ཚོད་རྒྱུགས་ལེན་པ། རྩོམ་འབྲི་བ། བསམ་བློ་བཏང་བ། འགོ་བཙུགས་པ། གྲངས་ཀ་བརྩི་བ། ཁ་སྣོན་བརྒྱབ་པ། འབྲི་མཚམས་བཞག་པ། མགོ་བོ་འཕུར་བ། གཟུགས་པོ་འཁྲུ་བ། གད་མོ་བགད་པ། སྐད་གཏོང་བ། ངག་ལ་འཇགས་པ།
རྒན་ལགས་ཀྱིས་སློབ་ཕྲུག་ཚོར་འབྲི་རྩོམ་གྱི་ཚོད་རྒྱུགས་ལེན་བཞིན་ཡོད། ཁོང་གིས་ཁོ་ཚོར་རྩོམ་ཞིག་འབྲི་རུ་བཅུག་པ་དེའི་བརྗོད་གཞི་ནི་ངའི་ཁྱི་ཞེས་བྱ་བ་དང་། ཡིག་འབྲུ་ ༡༥༠ ལས་མི་ཉུང་བ་དགོས།
བུ་ཆུང་གིས་བསམ་བློ་ཏོག་ཙམ་བཏང་རྗེས་འབྲི་འགོ་བརྩམས་པ་སྟེ། ང་ལ་ཁྱི་ཞིག་ཡོད་པ་དེར་ངས་སེང་ཕྲུག་ཟེར་གྱི་ཡོད། ང་རང་གི་ཁྱི་ལ་དགའ་པོ་ཡོད། ཁོའི་གཟུགས་པོ་ཡོངས་ནག་པོ་རེད། སྣ་ཁུག་གཅིག་པུ་དཀར་པོ་རེད། བུ་ཆུང་གིས་འབྲི་མཚམས་བཞག་སྟེ་ཡི་གེར་གྲངས་ཀ་བརྒྱབ་པས་ཡིག་འབྲུ་ ༢༡ ཡོད། ཁོས་མགོ་འཕུར་བཞིན་བསམ་བློ་བཏང་རྗེས་མུ་མཐུད་འདི་ལྟར་བྲིས། ངས་ཉིན་ལྟར་སེང་ཕྲུག་འཁྲིད་ནས་ཕྱི་རུ་གཟུགས་པོ་འཁྲུ་བར་འགྲོ་ཡི་ཡོད། ཁོ་གཟུགས་པོ་འཁྲུ་རྒྱུར་དགའ་པོ་ཡོད་པ་དང་ང་ཡང་ཁོའི་གཟུགས་པོ་འཁྲུ་རྒྱུར་དགའ་པོ་ཡོད། ངེད་གཉིས་ཀ་གཟུགས་པོ་འཁྲུ་རྒྱུ་དགའ་པོ་ཡོད། ཁོས་ཡང་བསྐྱར་ཡིག་འབྲུར་གྲངས་ཀ་རྩིས་སྐབས་ཡིག་འབྲུ་ ༦༧ ཡོད། བུ་ཆུང་གིས་ཡང་བསྐྱར་མགོ་འཕུར་བཞིན་སྒེའུ་ཁུང་ཕྱིར་བལྟ་ཙམ་དང་། ཡང་ནག་པང་ཐོག་བལྟ་ཙམ་བྱས་ཀྱང་གང་ཡང་མ་མཐོང་བས་མུ་མཐུད་འདི་ལྟར་བྲིས། སེང་ཕྲུག་བྱེ་མ་ཀ་ར་ཟ་ཡས་ལ་དགའ་པོ་ཡོད་པས་ངས་རྟག་པར་ཁོར་བྱེ་མ་ཀ་ར་སྟེར་གྱི་ཡོད། འོན་ཀྱང་མཚམས་རེ་ནང་ལ་བྱེ་མ་ཀ་ར་མེད་སྐབས་ངས་ཁོར་གང་ཡང་སྟེར་གྱི་མེད། དེ་ནས་ཁོས་འབྲི་མཚམས་ཡུན་རིང་བཞག་ནས་གློ་བུར་དུ་ཐབས་ཤེས་ཤིག་དྲན་པས། ཁོས་དགའ་སྣང་དང་བཅས་གད་མོ་ཞིག་བགད་པ་དང་མགྱོགས་པོ་འབྲི་འགོ་བཙུགས། ངས་སེང་ཕྲུག་སྐད་གཏོང་དགོས་དུས་སེང་ཕྲུག་ཅེས་འབོད་ཀྱི་ཡོད། གལ་སྲིད་ད་དུང་ཚུར་མ་ཡོང་ན་ངས་ཡང་བསྐྱར་སེང་ཕྲུག སེང་ཕྲུག སེང་ཕྲུག་ཅེས་སྐད་བཏང་ནས་སྡོད་ཀྱི་ཡོད། ཅེས་བྲིས་ནས་ཡི་གེར་གྲངས་ཀ་རྒྱག་སྐབས་ཡིག་འབྲུ་ ༡༤༩ བྱུང་ཡོད། ཁོས་སླར་ཡང་སེང་ཕྲུག་ཅེས་ཁ་སྣོན་བརྒྱབ་ནས། ཚོད་ལྟའི་རྒྱུགས་ཤོག་གི་གཤམ་དུ་ཁོ་རང་གི་མིང་བྲིས་རྗེས་རྒྱུགས་ཤོག་རྒན་ལགས་སུ་ཕུལ་ལོ། །