བསོད་ནམས་མཚོ།
ཅོན་ཏ་ར་བོད་ཁྱིམ་སློབ་གྲྭ། བོད་དགེ

སྤྱིར་དགེ་རྒན་སོ་སོར་སློབ་ཁྲིད་ཐབས་ལམ་ལམ་འཆད་ཉན་བྱེད་སྲོལ་མི་འདྲ་བ་དུ་མ་ཡོད་པ་བཞིན་དུ་གུས་མོ་ང་རང་ལ་ཡང་སློབ་ཁྲིད་ཐབས་ལམ་ཞིག་ཡོད་པ་ལས། བདག་གིས་སློབ་ཁྲིད་ཐབས་ལམ་དེ་ནི་ཤེས་ཡོན་སྲིད་བྱུས་གསར་བའི་དགོངས་དོན་ལྟར་བྱེད་དང་བྱེད་བཞིན་ཡོད། དེ་ཡང་དགེ་རྒན་དབུས་སུ་བཞག་པའི་ཤེས་ཡོན་གྱི་ལམ་སྲོལ་དེ་གཟུང་རྒྱུ། འོན་ཀྱང་དགེ་རྒན་གྱིས་སློབ་ཕྲུག་ལ་དངོས་སུ་སློབ་སྟོན་བྱེད་སྐབས་སློབ་ཕྲུག་དབུས་སུ་བཞག་པའི་སྒོ་ནས་སློབ་ཁྲིད་བྱེད་བཞིན་ཡོད། ཡིན་ནའང་སློབ་མ་ལ་ཤེས་ཡོན་སློབ་ཁྲིད་བྱེད་སྐབས་ཕན་པའི་འབྲས་བུ་ཞིག་སོན་དང་མི་སོན་གཙོ་བོ་དགེ་རྒན་ང་རང་ཚོ་ལ་རག་ལས་པས་དགེ་རྒན་དབུས་སུ་མཚམས་རེ་བཞག་དགོས་ཀྱི་འདུག སློབ་ཁྲིད་གང་བྱེད་དང་ཇི་ལྟར་བྱེད་དགོས་པ་སོགས་ནི་སློབ་མ་ལ་ལྟོས་ནས་བྱེད་དགོས་པ་དང་། དེ་དག་ལ་ཕན་པར་འགྱུར་ཐབས་ཐོག་ནས་བྱེད་དགོས་པ་ནི་བདག་ལ་མཚོན་ན་གལ་གནད་ཆེན་པོ་མཐོང་པར་མངོན།
སློབ་ཁྲིད་ཐབས་ལམ་ལས་དགེ་རྒན་ལ་ཚང་དགོས་པའི་ཁྱད་ཆོས། ཐོག་མར་དགེ་རྒན་རང་ཉིད་ལ་སློབ་ཁྲིད་བྱེད་འདོད་ཀྱི་འདུན་པ་དང་། དབྱིངས། བཅོས་མིན་གྱི་བསམ་བློའི་ནུས་ཤུགས་ཡོད་དགོས། དམིགས་བསལ་དགེ་རྒན་ལ་ཀུན་སློང་བཟང་པོ་ཞིག་དང་། བྱམས་བརྩེ། ཧུར་བརྩོན་གྱི་སེམས་ཤུགས་སམ་ལྷག་བསམ། བཟོད་སྒོམ། བློས་གཏོང་བཅས་བྱེད་ཐུབ་དགོས་པ་ནི་གལ་འགངས་ཆེ། དེ་ལྟ་བུའི་སེམས་ཤུགས་ཡོད་ཚེ་རང་ཉིད་ཀྱི་སློབ་མའི་སེམས་ལ་བག་ཆགས་ཟབ་མོ་འཇོག་རྒྱུར་ནུས་པ་རླབས་ཆེན་པོ་ཞིག་ལྡན་ཡོད། །
དེར་བརྟེན། སློབ་ཕྲུག་དེ་དག་གི་སློབ་ཁྲིད་ལ་དགའ་མོས་དང་སློབ་མར་ཤ་ཚ་ཇི་ཙམ་ཡོད་མེད་གསལ་པོ་ཤེས་ཐུབ། རྒྱུན་དུ་དགེ་རྒན་རང་ཉིད་ཀྱིས་སློབ་མར་སེམས་ཁུར་དང་། བྱམས་སྐྱོང་བྱེད་མཁན་ཞིག་ཡིན་ན་རང་གི་འཛིན་གྲྭའི་སློབ་མ་ཚོས་རང་བཞིན་གྱིས་དགེ་རྒན་ལ་བསམ་ཤེས་བྱེད་ཀྱི་འདུག་ལ། སློབ་ཚན་མགྱོགས་པོ་ཤེས་ཐུབ་པའི་ནུས་པ་ཡང་བསྐྲུན་ཐུབ་པ་ནི་གསལ་པོ་རེད།
སློབ་ཁྲིད་ཐབས་ལམ་ཁྲོད་ཀྱི་གལ་ཆེའི་གནད་དོན། ང་ཚོས་སློབ་ཕྲུག་ཚོར་བརྩི་འཇོག་བྱེད་དགོས་པ་དང་། ལྷག་པར་ཕྲུ་གུའི་ཤེས་ཚད་ལ་དཔགས་པའི་སྐད་ཆ་ཤོད་དགོས་པ་ལས། ཁོང་ཚོར་ཚིག་རྩུབ་དང་གཤེ་གཤེ་ཁོ་ནའི་རིགས་བརྗོད་མི་ཉན། རྒྱུ་མཚན་ནི་ང་རང་ཚོ་ཡང་སློབ་གྲྭར་ཕྱིན་པ་རེད། བྱས་ཙང་ང་རང་ཚོ་དུས་དང་རྣམ་པ་ཀུན་ཏུ་སྣེ་ཁྲིད་མཁན་ཞིག་ཡིན་བསམ་པའི་ངང་ནས་བྱམས་བརྩེ་དང་། བསམ་ཤེས་ལྡན་པའི་སྒོ་ནས་སློབ་མ་ཚོར་མིག་དཔེ་བཟང་པོ་ཞིག་སྟོན་དགོས་པ་ནི་ང་ཚོའི་འོས་འགན་ཆགས་ཡོད་ལ། ང་རང་ཚོ་སློབ་མ་དེ་དག་གི་ལམ་སྟོན་མཁན་ཞིག་ཡིན་པར་སོང་སློབ་ཕྲུག་ནང་ཁུལ་དང་། ཕན་ཚུན་དབར་ལ་བསམ་ཤེས་དང་བྱམས་བརྩེ་ཡོང་བ་བྱེད་དགོས་པ་མ་ཟད། འདྲ་མཉམ་གྱི་ལྟ་བ་དང་དྲང་བདེན་སོགས་ཀྱི་སྒོ་ནས་སློབ་མ་སྐྱོང་དགོས་པ་མ་གཏོགས་ཉེ་དགའ་ཕྱོགས་ཞེན་སོགས་རྩ་བ་ནས་བྱ་མི་རུང་སྙམ་པའི་ཀུན་སློང་གཙང་མ་ཞིག་བདག་ལ་ཡོད།
དགེ་རྒན་གྱི་སློབ་ཁྲིད་གནང་ཕྱོགས་སྐོར་ལ་གླེང་བ། དེ་ཡང་དགེ་རྒན་རང་ཉིད་ཀྱི་ཁྲིད་བྱའི་སློབ་ཚན་གང་ཡིན་པ་དེ་རང་ཉིད་ཀྱིས་དོ་སྣང་བྱེད་དགོས་པ་ནི་གལ་གནད་ཆེན་པོར་རྩི་དགོས་ཀྱི་འདུག སློབ་ཚན་ལ་དབྱིངས་དང་སྤྲོ་སྣང་ལྡན་པའི་སྒོ་ནས་སློབ་ཁྲིད་ཀྱི་རྣམ་པ་འགྱུར་ཐུབ་པར་བཟོ་རྒྱུ་ཡང་གལ་ཆེ། དེ་བཞིན་དུ་དགེ་རྒན་གྱིས་སློབ་ཚན་མ་བསླབ་སྔོན་དུ་སློབ་མ་ཚོར་ཅི་ཞིག་སློབ་ཁྲིད་བྱ་རྒྱུ་ཡིན་སྐོར་དང་། དེའི་དགོས་དམིགས་བརྗོད་རྒྱུ་ཧ་ཅང་གལ་ཆེ། སློབ་ཚན་ཁྲིད་གཞིའི་དགེ་མཚན་དང་བརྗོད་དོན་སྙིང་པོ་ཤེས་ཐུབ་པའི་ནུས་པ་བསྐྲུན་ཐུབ། ། ལྷག་པར་དུ་སློབ་ཁྲིད་ཇི་ལྟར་བྱ་རྒྱུ་ཡིན་མིན་ཁ་གསལ་པོ་དགོས་པ་དང་། མིང་ཚིག་དང་བྱ་ཚིག་ཙམ་མ་གཏོགས་སློབ་ཀྱི་མེད་ཀྱང་། མིང་ཚིག་དེ་དང་བྱ་ཚིག་དེ་བེད་སྤྱོད་བྱེད་སྟངས་དང་སློབ་ཁྲིད་བྱེད་སྐབས་ཚང་དགོས་པའི་ཡོ་ཆས་སོགས་ཡིན་ཅིག་དགོས། སློབ་ཁྲིད་བྱེད་སྐབས་གཟབ་ནན་དང་། བསམ་གཞིགས་ཆེ་བ། འཆར་འགོད་ལྡན་པ་བཅས་ནི་སློབ་ཁྲིད་ཐབས་ལམ་གྱི་གྲུབ་ཆ་ངེས་ཅན་ཞིག་ཡིན་ལ་མེད་དུ་མི་རུང་བ་ཞིག་ཀྱང་ཡིན།
སློབ་ཁྲིད་ཐབས་ལམ་དང་འབྲེལ་བའི་བྱེད་སྒོ་འགའ་བརྗོད་འདོད་པ།
དང་པོ། སློབ་མ་དབུས་བཞག་གཙོ་བོར་འཛིན་རྒྱུ། དེ་ཡང་རང་ཉིད་ཀྱི་ངོས་ནས་སློབ་གྲྭ་དེ་སློབ་མའི་ཆེད་དུ་བཙུགས་པ་ཞིག་མ་གཏོགས་དགོས་དམིགས་གཞན་མེད་པ་ཞིག་མཐོང་། དེར་བརྟེན་སློབ་མའི་ཤེས་ཡོན་དང་བཟང་སྤྱོད་གོང་འཕེལ་གཏོང་ཐབས་ལ་དམིགས་པ་མ་ཟད། དོན་དངོས་ཐོག་རང་ཉིད་ཀྱི་ལག་ལེན་བསྟར་དགོས་པ་དེ་སློབ་མའི་སློབ་སྦྱོང་ཡིན་པས། དེ་ལ་རང་ཉིད་ཀྱི་དམིགས་ཡུལ་ཐོག་ཕན་ཐོགས་པ་ཞིག་ངེས་པར་དུ་དགོས་པ་མ་གཏོགས་དཔལ་འབྱོར་དང་སྐད་གྲགས། དེ་བཞིན་དུ་རང་ཉིད་ཀྱི་ཉམས་མྱོང་གསོག་ས་ཙམ་དུ་ལས་ཀ་བྱས་ན་མི་ལེགས་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། བྱས་ཙང་རང་ཉིད་ཀྱི་ངོས་ནས་གང་ཐུབ་ཀྱིས་སློབ་མ་རྣམས་ལ་ཕན་ཐོགས་པ་དང་། གང་བསླབས་པ་དེ་སློབ་མས་ཤེས་པ་ཞིག་བཟོ་དགོས་འདུག་བསམ་པའི་ཀུན་སློང་གཙང་མའི་ངང་ནས་སློབ་ཁྲིད་བྱེད་བཞིན་ཡོད། །
གཉིས་པ། སློབ་མར་སློབ་སྦྱོང་ལ་དོ་སྣང་དང་དབྱིངས་སླེབས་ཐབས་བྱ་རྒྱུ། སྤྱིར་སློབ་སྦྱོང་ལ་དབྱིངས་སླེབས་ཐབས་གཙོ་བོ་ནི་ཡང་དང་བསྐྱར་དུ་འབྲི་ཀློག་སོགས་བྱེད་དུ་འཇུག་རྒྱུ་དེ་གལ་ཆེན་པོར་མཐོང་། འབྲི་ཀློག་གི་གོམས་གཤིས་དེ་སློབ་མ་རང་ཉིད་ལ་སྒྲིག་འཛུགས་ལྟ་བུ་ཞིག་ཆགས་ན་རང་ངོས་ནས་བྱེད་དགོས་པའི་བསམ་བློ་ཞིག་བསྐྲུན་ཐུབ་པ་མ་ཟད། སློབ་ཕྲུག་རང་ངོས་ནས་འགན་ཁུར་ཏེ་དུས་ཚོད་འཕྲོ་བརླག་ཏུ་མ་བཏང་པར་སློབ་སྦྱོང་ལ་འབད་བརྩོན་བྱེད་ཀྱི་འདུག
གསུམ་པ། སློབ་སྦྱོང་གི་ཁོར་ཡུག་བསྐྲུན་དགོས་གལ་ཆེ། དེ་ཡང་འཛིན་ཁང་ནང་དུ་ཉིན་ལྟར་སློབ་ཚན་ཚོགས་ཀྱི་ཡོད་སྟབས། འཛིན་གྲྭའི་ནང་དུ་སྒྲུང་དེབ་དང་པར་རིགས། སྦྱར་པང་སྟེང་དུ་གཏམ་དཔེ་དང་བསླབ་བྱ་སོགས་ཀྱིས་ཤེས་བྱ་སྣ་ཚོགས་ཤེས་པའི་ཕན་ཐོགས་ཡོད་པ་མ་ཟད། སློབ་མས་ཤེས་འདོད་དང་སྦྱང་འདོད་ཀྱང་བྱེད་ཀྱི་འདུག
བཞི་བ། དགེ་སློབ་དབར་མཐུན་འབྲེལ་ལེགས་དགོས། དེ་ཡང་དགེ་སློབ་ཕན་ཚུན་གཅིག་གི་གཅིག་ངོ་ཤེས་པ་ཙམ་མིན་པར་ཆ་རྒྱུས་ཆ་ཚང་ལོན་དགོས་པ་ནི་ཧ་ཅང་གི་གལ་ཆེན་པོ་མཐོང་བ་མ་ཟད། ཕན་ཚུན་བསམ་ཚུལ་བརྗེ་ལེན་སོགས་བྱེད་ན་བཟང་། དམིགས་བསལ་དགེ་རྒན་གྱིས་ཉེ་དགའ་ཕྱོགས་ཞེན། མཐོང་ཆུང་སོགས་གཏན་ནས་མེད་པའི་སྒོ་ནས་ཤ་ཚ་དང་སྙིང་རྗེ། ཐབས་ཤེས་མཁས་པའི་ཐོག་ནས་སློབ་མར་ལྟ་སྐྱོང་བྱས་ཏེ་སློབ་སྦྱོང་ལ་དབྱིངས་དང་དོ་སྣང་། སྦྱོང་འདོད་པའི་སྤོབས་པ་མི་ཉམས་པ་ཞིག་བྱེད་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་མངོན།
ལྔ་བ། སློབ་ཁྲིད་བྱེད་སྐབས་ཁྲིད་ཆས་ཚང་དགོས། ཁྲིད་ཆས་དེ་ཡང་སློབ་ཕྲུག་ལ་གང་འོས་དང་བེད་སྤྱོད་གཏོང་སྐབས་དགེ་སློབ་ཐུན་མོང་གིས་ཁྲིད་བདེ་བ་དང་། ཤེས་སླ་བ། སློབ་བདེ་བ། བརྗེད་དཀའ་བ་སོགས་ཀྱི་ཁྱད་ཆོས་ལྡན་པ། དེ་བཞིན་དུ་ཁྲིད་ཆས་ག་རེ་དགོས་པ་གྲ་སྒྲིག་ཡོད་དགོས། བེད་སྤྱོད་བྱེད་སྐབས་འོས་ཤིང་འཚམས་པ་ཡོད་ན་དཀའ་ངལ་འཕྲད་ཀྱི་མི་འདུག བྱས་ཙང་ཁྲིད་ཆས་གང་དགོས་པ་དེ་ཏག་ཏག་དགོས་པ་ཡང་གལ་ཆེན་པོ་འདུག ལྷག་པར་དུ་ང་རང་གི་ནག་པང་དང་མཁྲེགས་ཤོག གློག་ཀླད་སོགས་བརྒྱུད་ནས་སློབ་ཁྲིད་བྱེད་ཀྱི་ཡོད་པས། དེ་ལ་ང་རང་ཚོ་དགེ་རྒན་རྣམ་པས་དོ་སྣང་དང་དེ་དག་ལ་མཁས་པར་བྱེད་དགོས་འདུག
སློབ་ཁྲིད་ཐབས་ལམ་སྐབས་ཆ་རྐྱེན་ཚང་དགོས་པའི་གནད་དོན་འགའ་གླེང་བ།
དང་པོ། སློབ་མ་རྣམས་རང་གི་བུ་ཕྲུག་ལྟར་དུ་འཛིན་དགོས། རང་ཉིད་ཀྱི་སློབ་མ་རྣམས་ལ་ཀུན་སློང་གཙང་་མའི་ངང་ནས་སློབ་ཁྲིདཙམ་མིན་པར། བཟང་སྤྱོད་སོགས་ལ་རང་གི་ཕྲུ་གུ་ལྟར་དུ་ལྟ་བཞིན་ཡོད་པ་མ་ཟད། སློབ་ཕྲུག་དེ་ལ་ཕན་བདེ་སྒྲུབ་ཀྱི་ཡིན་བསམ་པའི་འདུ་ཤེས་ཡོད་པའི་ཐོག་ནས་སློབ་ཁྲིད་བྱེད་ཀྱི་ཡོད། །
གཉིས་པ། སློབ་མའི་ཤེས་ཡོན་ལ་དོ་སྣང་བྱེད་དགོས། སློབ་མའི་ཤེས་སྤྱོད་དང་། རང་གི་ཤེས་སྤྱོད་དེ་གཉིས་ཟུང་འབྲེལ་ཐོག་སློབ་མ་རྣམས་ཀྱི་སྒྲིག་ལམ་དང་། འཕྲོད་བསྟེན། སློབ་ཁྲིད་ཐབས་ལམ་སོགས་གང་སྤྱིའི་ཐད་ཡར་རྒྱས་གཏོང་རྒྱུའི་འདུན་པ་ཡང་དགོས་ཀྱི་འདུག
གསུམ་པ། སློབ་མ་ཆ་ཚང་གི་ལོ་རྒྱུས་རྒྱུས་ལོན་དགོས་གལ་ཆེ། དེ་ཡང་སློབ་མ་སོ་སོའི་ལྟ་སྤྱོད་དང་ཕྱི་ནང་གསང་གསུམ་གྱི་གནས་ཚུལ་ཆ་ཚང་ཧ་གོ་བའི་ཐོག་ནས་སློབ་ཁྲིད་བྱེད་སྐབས་དཀའ་ངལ་དམིགས་བསལ་འཕྲད་ཀྱི་མི་འདུག རྒྱུ་མཚན་ནི་སློབ་མ་དེ་དག་ལ་རིག་པ་རབ་འབྲིང་ཐ་གསུམ་ཡོད་པ་བཞིན་དུ་ལོ་རྒྱུས་ཀྱང་འདྲ་མིན་སྣ་ཚོགས་ཡོད་པའི་ཆ་ནས་གནས་ཚུལ་རྟོགས་ཐུབ་པའི་རྐྱེན་གྱིས་དཀའ་ངལ་དེ་ཙམ་འཕྲད་ཀྱི་མི་འདུག
བཞི་བ། དམིགས་བསལ་གྱི་རང་ཉིད་དགེ་རྒན་བྱ་རྒྱུར་སྤྲོ་བ་ལྡན་དགོས། དེ་ཡང་རང་ཉིད་དགེ་རྒན་ཡིན་པའི་སྤྲོ་བ་དང་མོས་མཐུན། དོ་སྣང་དང་དབྱིངས་སོགས་ངེས་པར་དུ་དགོས་འདུག གང་ཡིན་ཟེར་ན་སློབ་མ་ལ་སློབ་ཁྲིད་བྱེད་སྐབས་བྱེད་སྒོ་ཁག་ལ་རང་ཉིད་ཀྱི་ཐབས་འཚོལ་དགོས་པ་མ་གཏོགས་གཞན་ཞིག་གི་རོགས་རམ་བྱེད་པར་དཀའ་བས་སློབ་མ་དེ་དག་ལ་སློབ་སྐབས་རང་ཉིད་ལ་ངེས་པར་ཆ་རྐྱེན་དེ་ལྡན་དགོས་འདུག
མདོར་བསྡུས་ནས་བཤད་ན། དགེ་རྒན་ནི་མི་གཤིས་བཟང་པོ་དང་། བཟོད་བསྲན་ཆེ་བ། བག་སྤྲོ་བའི་གཤིས་ཀར་དགའ་བ། གཞུང་དྲང་བ། ངང་རྒྱུད་རིང་བ། ཉེ་དགའ་ཕྱོགས་ཞེན་མེད་པ། སློབ་མར་འབྲེལ་བ་ཟབ་པ་དང་ཕྱོགས་མཚུངས་འཛིན་གྲྭར་སྟངས་འཛིན་དང་། སྒྲིག་གཞི་བརྟན་པོར་ཉར་རྒྱུ་གལ་ཆེ། དམིགས་བསལ་གྱི་སློབ་ཁྲིད་བྱེད་སྐབས་དགེ་རྒན་ཚོས་འཇམ་པོའི་སྒོ་ནས་སློབ་ཁྲིད་བྱ་རྒྱུ་དང་ཁ་གསལ་པོ་ངང་ནས་བསླབ་རྒྱུ་ཡང་གལ་ཆེ། དེ་བཞིན་དུ་བསྟོད་བསྔགས་གཏོང་ཡས་དེ་ནི་སློབ་ཁྲིད་ཐབས་ལམ་ཡག་ཤོས་ཤིག་རེད་འདུག སློབ་ཁྲིད་མ་བྱས་གོང་ལ་འཆར་འགོད་དང་དུས་ཐོག་གྲ་སྒྲིག་ལྡན་པ། མཉམ་རུབ་ཀྱི་ལས་ཀ་དང་། སྡེ་ཚན་དུ་ཕྱེ་ནས་བྱེད་སྒོ་མང་ཙམ་ཡོད་ན་སློབ་ཁྲིད་བྱེད་སྐབས་དཀའ་ངལ་མེད་པ་དང་། ཤེས་སླ་བ་སོགས་བྱུང་གི་འདུག དེ་བཞིན་དུ་འགན་ལེན་སྤྲད་པ་དང་། ལས་ཀར་སྟངས་འཛིན་བཅས་བྱེད་ཐུབ་དགོས་པ་ནི་དགེ་རྒན་གྱི་ཁྱད་ཆོས་གཙོ་བོ་ཞིག་ཆགས་འདུག ལྷག་པར་དུ་མཉམ་མྱོང་ཅན་གྱི་དགེ་རྒན་རྣམ་པའི་མཉམ་དུ་བསམ་ཚུལ་བརྗེ་ལེན་བྱས་ན་སློབ་ཁྲིད་བྱེད་སྐབས་ཕན་ཐོགས་དང་འཇུག་འབྲས་བཟང་པོ་ཡང་སྨིན་ཐུབ་ཀྱི་འདུག ། །