བསོད་ནམས་མཚོ། གཞི་རིམ་བར་མའི་བོད་དགེ ཅོན་ཏ་ར་བོད་ཁྱིམ།

གནའ་སྔ་མོ་སྔ་མོའི་དུས་ཚོད་ཞིག་ལ། གསེར་མོ་ལྗོངས་ཟེར་བའི་ཡུལ་ཞིག་ཡོད། ཡུལ་དེ་ནི་མཛེས་ཤིང་ལྟ་ན་སྡུག་ལ་དེར་ནམ་དུས་བཞི་གསལ་པོའི་ངང་མངོན་ཐུབ། དེ་ཡང་དབྱར་དུས་སུ་མེ་ཏོག་འདྲ་མིན་སྣ་ཚོགས་བཞད་པ་མ་ཟད། སྤང་ལྗོངས་སུ་རྟ་ནོར་ལུག་གསུམ་གྱི་ཁེངས་ཡོད།
ཡུལ་དེའི་མི་མང་རྣམས་ནི་ཆོས་དད་ཆེ་ལ་ཕན་ཚུན་དབར་བྱམས་པ་དང་སྙིང་རྗེ་ལྡན་པ། ལྷག་བསམ་རྣམ་པར་དག་པའི་བསམ་བློ་ཡོད་མཁན་མང་པོ་ཡོད། རྒན་པ་རྣམས་ཀྱིས་ཆུང་བ་རྣམས་ལ་བྱམས་སྐྱོང་དང་། ཆུང་བ་རྣམས་ཀྱིས་རྒན་པ་ཚོར་གུས་ཞབས་དང་གུས་བསྟི་ཆེན་པོ་ཡོད་པའི་ཡུལ་སྡེ་ཁྱད་དུ་འཕགས་པ་ཞིག་ཡིན།
ཡུལ་དེའི་ནང་རྒྱལ་པོ་ཞིག་ཡོད་པས། རྒྱལ་པོ་དེས་དུས་དང་རྣམ་པ་ཀུན་ཏུ་འདོད་རྔམ་ཤ་སྟག་བྱེད་ཀྱི་ཡོད་པ་མ་ཟད། གླེན་ལྐུགས་ཅན་ཞིག་ཀྱང་ཡིན། རྒྱལ་པོས་རྒྱུན་དུ་འབངས་མི་སར་ལ་ཡོད་པའི་ཅ་ལག་དང་། སྒོ་ཕྱུགས་སེམས་ཅན། གཞན་ཡང་རྒྱན་ཆ་སོགས་དམིགས་བསལ་དེ་འདྲ་ཡོད་པ། རྒྱལ་པོས་རང་ཉིད་ཀྱི་མཐོང་བའམ་ཡང་ན་མི་གཞན་གྱི་བཤད་པ་དང་གོ་བ་སོགས་བྱུང་ཚེ། རང་ཉིད་ལ་རག་ཐབས་བྱེད་ཀྱི་ཡོད།
དེ་ནས་རྒྱལ་པོས་མི་མང་མང་པོ་ཞིག་གི་འགྲམ་ནས་གསེར་དང་། དངུལ། མུ་ཏིག རྡོ་རྗེ་ཕ་ལམ་ལ་སོགས་པའི་རིན་པོ་ཆེའི་རིགས་མང་པོ་འཕྲོག་གི་ཡོད་པ་རེད། དེ་བཞིན་དུ་སྒོ་ཕྱུགས་སེམས་ཅན་དམིགས་བསལ་དེ་འདྲ་ཡོད་ན་རིན་གོང་ཉུང་ངུར་སྤྲད་ནས་ཉོ་ཡི་ཡོད།
རྒྱལ་པོ་དེར་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་རྒྱུན་དུ་གཏམ་རྒྱུད་དང་རྫུན་གཏམ་གྱི་རིགས་ཉན་རྒྱུར་ཧ་ཅང་གི་དགའ་པོ་ཡོད། ཉིན་ཞིག་རྒྱལ་པོ་དེས་དུས་ཡུན་ཐུང་ཐུང་ཞིག་གི་ནང་རྫུན་གཏམ་གྱི་རིགས་ཉུང་ངུ་ལས་མེད་པ་ཞིག་ཤོད་ཐུབ་མཁན་ཡོད་ན། རྒྱལ་པོ་རང་ཉིད་ཀྱི་བང་མཛོད་ནས་རྒྱུ་ནོར་ཕྱེད་ཀ་རྔན་པར་སྤྲོད་རྒྱུའི་གསལ་བསྒྲགས་གང་སར་སྤེལ་བ་རེད། ཉིན་ཞིག་སྤྱང་གྲུང་ལྡན་པའི་བུ་ཞིག་གིས་གསལ་བསྒྲགས་དེ་མཐོང་མ་ཐག་ཡུལ་དེའི་རྒྱལ་པོའི་དྲུང་དུ་བཅར་བ་རེད། རྫུན་གཏམ་ཤོད་རྒྱུ་ནི་ཧ་ཅང་གི་ལས་སླ་བས་ངས་བཤད་ཆོག་ཞུས་པ་རེད།
དེ་ནས་ཁོས་རྫུན་གཏམ་བཤད་འགོ་ཚུགས་ཀྱི་ཡིན་ཟེར་ནས་སྒྲུང་བཤད་དོན། དེ་ཡང་ཉིན་ཤས་སྔོན་ལ་ངའི་ཁྱིམ་མཚེས་ཀྱི་རྟ་རྒོད་མ་དེ་བརླགས་པ་རེད། ང་ཚོས་རི་མཐོ་རིང་མཐོ་ཚད་སྒང་ལ་ཕྱིན་ནས་བཙལ་ཡང་མཐོང་སར་མིན་འདུག ཡིན་ན་ཡང་ང་རང་གཅིག་པུ་རྩྭ་རྐྱང་རིང་པོ་ཞིག་གི་སྒང་ལ་འཛེག་ནས་ལྟ་དུས་རྨ་ཆུའི་ཕ་རོལ་ལ་འདུག་པ་མ་ཟད། རྟ་རྒོད་མ་དེ་ལ་རྟེའུ་ཞིག་ཀྱང་བཙས་འདུག་པས། ང་རྒྱུག་ཤར་གློད་ནས་རྨ་ཆུའི་ཕ་རོལ་དུ་ཕྱིན་པ་ཡིན། ངས་རྒོད་མ་བཞོན་དེ་རྟེའུ་མཆན་ཁུང་འོག་ཏུ་བཅུག་ནས་ཡོང་བ་ཡིན་ཡང་། རྒོད་མ་དེ་ཁྱ་རེ་ཁྱོ་རེ་བྱས་པ་ལས་འགྲོ་ཐུབ་ཀྱི་མི་འདུག དེ་ནས་ངས་རྟེའུ་དེར་བཞོན་ནས་རྒོད་མ་མཆན་ཁུང་འོག་ཏུ་བཅུག་ནས་ཡོང་བས་ལམ་བར་དུ་དཀའ་ངལ་གང་ཡང་འཕྲད་མ་སོང་། རྟེའུ་བཞོན་ནས་ཡོང་བཞིན་པའི་ལམ་བར་དུ་ཨ་བྲ་ཞིག་དང་འཕྲད་ནས་ངས་གྲི་ཞིག་བཞུས་པས། ཨ་བྲ་དེའི་རྒྱུ་མ་ས་ལ་དྲུད་ནས་བྲོས་ཕྱིན་སོང་། ཡང་བསྐྱར་ལམ་བར་དུ་འབུ་ཨ་མ་སྲན་མོ་ཞིག་མཐོང་ནས་གྲི་ཞིག་བཞུས་པས། ང་ལ་ཚི་ལུ་དཀར་ཡོལ་གཅིག་དང་ཕྱེད་ཀ་རག་བྱུང་། དེ་ནས་ནང་དུ་མ་འབྱོར་གོང་ལམ་བར་དུ་བྲག་ཕུག་ཞིག་གི་ནང་ངལ་གསོ་བརྒྱབས་ནས་མཚན་ཞིག་བསྡད་པ་ཡིན། མཚན་མོར་དེར་ང་མར་མ་ཉལ་སྔོན་ལ་ངས་ལྷམ་གོག་གཡས་པ་དེ་ལ་ཚི་ལུ་དཀར་ཡོལ་གཅིག་དང་ཕྱེད་ཀ་ཡོད་པ་ཆ་ཚང་བྱུགས་པ་ཡིན་ཡང་། ད་དུང་ང་ལ་ཚི་ལུ་དཀར་ཡོལ་གཅིག་དང་ཕྱེད་ཀ་ལྷགས་སོང་། དེ་ནས་ང་ཐང་ཆད་དེ་ཉལ་བ་ཡིན། མཚན་དཀྱིལ་ཙམ་ལ་ངའི་ལྷམ་གོག་གཉིས་པོ་འཁྲུགས་འཛིངས་ཤོར་བཞིན་འདུག་པས། ཨོ་ཙི། ཁྱེད་གཉིས་ག་རེ་བྱས་སོང་ཞུས་ཀྱང་ཨ་ལན་མེད་སྟབས། ང་ཁོང་ཁྲོ་ཞེ་དྲགས་ལངས་ཏེ་ཚི་ལུ་བྱུགས་པའི་ལྷམ་གོག་དེར་རྡོག་རྒྱག་གཅིག་དང་། གཞན་དེར་རྡོག་རྒྱག་གཉིས་བཞུས་པ་ཡིན། གང་འཚམས་གཅིག་གི་རྗེས་སུ་ལྟ་དུས་ཚི་ལུ་བྱུགས་པའི་ལྷམ་གོག་དེ་མཐོང་སར་མེད་པར་བྲོས་ཚར་འདུག
དེ་ནས་སླར་ཡང་ང་ཉལ་པ་ཡིན། ནམ་ཕྱེད་གཡས་གཡོན་ཙམ་ལ་བྲག་ཕུག་སྒོ་འགྲམ་དུ་སྔར་ལས་ལྷག་པའི་སྐད་ཅོར་ཆེན་པོ་ཞིག་གོ་སོང་བས། བསྐྱར་དུ་གཉིད་སད་ནས་བལྟ་བར་ཕྱིན་པས། གཡག་རྭ་མེད་ཞིག་དང་གཡག་རྔ་མེད་གཉིས་འཛིང་གི་འདུག དེ་ནས་ངས་གོས་གཅིག་ཀྱང་མ་གྱོན་ནས་བྲག་ཕུག་ཕྱི་ལ་ཐོན་ནས་རྡོ་རུམ་གང་ཁྱེར་ནས་ཡོང་བ་ཡིན། གཡག་རྭ་མེད་ཀྱི་རྭ་ཅོ་ལ་རྡོ་གཅིག་བཞུས་ནས་རྭ་ཅོ་དེ་ས་ལ་ཟགས་པ་དང་། དེ་ནས་གཡག་རྔ་མེད་ཀྱི་རྔ་མར་རྡོ་གཅིག་བཞུས་ནས་རྔ་མ་དུམ་བུར་ཆད་སོང་།
དེ་ནས་སང་ཉིན་ནམ་ལངས་མ་ཐག་ཏུ་བྲག་ཕུག་ནས་ཕྱིར་ཐོན་ཏེ་ནང་དུ་ལོགས་སྐབས་ལམ་དཀྱིལ་ཙམ་ནས་སྦྲང་མ་གཅིག་གིས་སྦྲང་ཚང་མཐོང་བྱུང་བས་ངས་སྦྲང་ཚང་ནང་ལྟ་སྐབས་སྦྲང་རྩི་རྫ་བུམ་གསུམ་དང་ཕྱེད་ཀ་བསགས་འདུག་པས། ངས་སྦྲང་རྩི་ཆ་ཚང་ཁྱེར་ནས་ནང་དུ་ལོགས་རྩིས་བྱས་པ་ཡིན། ཡིན་ན་ཡང་ལམ་བར་དུ་གྲོད་ཁོག་ལྟོགས་ནས་སྦྲང་རྩི་ཆ་ཚང་བཏུངས་པ་ཡིན། ད་དུང་ང་ལ་སྦྲང་རྩི་རྫ་བུམ་ཕྱེད་ཀ་མ་གཏོགས་བཞི་ཙམ་ལྷགས་སོང་། དེ་ནས་སྦྲང་མ་དེེས་ཧ་གོ་ནས་ངའི་རྗེས་སུ་མགྱོགས་ནས་སླེབས་བྱུང་བས། སྦྲང་མ་དང་ངེད་གཉིས་ཡུན་རིང་ཞིག་ལ་ཁ་བརྡ་བྱས་ནས་སྡོད་དགོས་བྱུང་། དེ་ནས་མུ་མཐུད་ནས་ནང་དུ་ལོག་ཡོང་བ་ཡིན། ཡོང་ཡོང་བའི་ལམ་དུ་འབུ་གྲོག་མ་སྐྱོ་མདོག་ཁ་པོ་གཉིས་མཉམ་དུ་ལག་འཛིང་ཤོར་ནས་གྲོག་མ་གཅིག་གི་ལག་པ་གཅིག་མཐོང་སར་མི་འདུག གྲོག་མ་གཞན་དེའི་སྐེད་པ་བཅག་ནས་འགྲོ་ཐུབ་ཐབས་བྲལ་བའི་སྐབས་ངས་གྲོག་མ་གཉིས་པོར་བསླབ་བྱ་གང་མང་བརྒྱབས་པ་ཡིན།
དེ་ནས་ངས་མུ་མཐུད་རྟེའུ་བཞོན་ནས་རྒོད་མ་མཆན་འོག་ཏུ་བཅུག་སྟེ་ཡོང་བ་མི་མང་པོ་ཞིག་གིས་མཐོང་དུས། ཁོ་ཚོའི་ལྟ་སྟངས་ལས་ང་སྙིང་རྗེ་མེད་པའི་མི་ཞིག་རེད་བསམས་པའི་ཚོར་སྣང་ཆེན་པོ་ཞིག་བྱུང་། ཡིན་ན་ཡང་ཁྱིམ་མཚེས་ཀྱི་ནང་མི་རྣམས་ནི་རྒོད་མ་དང་རྟེའུ་མཐོང་ནས་དགའ་ཐག་ཆོད་འདུག དེས་ང་ལ་འགྱོད་པ་མེད་པའི་རྔན་པ་ཆེན་པོ་ཞིག་སྤྲད་པ་མ་ཟད། ཁོ་ཚོའི་ནང་གི་བུ་མོ་དེ་ངར་བག་མར་སྤྲད་བྱུང་། དེ་ནས་བཟུང་ཡུལ་དེའི་ནང་སྒོ་ཕྱུགས་སེམས་ཅན་གང་འདྲ་ཞིག་བོར་བརླག་སོང་བ་ཡིན་ན། ང་རང་གཅིག་པུར་རོགས་པ་བྱེད་རོགས་ལབ་ཀྱི་རེད། བྱས་ཙང་ཡུལ་མི་རྣམས་ཀྱིས་ང་རྒྱལ་པོ་ནང་བཞིན་གྱི་ཆེ་མཐོང་ཆེན་པོ་ཞིག་དང་རིན་ཐང་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་རེད་ཅེས། རྫུན་གཏམ་གྱི་སྒྲུང་མང་པོ་ཆུ་རྒྱུག་རྒྱུག་བཤད་པས། རྒྱལ་པོ་དང་གཡས་གཡོན་གྱི་མི་ཚང་མ་བུ་དེའི་རིག་པ་དང་ངག་རྩལ་ལ་ཧང་སང་བ་མ་ཟད། བསྟོད་བསྔགས་ཚད་མེད་བཏང་སྟེ། གླེན་ལྐུགས་ཅན་དེར་རྒྱལ་པོའི་བང་མཛོད་ནས་རྒྱུ་ནོར་ཕྱེད་ཀ་ཏག་ཏག་ཤོར་བ་རེད། སྤྱང་གྲུང་ལྡན་པའི་བུ་དེ་ནི་སམས་བཟང་ཅན་ཞིག་ཡིན་པས། ཁོ་ལ་རྒྱུ་ནོར་ཐོབ་པ་ཕྱེད་ཀ་ཙམ་ཞིག་དབུལ་པོར་སྦྱིན་ནོ།།