭའི་དུས་སུ་རོལ་ཆའི་རིགས་སྦྱང་རྒྱུའི་དམིགས་བསལ་གོ་སྐབས་མང་པོ་ཐོབ་མེད། འོན་ཀྱང་ང་དང་ང་འདྲ་བའི་སློབ་ཕྲུག་ཚོར་མཚོན་ན། རོལ་ཆ་སྣ་མིན་སྣ་ཚོགས་སྦྱང་རྒྱུའི་གོ་སྐབས་བཟང་པོ་ཡོད་ལ་མཐུན་རྐྱེན་ཡང་བཟང་པོ་ཡོད་པས་ང་ཚོས་ཉུང་མཐར་རོལ་ཆ་ཞིག་ཤེས་པ་དགོས། འོན་ཀྱང་དེང་སང་སློབ་ཕྲུག་ཁ་ཤས་རང་གི་རིག་གཞུང་དང་འབྲེལ་བའི་རོལ་ཆ་དང་གཞས། བོད་ཡིག རིགས་ལམ་དང་ནང་ཆོས་སོགས་སྦྱོང་སྐབས་དང་པོ་ནས་དེ་ནི་ཉོབ་སྣང་ཆེ་བའི་བྱ་བ་ཞིག་དང་། མགོ་འཚོས་ཀྱི་མེད་པ་མ་ཟད། གཞས་དེ་ཚོ་གཅིག་ལས་གཅིག་ཁག་པ་འདུག་ཅེས་རང་གི་ཀླད་པར་བརྡ་ལན་ངན་པ་ཞིག་སྤྲོད་པ་དང་ལྷན་ཀླད་པའི་ནང་འཛུལ་སྒོ་དེ་དང་པོ་ནས་བཀག་པ་རེད།
དོན་དངོས་ཐོག་བོད་ཡིག་དང་། རིགས་ལམ། ནང་ཆོས། གཞས། རོལ་ཆ་སོགས་སྦྱོང་རྒྱུ་དེ་ནི་ཁག་པོ་ཞིག་གཏན་ནས་མིན། བོད་ཡིག་སྦྱོང་རྒྱུར་ཆ་མཚོན་ན། བོད་སྐད་འདི་ང་ཚོའི་སྐད་ངོ་མ་དེ་ཡིན་པ་དང་རྒྱ་གར་ནང་སྐྱེས་པའི་བོད་ཕྲུག་ཡིན་ན་བོད་སྐད་བསྲེས་པ་ཡིན་ནའང་རེད་མ་བསྲེས་པ་ཡིན་ནའང་བོད་སྐད་བརྒྱབ་སའི་ཁོར་ཡུག་ཅིག་ནང་འཚར་ལོངས་བྱུང་ཙང་ཨིན་ཇི་སྦྱོང་རྒྱུ་ལས་བོད་ཡིག་སྦྱོང་རྒྱུ་དེ་ལས་སླ་བ་ཡོད། འོན་ཀྱང་མི་མང་པོས་བོད་ཡིག་ལས་ཨིན་ཇི་ལས་སླ་བ་འདུག་ཟེར་རྒྱུ་དེ་ནི་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཞིག་ཡིན། སྤྱི་ཚོགས་ཀྱི་ཤུགས་རྐྱེན་དེ་གང་འདྲ་རེད་ཞུ་ན། མི་མང་པོས་ནུབ་ཕྱོགས་རྒྱལ་ཁབ་ལ་དཔེ་བླངས་པ་དང་སྤྱི་ཚོགས་ནང་ཨིན་ཇིའི་སྐད་ཤེས་ན་ཧ་ལས་ལས་བྱེད་པས། དང་པོ་ནས་མི་མང་པོའི་སེམས་ནང་ཨིན་ཇི་འདི་ལས་སླ་མོ་ཡིན་ཤག་དང་བོད་ཡིག་དེ་ཁག་བ་རྩིས་པས་ཨིན་ཇི་གོ་སླ་བ་ཚོར་གྱི་ཡོད། དངོས་ཡོད་བྱས་ན་ཡི་གེ་སོ་སོར་བརྡ་སྤྲོད་རེ་རེ་ཡོད་པ་མ་ཟད། ད་དུང་ཨིན་ཇིའི་བརྡ་སྤྲོད་འདི་ཁག་པ་ཡོད་པའི་ཚོར་སྣང་འདུག།
དེ་ནས་རིགས་ལམ་དང་ནང་ཆོས་ཐོག་བཤད་ན། དེ་གཉིས་ནི་ང་ཚོ་ཚང་མའི་ཚེ་འདི་ཕྱི་གཉིས་ཀར་ཕན་རྒྱུའི་དངོས་པོ་གཅིག་པུ་དེ་ཡིན་ཙང་། ༸གོང་ས་མཆོག་གིས་གསུངས་པ་ལྟར་དེ་ནི་གྲྭ་པ་དང་བཙུན་མ་གཅིག་པུའི་བྱ་བ་ཞིག་གཏན་ནས་མིན་ལ་ཆོས་སྦྱོང་རྒྱུ་དེ་ཡང་གྲྭ་ཆས་གྱོན་མཁན་གྱི་གང་ཟག་གཅིག་པུས་སྦྱོང་རྒྱུ་ཞིག་མིན། དེ་ནི་ང་ཚོ་མི་སྐྱ་ཚོས་ཀྱང་བྱེད་འོས་པའི་ཤིན་ཏུ་ནས་རྩ་ཆེ་བའི་བྱ་བ་ཞིག་རེད། རིགས་ལམ་འདི་ནི་༸གོང་ས་མཆོག་གིས་ནན་ཏན་དུ་སྦྱོང་རྒྱུའི་བཀའ་མང་པོ་ཕེབས་ཡོད་ལ་དེ་བཞིན་སློབ་གྲྭ་སོ་སོར་ལྟ་གྲུབ་དགེ་རྒན་རེ་ཡོད། ཁོང་དང་ཚན་རིག་པ་མང་པོ་ལྷན་དུ་གྲོས་བསྡུར་གནང་སྐབས་ཁོང་གིས་རིགས་པའི་ལམ་ནས་ཁོང་ཚོར་བཀའ་འདྲི་ཞུ་ཐེངས་རེར་ཚན་རིག་པ་མང་པོ་ཞིག་ཧ་ལས་པ་དང་ཁ་ཤས་ནང་པ་ཉམས་ལེན་པ་དེ་འདྲ་ཡང་ཆགས་ཡོད། དེའི་རྒྱུ་མཚན་ནི་ཚན་རིག་པ་ཚོས་རིགས་ལམ་དང་ནང་ཆོས་ལ་ནུས་པ་དམིགས་བསལ་ཅན་ཞིག་ཡོད་པ་རྟོགས་ཙང་རེད། ང་ཚོའི་བོོད་པའི་སྤྱི་ཚོགས་ཁྲོད་ནང་པ་ཡིན་ཟེར་མཁན་མང་པོ་ཡོད་ཀྱང་ནང་པ་ཉམས་ལེན་པ་ཚད་ལྡན་ཉུང་ཉུང་རེད། འོན་ཀྱང་ནུབ་ཕྱོགས་ཀྱི་མིའམ་ཡང་ན་ཡུལ་གཞན་གྱི་མིས་ཆེད་མངགས་ནང་ཆོས་སྦྱོང་རྒྱུ་དང་ཉམས་ལེན་བྱེད་རྒྱུའི་ཆེད་དུ་བོད་ཡིག་སྦྱོང་གི་ཡོད། ཡང་ངས་དཔེ་གཞན་ཞིག་ལེན་ན། ང་ཚོ་མི་མང་པོས་མི་དགེ་བ་སྤོང་དགོས་རེད་ཟེར་བ་དང་། ཁ་ཤས་ཀྱིས་དགེ་བ་གསོག་དགོས། གནོད་མ་སྐྱེལ་སོགས་བཤད་ཀྱང་ལག་ལེན་ཐོག་མང་པོ་ཞིག་གིས་ཡོང་གི་མེད། འོན་ཀྱང་གལ་ཏེ་ཁྱེད་ཀྱིས་ནང་ཆོས་སྦྱངས་ན་དེའི་ནང་སྐྱབས་འགྲོ་དང་། དལ་འབྱོར་བཅོ་བརྒྱད། འཆི་བ་མི་རྟག་པ་ཡོད་པ་མ་ཟད། སྤྱོད་འཇུག་སོགས་སྦྱངས་ན་ཏན་ཏན་ཁྱེད་ལ་ནང་ཆོས་ཀྱི་ངེས་པ་སླེབས་ངེས་རེད་ལ་དམིགས་བསལ་འཆི་བ་མི་རྟག་པ་སྦྱངས་རྗེས་ཆོས་བྱེད་རྒྱུའི་འདོད་པ་སླེབས་ངེས་རེད།
མཐའ་དོན་དེར་གུས་མོ་ངས་དེ་རིང་རྩོམ་དེའི་བརྒྱུད་ཁྱེད་རྣམ་པ་ཞུ་རྒྱུར་རང་གིས་གཞན་གྱི་ཨ་མ་ལས་རང་གི་ཨ་མ་དང་པོ་འདེམས་ཀྱི་ཡོད་པ་བཞིན་གཞན་གྱི་ཕ་སྐད་ལས་རང་གི་ཕ་སྐད་དང་པོ་འདེམས་པའི་རེ་བ་ཡོད། མ་ཟད་བོད་སྐད་དང་ལྷན་སྐད་ཡིག་གཞན་པ་མ་བསྲེས་པར་རྒྱག་རྒྱུའི་ཐབས་ཤེས་གང་ཐུབ་གནང་རྒྱུ་དང་། བོད་ཡིག་ལ་ཤུགས་མང་ཙམ་རྒྱག་པ། དམིགས་བསལ་གཞོན་སྐྱེས་ཚོས་རིགས་ལམ་དང་ནང་ཆོས་དེ་ཚོ་ཡང་སྦྱང་རྒྱུའི་འགོ་འཛུགས་དགོས་པ་མ་ཟད། བོད་གཞས་དང་བོད་པའི་རོལ་ཆ་སོགས་ལ་ཡང་དོ་སྣང་མང་ཙམ་གནང་རྒྱུའི་གོམས་གཤིས་གསར་པ་ཞིག་འཛུགས་རོགས་གནང་། ད་ལྟ་ང་ཚོས་དེ་ཚོ་མི་ཉམས་རྒྱུན་འཛིན་མ་བྱས་ན་མ་འོངས་པར་ཡུལ་མི་གཞན་གྱིས་ང་ཚོ་ལ་ཚུར་བསླབ་དགོས་ཆགས་དུས་གཞི་ནས་ང་ཚོའི་བོད་ཀྱི་གཏམ་དཔེ། ནོར་བུ་རང་ལ་ཡོད་དུས་ནོར་ཉམས་མ་ཆོད། ། ཅེས་པ་འདི་ཚོར་ངེས་རེད། གཙོ་བོ་བོད་ལ་ཡོད་པའི་ང་ཚོའི་བོད་རིགས་སྤུན་ཟླ་ཚོས་ང་ཚོར་རེ་བ་ཆེན་པོ་ཞིག་བཅོལ་བ་ལྟར་ང་ཚོས་ཀྱང་དེ་བཞིན་བྱེད་རྒྱུའི་འབད་བརྩོན་དང་༸གོང་ས་མཆོག་སྐུ་འཚོ་བཞུགས་རིང་བོད་པ་ཚོས་ཁོང་གིས་གསུངས་པ་ལྟར་ལག་ལེན་བསྟར་རྒྱུའི་རེ་བ་ཞུ་ཡི་ཡོད། ཁྱེད་རྣམ་པས་གུས་མོ་ངའི་རྩོམ་ནང་ཞུས་པ་ལྟར་ཆ་ཚང་བ་བྱེད་མ་ཐུབ་ཀྱང་སེམས་ལ་ཚོར་བ་ཞིག་སླེབས་ནས་འབད་བརྩོན་གནང་བའི་རེ་བ་ཞུ་ཡི་ཡོད། །