རེ་བ་འདོན་པ། རྐང་འཁོར་བསྐོར་བ། ཉར་འཇོག་བྱེད་པ། རྐང་འཁོར་ལ་ཞོན་པ། ཕྱིར་སློག་བྱེད་པ། དཔེ་ཁུག་འཁུར་བ། རྗེས་སུ་བསྙེགས་པ། བློས་ཐོངས་པ། རིག་པ་སྒྲིམ་པ། བྱི་དོར་བྱེད་པ། གནམ་ལ་བཏགས་པ། སེམས་པ་དགའ་བ།
ཕ་རྒན་གྱིས་རྐང་འཁོར་ཞིག་ཉོས་ནས་ང་ཚོའི་འབྲུ་བླུགས་སའི་མཛོད་ཁང་ཆུང་ཆུང་དེའི་ནང་བཞག ང་ནི་རྐང་འཁོར་དེ་ལ་བཞོན་འདོད་ཀྱི་འདུན་པ་ཤུགས་ཆེ་བས་ངས་ཕ་རྒན་ལ་རེ་བ་འདོན་སྐབས། ཨ་ཕས་ང་ལ་”ད་ལྟ་ཆུང་དྲགས་པས་རྐང་འཁོར་འདི་འདྲ་ཆེན་པོ་ཞིག་བསྐོར་མི་ཐུབ། ཁྱོད་ནར་སོན་པའི་བར་དུ་དེ་སུ་ལ་ཡང་མི་སྟེར་བར་ཉར་འཇོག་བྱེད་དགོས། དེ་དུས་བཞོན་དང་འཕྱིས་ཡོད་པ་མ་རེད་”ཟེར། ཉིན་ཁ་ཤས་ཀྱི་རྗེས་སུ་ང་ཚོའི་ནང་ལ་རྐང་འཁོར་གཡོར་མཁན་རབས་དང་རིམ་པ་ཞིག་སླེབས་སོང་། ཕ་རྒན་གྱིས་ཁོང་ཚོར་རྐང་འཁོར་ལ་ཞོན་པ་ནི་རྟ་ལ་ཞོན་པ་ལྟར་ལས་སླ་པོ་ཞིག་མིན་པས། གཡར་ཆོག་ཀྱང་ཞོན་མི་ཤེས་ན་ཉེན་ཁ་ཡོད་ཅེས་ཕྱིར་སློག་བྱས། ཕུ་བོས་ང་ལ་དབང་བའི་རྐང་འཁོར་དེ་ང་ཚོའི་འབྲུ་མཛོད་ཀྱི་སྦུག་ནས་ཕྱི་རུ་དེད་སོང་། ངས་རང་གི་དཔེ་ཁུག་རྒྱབ་ཏུ་འཁུར་ཏེ་ཁོའི་རྗེས་སུ་བསྙེགས་ཏེ་ཡུད་ཙམ་ལ་བསྐྱོད་པ་དང་། དེ་ནི་རྐང་འཁོར་བློས་མི་ཐོངས་ནས། ངས་”ཕུ་བོ་ཁྱོད་ཀྱིས་ངའི་རྐང་འཁོར་དེད་ནས་འགྲོ་བ་ལས་བཞོན་མི་ཆོག་”ཅེས་བཤད་པ་ཡིན། ཕུ་བོས་ངའི་གཅེས་ནོར་ལྟ་བུའི་རྐང་འཁོར་ལ་བཞོན་ནས་བུད་སོང་། ཉིན་དེར་སློབ་ཐུན་ཐོག་སྒོ་སམ་སྟེང་གི་ཡི་གེ་དང་ཁྲིད་སྟེགས་ཐོག་གི་དགེ་རྒན་གྱི་གསུང་ལ་ངས་རིག་པ་རྩེ་གཅིག་ཏུ་སྒྲིམ་མ་ཐུབ། ངའི་ཕ་རྒན་གྱིས་རྐང་འཁོར་ལ་བྱི་དོར་བྱེད་བཞིན་འདུག་ཅིང་། ཅི་ཞིག་བྱུང་བ་ཡིན་ནམ། ཕུ་བོ་ནི་ཁྱམས་རའི་ས་སྟེགས་སུ་ཉམ་ཆུང་གིས་བསྡད་འདུག དེ་ནི་ཕུ་བོས་ངའི་རྐང་འཁོར་གྱི་འཁོར་ལོ་སྔོན་མའི་འདམ་འགོག་ལྕགས་ལེབ་དེ་བལྟབས་ཐོག་རྩི་ནག་པོ་དེ་ཡང་བཀོག་འདུག ངས་ངང་ཚུལ་དེ་མཐོང་བ་ན་ཞེ་ཕངས་པས་ངག་ནས་དབང་མེད་དུ་”ཨ་ཙི། ངའི་རྐང་འཁོར་”ཞེས་ཤོར་སོང་། ད་དུང་ཕ་རྒན་ལ་”ཨ་ཕ། ཁྱོད་ཀྱིས་ང་ཆེན་པོ་ཆགས་པའི་བར་དུ་རྐང་འཁོར་ཉར་འཇོག་བྱས་ནས་སུ་ལ་ཡང་བཞོན་དུ་མི་འཇུག་ཅེས་བཤད་པ་མིན་ནམ་ཞེས་བཤད། ཡིན་ཡང་ད་ནས་བཟུང་ཨ་ཕས་སུ་ལ་ཡང་གཡོར་མི་ཆོག་”ཟེར། ཕ་རྒན་གྱིས་”ད་ནས་བཟུང་མཛོད་ཁང་གི་སྦུག་ཅིག་ཏུ་བཞག་ནས་ཕྱིར་འཁྱེར་མི་ཡོང་”ཟེར་། དེ་ལ་ཕུ་བོས་”རྐང་འཁོར་དུས་ཡུན་རིང་པོར་མ་བསྒུལ་བར་ས་ལ་བཞག་ན་རྐྱལ་བར་གནོད་སྐྱོན་ཐེབས་ངེས་རེད་”ཟེར། མཇུག་མཐར་ཕ་རྒན་དང་ཕུ་བོ་གཉིས་ཀྱིས་ཤུགས་བཀོལ་ནས་ངའི་གཅེས་ནོར་ཏེ་རྐང་འཁོར་དེ་འབྲུ་ཁང་དུ་གནམ་ལ་བཏགས་ནས་བཞག་སོང་བས་ང་སེམས་པ་དགའ་བོའི་ངང་ཕྱི་སྒོའི་ཕྱོགས་སུ་སོང་།
 
མཆན་འགྲེལ།
མཛོད། དངོས་རིགས་གསོག་འཇོག་གམ་འཇོག་སའི་ཡུལ། སྟེར། སྤྲད་པ། འཕྱིས། གཏན་ཁེལ་གྱི་དུས་ལས་འདས་པ། དབང་བ། བདག་པ། ཁྲིད་སྟེགས། སློབ་ཁྲིད་བྱེད་སའི་སྟེགས་བུ། བྱི་དོར། གད་སྙིགས་འཕྱག་པ། ཞེ་ཕངས་པ། སེར་སྣ་སྐྱེས་པ། རྐྱལ་བ། འགྱིག་འཁོར། གཅེས་ནོར། རྩ་ཆེན་དུ་རྩི་བའི་དངོས་རྫས། འབྲུ་ཁང་། འབྲུ་རིགས་འཇོག་སའི་ཁང་པ། བཏགས། ཐག་པ་སོགས་ཀྱིས་སྦྲེལ་བ།