འཆར་འགོད་དང་སློབ་ཁྲིད་ཀྱི་མྱོང་བ་བརྗོད་པ།

 

པ་སངས་ཚེ་རིང་།
སཾ་བྷོ་ཊ་བོད་སློབ་ཚོགས་པའི་བོད་ཡིག་རྒྱུས་སྟོན་པ།

སློབ་དཔོན་ཞིག་གིས་གློ་བུར་དུ་རྒན་ལགས་ག་རེ་གནང་གི་ཡོད། ཅེས་དྲིས་པར་ཁོ་བོས་བསྟབས་སྟབས་པོར་མགོ་བོ་ཡར་བཀྱགས་ཏེ་བལྟས་ཞོར་དུ་སློབ་ཚན་འཆར་འགོད་བྱེད་བཞིན་པ་ཡིན་ཞེས་ལན་བཏབ་པ་དང་། ཡང་ཁོང་གིས་ང་ལ་ད་ཁྱོད་ཀྱི་མི་ཚེ་སློབ་ཚན་འཆར་འགོད་ཀྱི་ཁྲོད་དུ་བསྐྱེལ་ཡས་ཡིན་པས། སློབ་ཚན་འཆར་འགོད་གང་འདྲ་བྱེད་ཀྱི་ཡོད། སློབ་ཁྲིད་ཐབས་ལམ་དམིགས་བསལ་འདྲ་ཡོད་དམ་ཞེས་དྲིས་པར་ཁོ་བོས་ལན་འདི་ལྟར།
དགེ་རྒན་ཞིག་ཡིན་ན་ཤེས་ཡོན་སྲིད་ཇུས་ལས་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ་བཞི་པོ་ཁ་བཤད་ཚིག་ཙམ་མ་ཡིན་པར་དོན་དངོས་སུ་རྒྱུད་ལ་འཇགས་ཤིང་རང་དཔེ་གཞན་སྟོན་བྱེད་ཐུབ་པ་ཞིག་དགོས། ལྷག་པར་དུ་རང་ལས་སློབ་ཕྲུག་གི་འཕྲལ་ཕུགས་ཀྱི་མདུན་ལམ་ལ་གཅེས་པར་བཟུང་སྟེ་ཁོ་ཚོའི་དོན་དུ་རང་ཉིད་བློས་བཏང་ནས་རྒྱལ་ཁབ་དང་རང་མི་རིགས་ལ་སྲི་ཞུ་སྒྲུབ་ནུས་པའི་རྨང་གཞིའི་ཀུན་སློང་ཐོག་སློབ་མའི་ཕྱི་ནང་གི་དཀའ་ངལ་མང་པོ་ཞིག་སེལ་ཐུབ་ན། དངོས་སུ་སློབ་ཁྲིད་སྐབས་ལེགས་གྲུབ་ཡོང་རྒྱུར་གཏན་ཁེལ་པ་རེད་ཅེས་ཚིག་ཐག་བཅད་ནས་ཞུས་ཆོག། །

ཀ༽   དགེ་རྒན་གྱིས་སློབ་སེང་གི་སྐབས་སུ་སློབ་ཁྲིད་ཀྱི་གྲ་སྒྲིག་གང་འདྲ་གནང་དགོས་སམ་ཞེ་ན།

ཤེས་ཡོན་སྲིད་ཇུས་ནང་དུ་དགེ་རྒན་དབུས་གཞག་དང་སློབ་མ་དབུས་གཞག་གི་ལམ་ལུགས་གཉིས་ཡོད་པ་ལས་དགེ་རྒན་གྱིས་སློབ་ཕྲུག་ལ་དངོས་སུ་སློབ་སྟོན་བྱེད་སྐབས་སློབ་ཕྲུག་དབུས་སུ་བཞག་པའི་ཐབས་ཚུལ་ཕྱག་བསྟར་གནང་དགོས་ཞེས་བཀོད་པ་ལྟར། སློབ་མ་དབུས་བཞག་གི་ཐབས་ཚུལ་གཟུང་བ་ལ་དང་པོ་དགེ་རྒན་གྱིས་སློབ་སེང་གི་སྐབས་སུ་སྐད་ཡིག་སློབ་དེབ་ཁོ་ན་ལ་ཆ་མ་གཞག་པར་སློབ་མའི་ཁམས་མོས་དང་འཚམས་པའི་སློབ་གཞིའི་རྒྱུ་ཆ་ཕྱོགས་མང་པོ་ནས་འཚོལ་སྒྲུག་དང་དབྱེ་ཞིབ་བསྣོན་བཅོས་སྤོས་ལེན་སོགས་གྲ་སྒྲིག་འཐུས་ཚང་བར་བྱས་ཏེ་སློབ་ཐོན་ཕྱག་ཚོད་སྐར་མ་བཞི་བཅུ་ཞེ་ལྔའི་རིང་སློབ་མ་དབུས་བཞག་གི་ཐབས་ཚུལ་སྤྱད་དེ་ཁོ་ཚོའི་སེམས་རྒྱུད་ལ་སྦྱང་བྱའི་སློབ་ཚན་རྣམས་གཏན་པོ་འཇགས་ཆེད་དུ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་ཐོག་ནས་གཙོ་བོ་སློབ་མ་རང་ཉིད་ལ་བྱ་འགུལ་སྤེལ་དུ་འཇུག་དགོས།

ཁ༽   སློབ་ཁང་ནང་དུ་སློབ་མ་རྣམས་ཇི་ལྟར་སྐྱོང་དགོས་མིན་དང་སློབ་འཁྲིད་གང་འདྲ་གནང་དགོས་སམ་ཞེ་ན།

སློབ་འགོ་ཚུགས་པའི་ཉིན་དང་པོར་སློབ་མ་ཚོའི་བསམ་བློ་ལ་འཆར་སྣང་བདེ་སྡུག་བཏང་སྙོམས་སྣ་ཚོགས་འཁྱེར་ནས་སློབ་ཁང་དུ་ཕེབས་མཁན་ཤ་སྟག་ཡིན་པས། དགེ་རྒན་གྱིས་ངོས་ནས་སློབ་ཐོན་གྱི་དུས་ཚོད་ཕལ་ཆེ་བ་སློབ་མ་རྣམས་སློབ་གྲྭར་ཕེབས་པར་སྤྲོ་སྣང་འཕེལ་ཆེད་དུ་ཁོ་ཚོའི་བློ་མོས་དང་མཐུན་པའི་གྲ་སྒྲིག་བྱས་པའི་རྩེད་ཆས་རྣམས་ཁྱེར་ཞིང་འཆར་གཞི་དང་སྒྲིག་གཞི་གོ་རིམ་ཡོད་པའི་ཐོག་ནས་ཕྱི་རུ་རྩེད་མོ་འདྲ་མིན་སྣ་ཚོགས་རྩེ་རུ་འཇུག་དགོས་པ་ལས་ར་ལངས་ཆ་ལངས་བྱེད་དུ་འཇུག་མི་རུང་། སྐབས་དེར་དགེ་རྒན་རང་ཉིད་ཀྱིས་ཀྱང་ཁོ་ཚོའི་སྤྲོ་སེམས་འཁོལ་བའི་རྩེད་འཇོའི་ནང་དུ་ལུས་སེམས་གཉིས་ཀས་མཉམ་བཞུགས་མཉམ་རྩེས་བྱས་ན་སློབ་མའི་སེམས་སུ་སློབ་གྲྭ་དང་དགེ་རྒན་ལ་དགའ་དད་སྤྲོ་གསུམ་སླེབས་ཤིང་། དགེ་སློབ་དབར་མཛའ་གཅུགས་གསེར་གྱི་ཟམ་པ་ཐེངས་དང་པོ་འཛུགས་ངེས་ཡིན། སློབ་མ་ཚོ་སློབ་གྲྭའི་ཁོར་ཡུག་གི་བྱ་དངོས་ལ་གོམས་རིམ་བཞིན། རྩེད་མོའི་དུས་ཡུན་ཐུང་དུ་བཏང་ཞིང་སློབ་ཁྲིད་སྦྱོང་བརྡར་གྱི་དུས་ཡུན་རིང་དུ་བཏང་ནས་ཕྱིའི་ཡུལ་ལ་གོ་རྒྱ་གཅོད་པ་དང་། ནང་གི་ཤེས་པའི་ནུས་པ་སད་སྨིན་རྫོགས་གསུམ་བྱེད་པའི་སློབ་མའི་རྒྱུད་ཀྱི་ཡོན་ཏན་གོང་མཐོར་གཏོང་བའི་ལས་ལ་བཞུགས་དགོས། སྐད་ཡིག་དགེ་རྒན་ཞིག་ཡིན་པའི་ཆ་ནས་སློབ་གཞིའམ་སློབ་ཚན་གང་འདྲ་ཞིག་ཡིན་རུང་གཙོ་ཕལ་གཉིས་སུ་དབྱེ་ནས་སློབ་གཞི་མཁོ་སྒྲུག་བྱས་ཤིང་སློབ་ཁྲིད་གནང་དགོས་ལ། གཙོ་བོ་དེར་གཅིག་ཤེས་ཀུན་གྲོལ་དང་རིགས་འགྲེལ་གཏོང་རྒྱུ་ཡོད་ཅིང་བྱིས་བློ་དང་འཚམས་པའི་བྱིས་སྒྲུང་ཚིག་ཉུང་ཞིང་གོ་བདེ་བ། སྐད་ཆའི་སྒྱུ་རྩལ་ཡོད་པ། ཚིག་སྦྱོར་སྤེལ་སྟངས་གསོན་ཉམས་ལྡན་པ་ཞིག་ཡིན་ན། དེར་རུས་སྦལ་ས་ལ་འགྲོ་བ་ལྟ་བུའི་ཞིབ་ཚགས་ཤིང་དོ་ནན་པོ་བྱེད་ནས་སློབ་ཁྲིད་གནང་དགོས། དཔེར་ན། ཁོ་བོས་རྩོམ་སྒྲིག་བྱས་པའི་དགེ་རྒན་ལག་དེབ་ལས་སློབ་གྲོགས་ཡག་པོ༌ཞེས་པའི་སློབ་ཚན་ལྟ་བུའོ། སློབ་ཚན་ནམ་སློབ་གཞི་ཕལ་བ་ནི་བརྡ་སྤྲོད་དང། ལེགས་བཤད། གཏམ་དཔེ། གླུ་གཞས། གབ་ཚིག བྱིས་སྒྲུང་སྤྱིར་བཏང་བའི་རིགས་ལ་སེང་གེ་གངས་ལ་མཆོངས་པ་ལྟར་དགེ་རྒན་གྱིས་དོན་འགྲེལ་མཛུབ་མོས་རི་སྟོན་བྱས་ནས་གང་མང་ཀློག་བཅུག་ན་འཐུས་པ་ཡིན། དཔེར་ན། སློབ་དེབ་ལས་བོང་བུ་དང་ཕ་བུ་ལྟ་བུར་ཞིབ་ཚགས་པོ་ཁྲིད་མི་དགོས། དེང་གི་སློབ་མ་ཕལ་ཆེ་བའི་ངག་རྒྱུད་ལ་བོད་སྐད་གཏིང་ཚུགས་པ་ཞིག་མེད་པས་དགེ་སློབ་ཟུང་ལ་དཀའ་ངལ་ལུ་གུ་བརྒྱུད་ཕྲད་བཞིན་ཡོད་ན། ཐོག་མར་སློབ་མར་སྐད་ཆ་ཤོད་སྟངས་སློབ་ཅིང་དེ་ལ་གཞིགས་ནས་ཡི་གེ་འབྲི་ཀློག་རེས་མོལ་བྱས་ཏེ་སློབ་པ་དང་ཁྲིད་དགོས། དཔེར་ན། འཛིན་རིམ་དང་པོའི་དགེ་རྒན་ལག་དེབ་ལས་མིའི་མིང་རྣམས་བརྗོད་པ་བཟོ་སྟངས་སློབ་པ་ལྟ་བུའོ།
འཛིན་རིམ་དང་པོར་སྦྱོང་གཞི་དང་འབྲི་སྦྱོང་བྱེད་ས་ཚང་མ་དཔེ་མཚོན་འོས་པའི་ཚུགས་རིང་གི་ཐོག་ནས་ཡིག་གཟུགས་ལེགས་པོ་ཞིག་བྲིས་ཏེ་སློབ་མར་བཀྲམས་ནས་ཡི་གེ་འབྲི་བའི་རིམ་པ་དང་། མིང་ཚིག་བེད་སྤྱོད་གཏོང་སྟངས་གོམ་པ་རེ་རེ་བཞིན་དཀའ་ལས་བརྒྱབ་ནས་སློབ་མའི་སེམས་རྒྱུད་དུ་སྐད་ཡིག་གི་འགྲོ་སྟངས་གཏིང་ཚུགས་པ་ཞིག་འཇགས་ཐབས་བྱེད་དགོས་པ་ལས་གོམས་ངན་རྒྱ་ཡན་དུ་མ་གཏང་བར་གཟབ་ནན་ངང་ལག་ལེན་དམར་ཁྲིད་གནང་དགོས། དཔེར་ན། ཁོ་བོའི་དྲ་ཚིགས་https://www.youtube.com/watch?v=mt6YWR0ZY8M&t=172s) ལྟར་སློབ་ཁྲིད་གནང་ན་ནུས་པ་ཐོན་ངེས་ཡིན། སློབ་མས་འབྲི་དེབ་སྟེང་དུ་ཡི་གེ་འབྲི་བའི་སྐབས་སུ་དགེ་རྒན་གྱིས་སློབ་མའི་སྐྱེས་རྟོགས་སམ་ལྷན་སྐྱེས་ཀྱི་ཡོན་ཏན་དང་སྦྱང་རྟོགས་ཀྱི་ཡོན་ཏན། ལུས་ངག་ཡིད་གསུམ་གྱི་ནུས་རྩལ་ལ་དོ་སྣང་དང་དབྱེ་ཞིབ་བྱས་ན་སློབ་མ་སོ་སོའི་ནུས་རྩལ་ལ་ང་ཚོས་ཤེས་རྟོགས་རྒྱུས་ལོན་ཐུབ་ངེས་ཡིན། སྤྱིར་སློབ་མ་ཚང་མ་གཅིག་མཚུངས་མ་ཡིན་པར་བློ་རབ་འབྲིང་སྣ་ཚོགས་ཡོད་དེ། ལ་ལར་བླང་དོར་གྱི་གནས་རྣམས་རང་སྟོབས་ཀྱིས་འབྱེད་ནུས་པའི་ཤེས་རབ་རླབས་ཆེ་བ་ཡོད། ལ་ལར་རྣམ་པར་བྱང་བའི་ཆ་ཤས་ཕྲ་ཞིང་ཕྲ་བ་རྣམས་ཇི་ལྟ་བ་བཞིན་དུ་མ་འདྲེས་པར་འབྱེད་ནུས་པའི་ཤེས་རབ་གསལ་བ་ཡོད། ལ་ལར་མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་གྱི་བསམ་པ་སྐྱེས་མ་ཐག་ཏུ་མ་ལུས་པར་འགོག་ནུས་པའི་ཤེས་རབ་མྱུར་བ་ཡོད། ལ་ལར་གཞན་གྱིས་ཚད་གཟུང་མི་ནུས་པར་གསུང་རབ་ཀྱི་ཚིག་དོན་ལ་གཏུགས་པ་མེད་པར་འཇུག་པའི་ཤེས་རབ་ཟབ་པ་བཅས་ཡོད་པས། དང་པོ་དགེ་རྒན་རང་ཉིད་ཀྱིས་ཆུ་ཚོད་སྐར་མ་བཅུ་ནས་བཅོ་ལྔ་ཙམ་གྱི་རིང་འཛིན་གྲྭ་གཅིག་གི་ནང་སློབ་ཕྲུག་ཚང་མར་སློབ་ཁྲིད་གཅིག་མཚུངས་གནང་ཚར་བ་དང་། དེ་ནས་སློབ་མ་ཤེས་རབ་གསལ་བའི་རིགས་ལ་ཐོས་ཟིན་པས་བསམ་སྒོམ་གྱི་ལས་ལ་འཇུག་པའི་བྱེད་སྒོ་སྤེལ། དུས་མཚུངས། ཅུང་ཟད་རིག་སྟོབས་ཞན་པ་རྣམས་ལ་ཡང་བསྐྱར་རམ་ནན་ཁྲིད་གནང་སྟེ་གདེང་ཚོད་སླེབས་ཤིང་ཁོང་དུ་ཆུད་པར་གནང་དགོས། དེ་དང་འབྲེལ་བ་རྟགས་ཏེ་གཅིག་ཤེས་ཀུན་གྲོལ་གྱི་ཐབས་རྩལ་ལག་ལེན་དུ་བསྟར་དགོས། མིང་ཚིག་མང་པོ་ཤེས་ཤིང་ཚིག་སྦྱོར་སྤེལ་སྟངས་དང་རིགས་འགྲེ་གཏོང་སྟངས་སློབ་དགོས། དཔེར་ན། ང་ལ་སྨྱུག་སྒམ་སྙིང་རྗེ་མོ་ཞིག་ཡོད་ཅེས་ལྟ་བུར་མཚོན་ན་ཚིག་གྲོགས་འདི་སློབ་མ་ཚོས་ངག་ལ་བྱང་པ་མ་ཆགས་བར་དུ་ཡང་ཡང་ཀློག་འདོན་བྱེད་དུ་བཅུག་ན་ལེགས། བརྗོད་དུམ་དེའི་ཚིག་འགྲོས་དང་སྒྲོམ་གཞི་རང་ཟོར་བཞག་སྟེ་བརྗོད་པ་དེའི་ནང་ནས་མིང་སྨྱུག་སྒམ་གྱི་ཚབ་ཏུ་སྐྲ་འཛིན་སོགས་སློབ་མས་ནམ་རྒྱུན་མཐོང་ཐོས་མྱོང་རེག་ཡོད་པའི་དངོས་པོའི་མིང་རྣམས་སློབ་མ་སོ་སོས་ངག་ལ་བྱང་པ་མ་བྱུང་བར་དུ་ཡང་ཡང་བརྗོད་དུ་བཅུག་ཅིང་། དེ་ནས་བེད་སྤྱོད་གཏོང་སྟངས་སློབ་སྟེ་འབྲི་དེབ་ཏུ་གོང་གི་སྐད་ཆ་རྣམས་ཡིག་ཐོག་ཏུ་ཕབ་ཅིང་སློབ་མ་རང་ཉིད་ལ་བརྗོད་པའམ་ཚིག་སྦྱོར་མང་པོ་སྤེལ་དུ་བཅུག་ན། སློབ་མ་སོ་སོའི་ནུས་རྩལ་ལ་དཔགས་པའི་དུས་ཚོད་ཐུང་ངུའི་ནང་བརྗོད་པ་ཧ་ཅང་མང་པོ་བཟོ་ཐུབ་ཀྱི་ཡོད། མཁས་པའི་ཞལ་གདམ་ལས་ཐེངས་བརྒྱ་ཀློག་པ་ལས་ཐེངས་གཅིག་བྲིས་ན་སེམས་ལ་ངེས་སླ་ཟེར་བ་ལྟར་སློབ་མ་རང་ཉིད་ལ་བསམ་བློ་གཏོང་ཞོར་དུ་མང་པོ་འབྲི་རུ་བཅུག་ན་སློབ་མའི་རྒྱུད་ལ་མིང་ཚིག་མང་པོ་གསོག་འཇོག་བྱེད་ཐུབ་པ། མིང་ཚིག་རྣམས་བེད་སྤྱོད་གཏོང་ཤེས་པ། བརྡ་སྤྲོད་ཀྱི་ཚིག་སྦྱོར་སྤེལ་སྟངས་ཤེས་པ། བསྡུས་ཀློག་ཤེས་ཤིང་འབྲི་རྩལ་གྱི་ནུས་པ་སྐྱེད་བསྲིངས་ཐུབ་པ་སོགས་དགེ་མཚན་དུ་མ་མཆིས་སོ།
ཡང་དེ་ལས་རིག་སྟོབས་ཞན་པ་ཚོར་ཐུན་མོང་དུ་སློབ་ཅིང་ཁྲིད་པ་མ་ཟད་དུས་ཚོད་སྟོང་པ་ནམ་བྱུང་ལ་དམིགས་བསལ་སློབ་ཁྲིད་དང་ལྟ་སྐྱོང་གནང་ན་ཁོ་ཚོའི་སེམས་སུ་གདེང་ཚོད་དང་སྤོབས་པ་སླེབས་ཏེ་རིམ་བཞིན་སློབ་ཚན་ལ་དགའ་སྣང་སླེབས་ངེས་ཡིན།
སློབ་མར་ཀློག་རྩལ་སློབ་པའི་སྐབས་སུ་སྦྱོང་གཞི་རྣམས་གཙོ་བོ་དབུ་ཅན་ཐོག་བཟོས་ཤིང་བཀྲམས་ཏེ་འཕྲེད་ཀློག་དང་བསྡུས་ཀློག་བྱེད་སྟངས་སློབ་ཁྲིད་གནང་ན། སྒྲ་དག་ཅིང་དག་ཆ་ངེས་སླ་བ། མྱུར་པོ་ཀློག་ཐུབ་པ་སོགས་དགེ་མཚན་ཆེ་བ་མཐོང་། འཛིན་གྲྭ་ཚོགས་ནས་བདུན་གཉིས་ཙམ་ཕྱིན་པའི་རྗེས་སུ་དབུ་ཅན་ཐོག་ནས་ལེགས་བཤད་ལྗོན་དབང་ཉིན་ཉི་ཤུ་རྩ་ལྔ་ལས་མ་འགོར་བར་བློ་ལ་བཟུང་ཚར་བར་བྱས་ཏེ། དངོས་སུ་ལག་ལེན་ནང་དུ་འཁྱེར་ནས་ཀློག་སྟངས་ཀྱི་ཞོར་དུ་སྔོན་རྗེས་ཡང་གསུམ་དང་ཚིག་ཕྲད་གང་ཡིན་དྲན་གསོ་བཏང་ནས་ངོ་སྤྲོད་བྱས་ན་རིང་པོ་མ་འགོར་བར་གོང་གི་གནད་འགག་རྣམས་བརྡ་སྤྲོད་དགོས་པ་ལས་ཞོགས་ལྟར་བློ་འཛིན་བྱེད་དུ་བཅུག་ན་དུས་ཚོད་འཕྲོ་བརླག་རེད། དཔེར་ན། སློབ་མ་ཕལ་ཆེ་བས་ལེགས་བཤད་ལྗོན་དབང་བློ་སྐྱོར་ཐུབ་ཀྱི་ཡོད་ཀྱང་སྐབས་སུ་བབས་པའི་བེད་སྤྱོད་གཏོང་སའི་ལ་དོན་གྱི་རྩ་བ་བསྐྱོར་ཤོག་ཟེར་ན་ཁ་ལ་མཛུབ་མོ་རྒྱུས་ནས་སྡོད་རྒྱུ་ལས་མ་འདས་སོ།
གཅོད་མཚམས་ལེགས་པོ་ཞིག་ཤེས་ཆེད་དུ་ཁོ་བོས་གསར་བསྒྲིགས་བྱས་པའི་སུམ་ཅུ་པའི་ཕྲད་ཀྱི་རྣམ་གྲངས་རེའུ་མིག་ཅེས་པའི་གྱང་སྦྱར་དེ་བེད་སྤྱད་ནས་ཕྲད་བདུན་ཅུ་དོན་དགུ་ཡོད་པ་རྣམས་བྱིས་སྒྲུང་དང་བརྗོད་པ་བཟོ་སྟངས་ནམ་ཁྲིད་ཀྱི་ཞོར་དུ་དུས་ནས་དུས་སུ་ངོ་སྤྲོད་གནང་དགོས། གང་ལ་ཞེ་ན་བོད་ཡིག་གི་གཅོད་མཚམས་ཐུན་མོང་མ་ཡིན་པ་ནི་ཚིག་ཕྲད་ཀྱིས་གཅོད་ཀྱི་ཡོད་པས་དེ་དག་ངོ་འཕྲོད་ཚེ་གཅོད་མཚམས་ལས་སླ་པོའི་ཐོག་ནས་ཤེས་ཐུབ། དཔེར་ན། ཁོ་བོའི་དྲ་ཚིགས་འདི(https://www.youtube.com/watch?v=OaeFU7PJqFg&t=16s)ལ་གཟིགས་ན་མཁྱེན་ངེས་སོ། དེའི་ནང་ནས་ཀྱང་གལ་ཆེ་ཤོས་ཀྱི་ཚིག་ཕྲད་ནི། ༡)ལ་དོན་གྱི་ཕྲད། ༢)ཨི་ལྡན་གྱི་ཕྲད། ༣)ལྷག་བཅས་ཀྱི་ཕྲད། ༤)རྒྱན་སྡུད་ཀྱི་ཕྲད། ༥)འབྱུང་ཁུངས་ཀྱི་ཕྲད། ༦)ཞིང་སོགས་ཀྱི་ཕྲད་རྣམས་འཚོ་བ་དངོས་ནང་ལག་ལེན་དུ་བསྟར་བཅུག་ན། འབྲི་དང་ཀློག་དང་མཚམས་སྦྱོར་སྒྲ་ལ་ཐོགས་མེད་དུ་འཇུག་ཅིང་། དཀའ་ཚེགས་མེད་པའི་ཐོག་ནས་གཅོད་མཚམས་དང་འབྲི་རྩལ་གཏིང་ཚུགས་པ་ཞིག་ཆགས་ངེས་ཡིན།

ག༽   འོ་ན་འཛིན་གྲྭའི་ནང་སློབ་མ་རྣམས་གང་འདྲ་བྱས་ནས་སྐྱོང་ཞིང་འབྲི་ཀློག་གི་སློབ་ཁྲིད་ཇི་ལྟར་གནང་དགོས་སམ་ཞེ་ན།

སློབ་མས་ཡི་གེ་ལས་སླ་པོ་མཐོང་ཆེད་དུ་སློབ་དེབ་བམ་སྦྱང་གཞི་གང་འདྲ་ཞིག་ཡིན་རུང་ཡིག་གཟུགས་ཆེན་པོར་བཟོས་ཏེ་ཆད་ལྷག་མེད་པར་སློབ་མ་ཚང་མའི་སྤྱན་ལམ་དུ་འབུལ་ཞིང་། སློབ་མའི་ཕྱག་གམ་མདུན་དུ་བཀླག་བྱའི་སློབ་དེབ་བམ་སྦྱོང་གཞི་ལས་གཞན་པའི་དངོས་པོ་ཚང་མ་ཡར་བསྡུས་ནས་སློབ་མའི་མདུན་དུ་སེམས་གཡེངས་སའི་རིགས་དངོས་པོ། དཔེར་ན་རྩེད་ཆས་སོགས་མེད་པར་སྒྲོག་ཙེ་གཙང་མ་འཇོག་དགོས། དྲ་ཚིགས་འདི་(https://www.youtube.com/watch?v=mc9ktkJQ8jo&t=488s)ལ་གཟིགས་ན་མཁྱེན་ངེས་ཡིན། སློབ་མའི་ཕྱག་ཏུ་ཞ་སྨྱུག་གཅིག་པུ་འཇུས་སུ་བཅུག་ཅིང་། ཚིག་ཕྲད་དང་གཅོད་མཚམས་སུ་སླེབས་པ་དང་རྟགས་བརྒྱབ་ཏུ་བཅུག་དགོས། དཔེར་ན། དཔལ་ལྡན་གྱི་/ལག་པ། ལྟ་བུར་མཚོན་ན་གྱི/་ནི་ཕྲད་ཡིན་པས་གཅོད་མཚམས་ཤེས་ཆེད་དུ་རྟགས་དེ་རྒྱག་ཏུ་བཅུག་དགོས། དགེ་རྒན་གྱིས་སློབ་མའི་མདུན་དུ་ཡོད་པའི་སྦྱོང་གཞི་འམ་སློབ་དེབ་ལ་ལྟ་ཞོར་དུ་སྒྲ་དག་གསལ་གསུམ་གྱི་ཐོག་ནས་ཀློག་སྟངས་སློབ་དགོས་པ་ལས་དགེ་རྒན་རང་ཉིད་ཀྱིས་ནག་པང་གི་མདུན་དུ་ཡོད་པའི་རྐུབ་བཀྱག་སྟེང་དུ་བཞུགས་ནས་སློབ་དེབ་ལ་དབུ་འཐོམས་ནས་ཀློག་རྩལ་སློབ་ཁྲིད་གནང་མི་རུང་། གང་ལ་ཞེ་ན། སློབ་མས་དགེ་རྒན་གྱིས་ཀློག་པའི་སྒྲ་ཁོ་ན་ལ་དོ་སྣང་བྱས་ཏེ་ལད་ཟློས་བྱས་པ་ལས་ཡི་གེའི་གཟུགས་རིས་དང་དེ་ལས་ཐོན་པའི་སྒྲ་གཉིས་ཟུང་དུ་འབྲེལ་ནས་སློབ་མའི་སེམས་རྒྱུད་ལ་འཇུག་ཐུབ་ཀྱི་མེད་པས་འཛིན་རིམ་མཐོ་པོ་སླེབས་ཟིན་ནའང་ཡི་གེའི་གཟུགས་རིས་ངོས་ཤེས་ཀྱི་མེད་སྟབས་ཀློག་ཐུབ་ཀྱི་མེད་པ་རེད། དགེ་རྒན་གྱིས་རང་ཉིད་ཀྱི་སེམས་སུ་ཕན་སེམས་ཀྱིས་ཀུན་ནས་སླང་ཞིང་ཕྱིའི་རྣམ་འགྱུར་ངར་ཙམ་བྱས་ན་སློབ་མའི་སེམས་མ་གཡེངས་བར་ཕན་ཐོགས་ཆེ། དགེ་རྒན་གྱིས་སློབ་མའི་མདུན་དུ་ཡོད་པའི་སྦྱོང་གཞིར་སྒྲ་དག་གསལ་གསུམ་ཐོག་སྐད་གསེང་མཐོན་པོའི་ངང་སྦྱོར་ཀློག་རྒྱག་ཞོར་དུ་སློབ་མའི་ཞལ་ནས་སྒྲ་ཐོན་ཡོད་མེད་དང་། མིག་གིས་ཡི་གེ་དང་ཐིག་ཕྲེང་། གཅོད་མཚམས་ག་བར་སླེབས་ཡོད་མེད་སོགས་སློབ་མ་ཡོད་དོ་ཅོག་གིས་དོ་སྣང་བྱེད་ཀྱི་ཡོད་མེད་ལྟ་ཞིབ་གནང་ཐུབ་པ་དགོས། གང་ལ་ཞེ་ན། སློབ་མ་རྣམས་ལོ་ན་ཆུང་བས་སེམས་གཡེངས་བའི་རང་བཞིན་ཡིན་པས་གཅོད་མཚམས་དང་། ཡིག་ཕྲེང་། ཡིག་འབྲུ་སོགས་འཕྲལ་མར་བརླག་འགྲོ་ཡི་ཡོད་པས་དེ་དག་ལ་སྐབས་ཐོག་གམ་འཕྲལ་དུ་དོ་སྣང་ནན་པོ་བྱས་ཏེ་སློབ་མའི་བསམ་བློ་ཤོག་ཐོག་ཏུ་འགུགས་ཐུབ་པ་གནང་ན་རིང་པོ་མ་འགོར་བར་ཡི་གེ་དེའི་སྒྲ་གཟུགས་གཉིས་བདེ་བླག་ངང་སློབ་མའི་སེམས་ལ་འཇགས་ངེས་ཡིན།
དགེ་རྒན་གྱིས་འཛིན་གྲྭ་གྲུ་བཞིའི་ནང་དུ་ཡོད་པའི་སློབ་མའི་ལུས་ངག་ཡིད་གསུམ་སྦྱོང་ཤོག་སྟེང་དུ་སླེབས་ཡོད་མེད་ལ་དོ་སྣང་བྱེད་དགོས། གལ་ཏེ་སློབ་མ་མང་ཆེ་བར་སྤྲོ་སྣང་མེད་ཅིང་ཉོབ་སྣང་གི་ཚོར་སྣང་མངོན་ཚེ་དེ་མ་ཉིད་དུ་སློབ་ཁྲིད་མཚམས་བཞག་སྟེ་སློབ་མ་རྣམས་ཕྱི་ནང་གང་དུ་འཚམས་མིན་བལྟས་ཏེ་ཆུ་ཚོད་སྐར་མ་ཉི་ཤུ་ཡར་མར་རིང་རྩེད་མོ་རྩེ་རུ་འཇུགས་དགོས། དཔེར་ན། དྲ་ཚིགས་འདི་(https://www.youtube.com/watch?v=VBlUFT2-Gjs&t=81s)ལ་གཟིགས་ན་མཁྱེན་ངེས་ཡིན། དེ་བཞིན། ཀློག་རྩལ་གྱི་བྱེད་སྒོ་མང་ན་སྐར་མ་ཉི་ཤུ་ཙམ་སྦྱོར་ཀློག་བརྒྱབས་ནས་ཀློག་སྟངས་སློབ་ཚར་བ་དང་བྱེད་སྒོ་གཉིས་པ་མ་སྤེལ་གོང་། སྐར་མ་ལྔ་ཙམ་རིང་སློབ་མ་རྣམས་ཆུ་འཐུང་བ་དང་། ངལ་གསོ་ཞིང་རྩེད་མོ་རྩེ་རུ་འཇུག་དགོས། འཛིན་རིམ་དང་པོའི་སློབ་མ་ཚོར་སྐད་གསེང་མཐོན་པོའི་ཀློག་འདོན་གྱི་དུས་ཚོད་མང་ཤོས་སྐར་མ་ཉི་ཤུ་ལས་ལྷག་པ་ཀློག་ཏུ་འཇུག་མི་རུང། གང་ལ་ཞེ་ན། སྐད་གསེང་མཐོན་པོའི་ངང་ནས་ཀློག་འདོན་བྱེད་པའི་སྐབས་སུ་བྱིས་པའི་ལུས་ཟུངས་ཀྱི་ནུས་པ་ཕྱི་རུ་ཐོན་ནས་ལུས་ཟུངས་ཟད་ཅིང་སློབ་མས་སློབ་སྦྱོང་མུ་མཐུད་བྱེད་པའི་སྤྲོ་བ་ཉམས་ཏེ་ཕུགས་ལ་གནོད་སྐྱོན་བཟོ་སྲིད། དགེ་རྒན་གྱིས་སློབ་མ་ཚང་མར་མིག་འོག་ཏུ་ཚུད་ཆེད་འཛིན་གྲྭའི་ནང་རྐུབ་བཀྱག་དང་སྒྲོག་ཙེ་རྣམས་ཀྱི་བར་དུ་སྟོང་པ་བཞག་ནས་དགེ་རྒན་རང་ཉིད་ཕར་ཚུན་ཡར་མར་སོགས་འགྲོ་སའི་འགྲོ་ལམ་བཞག་པ་ལྟར་ལུས་སེམས་གྲུང་ཤ་དོད་པོའི་ཐོག་ནས་སློབ་མའི་རྒྱབ་མདུན་གཡས་གཡོན་ཕྱོགས་ཚང་མར་སྐོར་གཡེང་བྱེད་དགོས། དེ་ནས་སློབ་མ་རྣམས་རང་སར་བཞུགས་སུ་བཅུག་ཅིང་བྱེད་སྒོ་གཉིས་པར་དགེ་རྒན་གྱིས་འབྲི་རྩལ་ཆེད་དུ་བཟོས་བའི་སྦྱོང་གཞི་དག་སློབ་མ་ཚོར་བཀྲམ་སྟེ་དཔེ་མཚོན་གཅིག་སློབ་མའི་སེམས་རྒྱུད་ལ་བརྟེན་པོར་འཇགས་བར་བྱས་ཤིང་། དེ་ནས་དེར་དཔེ་བལྟས་ནས་རིགས་འགྲེས་བཏང་དུ་བཅུག་ཅིང་འབྲི་དེབ་ཀྱི་ནང་དུ་འབྲི་རུ་བཅུག་དགོས། དཔེར་ན། དྲ་ཚིགས་འདི་(https://www.youtube.com/watch?v=-XxDOrd7waY&t=25s)ལ་གཟིགས་ན་མཁྱེན་ངེས། དེ་བཞིན་གང་མང་འབྲི་རུ་བཅུག་དགོས།

ང༽   འབྲི་སྟངས་གང་འདྲ་ཞིག་སློབ་ཀྱི་ཡོད་དམ་ཞེ་ན།

དགེ་རྒན་གྱིས་སློབ་མའི་ལྕགས་སྨྱུག་རྣམས་ཁ་གཏུབ་ཅིང་གྲ་སྒྲིག་བྱས་ནས་འབྲི་ཆོག་ཆོག་བཞག་དགོས་པ་དང་། དངོས་སུ་འབྲི་སྟངས་སློབ་སྐབས་སློབ་མ་ཁོ་རང་གི་སྨྱུ་གུ་ལེན་ནས་འབྲི་སྟངས་སློབ་དགོས་པ་ལས་དགེ་རྒན་གྱི་སྨྱུ་གུས་འབྲི་སྟངས་སློབ་མི་རུང་། གང་ལ་ཞེ་ན། དགེ་རྒན་གྱིས་སློབ་མའི་སྨྱུ་གུ་ཡག་ཉེས་ཤེས་རྟོགས་ཐུབ་ཀྱི་མེད། དཔེར་ན། དྲ་ཚིགས་འདི་(https://www.youtube.com/watch?v=dkcmqd0x0gw&t=25s)ལ་གཟིགས་ན་མཁྱེན་ངེས་ཡིན། འཛིན་རིམ་དང་འཚམས་པའི་ཐིག་ཚད་དང་ཤོག་བུའི་སྤུས་ཚད་གང་ལེགས་གྲ་སྒྲིག་བྱས་ཏེ་དགེ་རྒན་གྱིས་སློབ་མར་ནམ་ཡང་བརྗོད་པ་བཟོ་སྟངས་གཙོ་བོ་སློབ་ཅིང་ཞོར་དུ་སྐབས་བསྟུན་སྔོན་རྗེས་ཡང་གསུམ་ངོ་སྤྲོད་གནང་དགོས། དཔེར་ན། དྲ་ཚིགས་འདི་(https://www.youtube.com/watch?v=dkcmqd0x0gw&t=25s)ལ་གཟིགས་ན་མཁྱེན་ངེས། དགེ་རྒན་གྱིས་ཚུགས་རིང་ནས་འཁྱུག་ཡིག་བར་གྱི་འབྲི་བྱེད་སྨྱུ་གུའི་ཁ་གཏུབ་ཅིང་བཟོ་སྟངས་ཤེས་ཤིང་སློབ་མའི་དཀའ་ངལ་དུས་ཐོག་ཏུ་སེལ་ཐུབ་པ་གནང་དགོས། དཔེར་ན། དྲ་ཚིག་འདི་(https://www.youtube.com/watch?v=feaT8H9_rsI&t=114s)ལ་གཟིགས་ན་མཁྱེན་ངེས་ཡིན། དགེ་རྒན་གྱིས་སློབ་མའི་ལག་པ་ནས་འཇུས་ཏེ་འབྲི་བའི་གོ་རིམ་ཀ་ནས་ཨ་བར་ཚོགས་ཐེངས་ཁ་ཤས་ནང་རགས་ཙམ་སློབ་ཚར་བར་བྱས་ཏེ་ལག་ལེན་དངོས་ནང་བརྗོད་པ་བཟོ་སྟངས་དང་ཡིག་གཟུགས་འབྲི་སྟངས་ཟུང་འབྲེལ་ཐོག་ནས་སློབ་དགོས་པ་ལས་ཡིག་གཟུགས་ཚོགས་ཐེངས་ཟུར་དུ་བཞག་ནས་སློབ་མི་རུང་། སློབ་མ་ཚང་མས་རང་གིས་བྲིས་པའི་བརྗོད་པ་ནས་རྩོམ་ཡིག་བྲིས་བའི་བར་ཀློག་ཤེས་ཤིང་གཞན་གྱིས་འཁྲུལ་པ་མེད་པར་ཀློག་ཤེས་པར་བཟོ་དགོས་པ་ནི་སྐད་ཡིག་དགེ་རྒན་ཞིག་གི་དམིགས་ཡུལ་གཙོ་བོ་ཡིན་པ་ལས་སྒྱུ་རྩལ་ཁྱད་ལས་ཀྱི་བསམ་བློའི་ཐོག་ནས་ཡིག་གཟུགས་འབྲི་བར་དུས་ཚོད་མང་པོ་གཏོང་མི་རུང་། སློབ་མ་ཆུང་ཆུང་ཡིན་པས་དགེ་རྒན་རང་ཉིད་ཀྱིས་པང་དུ་བཞག་སྟེ་ཕྱག་གིས་སློབ་མའི་ལག་ཆུང་འཇུས་ནས་ལག་པས་སྨྱུ་གུར་ཤུགས་ཚད་དམ་ལྷོད་རན་པོ་མ་སླེབས་བར་སློབ་ཅིང་དེ་ནས་ཤོག་ངོས་སུ་ཁ་དཀྱུས་སྟངས་དང་ཡི་གེ་འབྲི་བའི་གོ་རིམ་སོགས་ཞིབ་ཚགས་པོའི་སློབ་ཁྲིད་གནང་ན་སློབ་མའི་རྒྱུད་ལ་ཡི་གེ་འབྲི་བའི་གོ་རིམ་གཏིང་ཚུགས་ཤིང་གདེང་ཚོད་ཡོད་པ་ཞིག་ཆགས་ངེས་ཡིན། དཔེར་ན། ཚུགས་རིང་འབྲི་སྟངས་ཞེས་པའི་ཁོ་བོའི་དྲ་ཚིགས་འདི་https://www.youtube.com/watch?v=CMGkxHFJBuE&t=8sལ་གཟིགས་ན་མཁྱེན་ངེས་སོ།
ནམ་ཡང་བརྗོད་པ་བཟོ་སྟངས་གཙོ་བོ་དང་ཞོར་དུ་སློབ་མ་རང་ཉིད་ཀྱིས་བརྗོད་པ་བཟོ་བའི་ཚིག་དུམ་དེ་རང་ལ་གཞི་བཅོལ་ནས་འབྲི་ནོར་ཐེབས་པ་གང་ཡིན་ར་སྤྲོད་གནང་ཞིང་ཡི་གེ་འབྲི་བའི་གོ་རིམ་མ་ནོར་བ་སློབ་ཅིང་འབྲི་དེབ་ངོས་སུ་སྟོང་ཆ་བཞག་སྟངས་དང་ཚིག་ཁྱིམ་བར་གྱི་སྟོང་ཆ་བཞག་སྟངས་སོགས་ཡང་ཡང་ལམ་སྟོན་ཞོར་དུ་གནང་ཞིང་། དགེ་རྒན་གྱིས་སློབ་མ་ཚོར་འབྲི་སྟངས་སློབ་སྐབས་ཁོ་ཚོ་ནག་པང་གི་མདུན་དུ་བོས་ནས་ཡིག་གཟུགས་གང་འདྲ་ཞིག་འབྲི་ནའང་དེ་དང་མཐུན་པའི་ནག་པང་ངོས་སུ་ཐིག་གསལ་པོ་ཞིག་བརྒྱབ་སྟེ། སློབ་ཕྲུག་གིས་དོ་སྣང་བྱས་ཡོད་མེད་ལྟ་རྟོག་གནང་ཞོར་ཀློག་ཞོར་འབྲི་ཞོར་ཚིག་དོན་འགྲེལ་ཞོར་སྔོན་རྗེས་ཡང་གསུམ་ངོ་སྤྲོད་སོགས་དུས་གཅིག་ལ་གནང་ཐུབ་པ་དགོས། མདུན་དུ་བོས་ནས་བསླབ་ན་སློབ་ཕྲུག་ཚོར་ལྟ་སྐྱོང་བདེ་ཞིང་སློབ་མས་དོ་སྣང་ཆེ་བ། ལྷག་པར་དུ་དགེ་རྒན་གྱིས་ནག་པང་ངོས་སུ་ཡི་གེ་འབྲི་བཞིན་པའི་སྐབས་སུ་བྱ་བའི་ཡུལ་ལ་ཡོད་པའི་བྱ་བའི་རྣམ་འགྱུར་གྲལ་འགྲིག་ཅིང་དབྱིབས་ལེགས་པའི་ཡིག་འབྲུ་རེ་རེ་བཞིན་ནག་པང་གི་ངོས་སུ་ཡར་མངོན་ཡོང་བའི་བྱ་འགུལ་དང་། བྱེད་པ་པོར་ཡོད་པའི་བྱ་བའི་རྣམ་འགྱུར་སྟེ་དགེ་རྒན་གྱི་ཕྱག་གིས་ལྡེམ་མྱུར་ལྡན་པའི་ངང་ནས་འགུལ་སྐྱོད་དེ་གཉིས་སློབ་མས་བློ་ངོས་སུ་དཔར་བརྒྱབ་པ་ལྟར་རྟག་ཏུ་དྲན་ཡུལ་དུ་ཉར་བའི་ནུས་པ་ཆེན་པོ་ཡོད།
འཛིན་གྲྭའི་ནང་དུ་ཐུན་མོང་གི་སློབ་ཁྲིད་དང་ཟུར་ཁྲིད་ཟུང་འབྲེལ་གནང་དགོས། ཟུར་ཁྲིད་སྐབས་བློ་རིག་བཀྲ་བའི་སློབ་མ་ཚོར་སྔོན་ལ་ལམ་སྟོན་སློབ་ཁྲིད་གནང་ན་འཛིན་གྲྭའི་ནང་དུ་སློབ་མ་ཁྱོན་ཡོངས་ཀྱི་ཤེས་ཚད་ལ་མྱུར་དུ་མཐོར་འདེགས་གཏོང་ཐུབ། དཔེར་ན། ཆུ་སྣེ་ཡུར་བུའི་ནང་དུ་ཁྲིད་ཐུབ་ན་ཆུ་བྱིངས་རྣམས་ཆུ་སྣེའི་རྗེས་འབྲངས་ཏེ་ནུས་ཤུགས་ཡོད་ཚད་ཕྱོགས་གཅིག་ཏུ་བསྡུས་ནས་ཡུར་བུའི་ནང་དུ་རྒྱུགས་འགྲོ་བ་བཞིན་ནོ། མདོར་ན། དགེ་རྒན་གྱིས་ངལ་རྩོལ་དང་ཀླད་རྩོལ་ཟུང་འབྲེལ་ཐོག་ཞིབ་ཚགས་ཤིང་གཟབ་གནད་ངང་ནས་སློབ་མའི་ཆེད་དུ་དུས་ཚོད་གཏང་ཐུབ་པ། སྦྱོང་གཞི་གྲ་སྒྲིག་བྱེད་པ། སློབ་ཁྲིད་ཐབས་རྩལ་མཁས་པ། བརྩོན་འགྲུས་ཆེ་བ། རང་གི་ལས་དོན་ལ་སྤྲོ་སེམས་ཁོལ་བའི་བརྩོན་སེམས་ལྡན་པ་ཞིག་གནང་ཐུབ་ན་འཛིན་རིམ་འཕར་རིམ་བཞིན་སློབ་མའི་རྒྱུད་ལ་སྐད་ཡིག་གི་ཆུ་ཚད་ཡར་ངོར་ཟླ་བ་བཞིན་འཕེལ་ཞིང་ཤེས་བྱ་བང་མཛོད་ཀྱི་ལྡེ་མིག་རྙེད་ངེས་ཡིན། དགེ་རྒན་ལག་དེབ་ཅེས་པའི་ནང་དུ་བྱིས་སྒྲུང་དང་རྩོམ་ཐུང་རྣམས་ཀྱི་ཚིག་སྦྱོར་སྤེལ་སྟངས་ལ་དཔེ་བལྟས་ཏེ་འབྲི་རྩལ་གཙོ་བོ་སློབ་ཁྲིད་གནང་པ་ལས་སྒྲུང་གི་དོན་སྙིང་དང་ཚིག་དོན་འགྲེལ་བརྗོད། སུམ་རྟགས་དག་གསུམ་ལ་འགྲེལ་བརྗོད་ཁ་སྦུ་བ་སོབ་སོབ་བཤད་ཡངས་སུ་མ་འགྲོ་བར་ཐུགས་གཟབ་གནང་དགོས།
འོ་ཡ། འདི་འདྲ་བྱས་ནས་འཆར་འགོད་དང་སློབ་ཁྲིད་གནང་ན་གང་འདྲ་འདུག ད་དུས་ཚོད་རྫོགས་སོང་སྐད་ཆ་ཤོད་མཚམས་འདིར་བཞག་སྟེ། འཛིན་གྲྭར་སློབ་ཚན་འཁྲིད་པར་འགྲོ་དགོས། རྗེས་སུ་དུས་ཚོད་ཁོམ་པ་བྱུང་ན་ཞིབ་ཚགས་ཞུ་ཆོག།