དམར་གསོད་བྱེད་པ། བཟོ་ལྟ་སྟོན་པ། མ་ཎི་སྐོར་བ། མཚམས་བཞག་པ། གཏམ་རྒྱུད་འཆད་པ། ཡིད་ཆེས་བྱེད་པ།
ཞིམ་མངར་གྱི་བྲོ་བ་དེའི་ཆེད་དུ་ང་ཚོས་ཁང་པའི་བྱ་འདབ་དང་གད་སྐྱིབས་ཡོད་ཚད་བསློགས་ནས་བྱིའུ་ཕྲུག་དམར་རྗེན་དག་བཟུང་བ་ཡིན། ཡིན་ནའང་། སྤོ་བོ་ལ་ཕལ་ཆེར་བྱེ་རིལ་དེ་འདྲ་མང་པོ་ཞིག་སྟེར་རྒྱུ་མེད་པ་འདྲ། ང་ཚོས་ཡང་བསྐྱར་བྱིའུ་ཕྲུག་དམར་རྗེན་ཞིག་བཟུང་སྟེ་ཁོང་གི་ཐག་ཉེར་བསྐྱོད་ནས་དམར་གསོད་བྱ་རྒྱུའི་བཟོ་ལྟ་སྟོན་སྐབས། སྤོ་བོས་མ་ནི་འཁོར་ལོ་སྐོར་མཚམས་བཞག་སྟེ་”སེམས་ཅན་དེ་མ་གསོད་དང་། ངས་ཁྱོད་ཚོར་མི་ལ་ཙི་ཙིའི་གཏམ་རྒྱུད་འཆད་དགོས་”ཟེར།
ང་ཚོར་མི་ལ་ཙི་ཙིའི་གཏམ་རྒྱུད་ལ་ཉན་འདོད་རྩ་བ་ནས་མ་བྱུང་། གཏམ་རྒྱུད་དེར་མ་མཐའ་ཡང་ཐེངས་བཅུ་ཙམ་ཉན་མྱོང་ཡོད་པས། དེ་ལས་ཞིམ་མངར་ལྡན་པའི་འོ་མ་བྱེ་རིལ་དེ་གལ་ཆེ་སྙམ། མཇུག་མཐར་སྤོ་བོ་འུ་ཐུག་ནས་རུམ་གྱི་ཁུག་མ་དེ་བཏོན་ཡོང་སྟེ་”ད་ཡོད་ན་དཀོན་མཆོག་གིས་མཁྱེན། ཁུག་མ་སྟོང་པ་ཡིན། ཡིད་མི་ཆེས་ན་ཁྱོད་ཚོས་ལྟོས་”ཟེར། ང་ཚོས་ཁུག་མ་སྟོང་པ་དེ་མཐོང་སྐབས། སེམས་པ་ཡང་སྟོང་ལྷང་ངེར་གྱུར།
 
མཆན་འགྲེལ།
བྱ་འདབ། ཁང་པའི་མདའ་ཡབ་བམ། ཐོག་གི་མཐའི་ཆུ་འདབ། གད་སྐྱིབས། གད་འོག་གཡབ་ཕུབ་པ་ལྟར་ཡོད་ས། སློག ཕྱི་ནང་དང་སྟེང་འོག་གོ་ལྡོག་པ། དམར་རྗེན། སྒྲིབ་བྱེད་དང་འགེབ་བྱེད་མེད་པ། དམར་གསོད། སྲོག་གཅོད་པ། གཏམ་རྒྱུད། དམངས་ཁྲོད་ཀྱི་ངག་རྒྱུན་ལ་གྲགས་པའི་ལོ་རྒྱུས་དང་སྒྲུང་སོགས། རུམ། ལྭ་བའི་སྐེ་རགས་ཡན་གྱི་ཁོང་སྟོང་ཁག་གི་མིང་།