ལྟད་མོ་བལྟ་བ། ཆུ་ཁུར་བ། ངོ་སྤྲོད་བྱེད་པ། ལྭ་བ་གྱོན་པ། སྐོར་བ་བརྒྱབ་པ། བྱེ་རིལ་གཡུགས་པ། གད་མོ་ཤོར་བ། མིག་ཆུ་བཞུར་བ། ལྕགས་རྟ་བཞོན་པ། ཟུག་བཏང་བ། མཛེས་སྤྲས་བྱེད་པ། ལག་ཁུག་བཟུང་བ། ཉི་གདུགས་བཀར་བ། གོམ་པ་སྤོ་བ། ཐལ་མོ་བརྡབས་པ། འཁྲབ་སྟོན་བྱེད་པ། ཡིད་དབང་དྲངས་པ། གཟབ་གཟབ་བྱེད་པ། སྦྱོང་བརྡར་སྤྲད་པ། ཁ་ལ་ཉན་པ།
རེས་གཟའ་ཉི་མར་དགེ་རྒན་གྱིས་ང་ཚོ་ཁྲིད་ནས་ལུས་རྩལ་ཁང་དུ་སོང་སྟེ་སྲོག་ཆགས་ཀྱི་ལྟད་མོ་ཡག་པོ་ཞིག་ལ་བལྟས་པ་ཡིན། ཐོག་མར་སྤྲེའུ་ཡིས་ཆུ་ཁུར་བ་ངོ་སྤྲོད་བྱེད་པ་དང། སྤྲེའུས་བྱིས་པའི་ལྭ་བ་གྱོན་ཏེ་ཆུ་ཟོ་ཆུང་ཆུང་ཞིག་ཁུར་ནས་མི་ཞིག་དང་འདྲ་བར་རྩེད་ར་ལ་བསྐོར་བ་བརྒྱབ། ལྟ་མཁན་ལ་ལས་སྤྲེའུ་ཡི་མདུན་ལ་བྱེ་རིལ་གཡུགས་པས། སྤྲེའུས་ཆུ་ཟོ་ས་ལ་བཞག་སྟེ་བྱེ་རིལ་ཁ་ནང་དུ་བཅུག ཁོའི་སྦྱིན་བདག་ཚུར་ཡོང་མ་ཐག་སྤྲེའུས་མྱུར་དུ་ཆུ་ཟོ་ཁུར་ནས་མུ་མཐུད་དུ་སྔོན་ལ་བརྒྱུགས། ཆུ་ཟོ་ནང་གི་ཆུ་རྣམས་འཕོས་ཏེ་རྫོགས་ལ་ཉེ་ཡང་སྤྲེའུས་སྔར་བཞིན་མདུན་དུ་བརྒྱུགས་པས། ཁོའི་པྲ་ཚག་གི་ཚུགས་ཀ་དེས་ལྟད་མོ་ལྟ་མཁན་རྣམས་གད་མོ་ཤོར་ཏེ་མིག་ཆུའང་བཞུར་བར་བྱས།
སྤྲེའུ་ཆུང་ད་དུང་ལྕགས་རྟའང་ཞོན་ཤེས་ཀྱི་འདུག ལྟོས་དང། སྤྲེལ་རྒན་ཞིག་ལྕགས་རྟ་ཆུང་ཆུང་ཞིག་ལ་ཞོན་མ་ཐག་སྤྲེའུ་ཆུང་ཆུང་ཞིག་གིས་ཀུ་ཤུ་ལག་ལ་བཟུང་སྟེ་ལྕགས་རྟ་སྟེང་དུ་མཆོངས། ལྕགས་རྟ་གློ་བུར་དུ་ས་ལ་ལོག་པས། སྤྲེའུ་དེ་གཉིས་མཉམ་དུ་ཕྱོགས་ཤིག་ཏུ་བྲོས། མཚམས་དེར་ང་བགད་ནས་ཕོ་བའང་ན་ཟུག་བཏང།
སྤྲེའུ་ཆུང་གིས་འཁྲབ་སྟོན་ཚར་རྗེས། དོམ་ཆུང་རྩེད་ར་ལ་ཐོན། དོམ་ཆུང་གིས་དེ་རིང་མཛེས་སྤྲས་བྱས་པས་ཧ་ཅང་སྙིང་རྗེ་པོ་འདུག། ཁོ་མོས་སྨད་གཡོགས་ཁྲ་ཁྲ་ཞིག་གྱོན་ཅིང་། ལག་ལ་ཁུག་མ་ཞིག་བཟུང་བ་དང། ད་དུང་ཉི་གདུགས་ཤིག་སྦར་ཏེ་ལྕགས་སྐུད་ཀྱི་སྟེང་དུ་དལ་མོར་འགྲོ་བཞིན་ས་ལ་ལྷུང་པར་སྐྲག་སྟེ་གོམ་པ་རེ་སྤོས་རྗེས་ས་ལ་ཐེངས་གཅིག་ལྟ་མོད། འོན་ཀྱང་འཚུབ་ཆ་སྤུ་ཙམ་ཡང་མེད་པར་མུ་མཐུད་ནས་མདུན་དུ་འགྲོ། ཁོའི་ཚུགས་ཀ་དེས་མི་རྣམས་ཀྱི་ཡིད་དབང་དྲངས།
དེར་མཐུད་ནས་ར་ཡང་ལྕགས་སྐུད་ཀྱི་སྟེང་དུ་འགྲོ་བ་འཁྲབ་སྟོན་བྱས། རྨིག་བཞི་ཆུང་དྲགས་པས་གཟབ་གཟབ་ཅུང་ཙམ་མ་བྱས་ཚེ་ས་ལ་ལྷུང་ཉེན་ཆེ་མོད། འོན་ཀྱང་འཚུབ་ཆ་སྤུ་ཙམ་མེད་པར་གོམ་པ་གཅིག་གཅིག་བྱས་ཏེ་མདུན་དུ་ཕྱིན། ངས་བར་མཚམས་མེད་པར་ར་ཡི་འཁྲབ་སྟོན་དེར་ཐལ་མོ་བརྡབས། སྲོག་ཆགས་ཀྱི་ལྟད་མོ་གཅིག་གི་རྗེས་སུ་གཅིག་མཐུད་པ་དང། ངའི་སེམས་ལ་མི་འདི་དག་ཇི་འདྲའི་བློ་གྲོས་ལྡན་པ་ལ་ཨང་སྙམ། མ་རབས་པྲ་ཚག་གི་སྤྲེའུ་ཡང་སྦྱོང་བརྡར་སྤྲད་དེ་ཅི་འདྲའི་ཁ་ལ་ཉན་པ་ཞིག་བཟོས་མི་འདུག་གམ།
 
བྱ་ཚིག།
ཁྲིད། སོང་། བལྟས། ཁུར། བྱེད། གྱོན། བརྒྱབ། གཡུགས། བཞག བཅུག ཡོང་། བརྒྱུགས། འཕོས། རྫོགས། ཤོར། བཞུར། ཞོན། ལྟོས། བཟུང་། མཆོངས། ལོག བྲོས། བགད། བཏང་། ཐོན། སྤྲས། བཟུང་། སྦར། འགྲོ། སྐྲག སྤོས། ལྟ། འགྲོ། དྲངས། ལྷུང་། ཕྱིན། བརྡབས། སྙམ། སྤྲད། བཟོས།