གཞི་རིམ་བར་མའི་བོད་དགེ་ལྷག་པ་ཚེ་རིང་། ཅོན་ཏ་ར་བོད་ཁྱིམ།
རྗེ་སྲོང་བཙན་སྒམ་པོའི་ཐུགས་དགོངས་བཞེས་པ་བཞིན།
བློན་ཐོན་མིས་རྒྱ་གར་བྱོན་ཏེ་མཁས་དབང་བསྟེན། །
ཕྱིས་བོད་དུ་ཕེབས་ཏེ་སྐད་འཚམ་བོད་ཡིག་བརྩམས། །
ཆེས་ངོ་མཚར་ཅན་གྱི་ལོ་རྩ་་ཁྱེད་ལ་བཏུད།
ཞེས་མཆོད་བརྗོད་སྔོན་དུ་བསུས་ཏེ་ད་རིང་གི་རྩོམ་ཡིག་གི་བརྗོད་གཞིའི་དེའི་ཐོག་ལ་བདག་ལ་ལོ་མང་མྱོང་ཚོར་གང་བྱུང་བ་རྣམས་མདོར་བསྡུས་ནས་རིམ་བཞིན་བཀྲོལ་བར་བྱ། སློབ་ན་སོན་པའི་སློབ་ཕྲུག་སྔོན་འགྲོའི་འཛིན་གྲྭའི་སྐབས་ནས་ཀྱང་བོད་ཀྱི་སྐད་ཡིག་སྦྱངས་དུས་རྩལ་བཞིའི་ནང་ནས་ངེས་པར་དུ་ལག་བསྟར་མཁོ་བ་ནི་ཀློག་རྩལ་དང་འབྲི་རྩལ་གཉིས་ཀྱི་ཐོག་ནས། དབྱངས་བཞི་དང་གསལ་བྱེད་སུམ་ཅུའི་ཡི་གེ་རེ་རེ་བཞིན་སྒྲ་གདངས་མ་ནོར་བར་ཀློག་ཤེས་ཐབས་དང། ཆབས་ཅིག་ཏུ་ཀ་མེད་སུམ་ཅུའི་ཡི་གེ་རེ་རེ་བཞིན་ངོ་ཐག་ཆོད་པའི་ཐོག་འབྲི་ཤེས་པར་དགོས་རྒྱུ་ནི་མེད་དུ་མི་རུང་བ་ཞིག་ཡིན་ཞིང། ལྷག་པར་དུ་བྱིས་པ་ལོ་ན་ཆུང་དུས་ནས་བོད་ཀྱི་ཡི་གེ་ཀློག་ཁྲིད་པའི་སྐབས་སུ་སློབ་ཁྲིད་བྱེད་མཁན་གྱི་དགེ་ལགས་ཀྱིས་ཐབས་ལ་མཁས་པའི་སྒོ་ནས་སྦྱོར་ཀློག་གང་མང་སྦྱོང་བརྡར་སྤྲོད་དགོས་ངེས་དང། བསྡུས་ཀློག་བརྒྱབ་སྟངས་ཀྱང་ཁྲིད་ཐུབ་ན་དགེ་ཚན་ཆེ་བར་སྣང། གང་ལྟར་ཀློག་རྩལ་རྨང་གཞི་ཚུགས་ཐབས་སུ་ཡི་གེ་སྦྱོར་ཀློག་བརྒྱབ་སྟངས་དང། བསྡུས་ཀློག་བརྒྱབ་སྟངས་གཉིས་ལ་ཐུག་ཡོད་ཅིང། སྦྱོར་ཀློག་ཐོགས་པ་མེད་པར་བརྒྱབ་ཤེས་སོང་ན། བསྡུས་ཀློག་བརྒྱབ་རྒྱུར་དཀའ་འཛེགས་གང་ཡང་མེད་ཅིང་གོ་བ་ཡང་གང་ལ་གང་འཚམས་ཤིག་རྟོགས་ཐུབ་ངེས་ཡོང་རྒྱུར་གོར་མ་ཆག
དེ་བཞིན་དུ་འབྲི་རྩལ་ལའང་སྔོན་འགྲོའི་འཛིན་གྲྭའི་སྐབས་ནས་ཀྱང་ཚུགས་རིང་གི་ཡི་གེ་ཆེན་པོ་འབྲི་སྲོལ་ནས་འགོ་འཛུགས་ཞུ་གི་ཡོད་ཅིང། རིམ་བཞིན་འཛིན་གྲྭ་འཕར་རིམ་བཞིན་དུ་བོད་ཡིག་ཡིག་གཟུགས་ལའང་ཆེ་ཆུང་འགྱུར་བ་གཏོང་དགོས་ཀྱི་ཡོད། དམའ་རིམ་ནས་བོད་ཡིག་ཡིག་གཟུགས་ཚུགས་རིང་ཚུགས་ཐུང་། ཡིག་ཆུང་བཅས་འབྲི་སྟངས་སློབ་དགོས་ཀྱི་ཡོད། འཛིན་གྲྭ་གཞི་རིམ་བར་མ་དང་གོང་མའི་སློབ་ཕྲུག་རྣམས་ཀྱིས་བོད་ཡིག་ཡིག་གཟུགས་ཚུགས་མ་འཁྱུག་དེ་ཉིད་ཐོག་ལ་ལག་བསྟར་བྱེད་བཞིན་ཡོད། འཛིན་གྲྭ་སོ་སོར་མཐུན་པའི་བོད་ཡིག་ཏག་ཏག་བྲིས་ཐུབ་སོང་ན་འབྲི་རྩལ་རང་བཞིན་གྱིས་ཡག་པོ་ཆགས་ངེས་ཡིན། གལ་ཏེ་འཛིན་གྲྭ་སོ་སོར་མཐུན་པའི་བོད་ཡིག་ཡིག་གཟུགས་ཏག་ཏག་བྲིས་མ་ཐུབ་ན་འབྲི་རྩལ་ཡོང་རྒྱུ་ག་ལ་ཡིན། འབྲི་རྩལ་ཡག་པོ་ཡོང་བར་སློབ་ཕྲུག་ཚོས་གང་བསམ་པ་དང་དྲན་པ། དཔེ་དེབ་ཀློག་ནས་སློབ་མ་སོ་སོས་གང་རྟོགས་པ་རྣམས་བྲིས་ཐུབ་པ་ཞིག་ལ་རང་སྐྱ་འཕེར་བ་ཟེར་ཆོག
འབྲི་རྩལ་དང་ཀློག་རྩལ་གྱི་རྨང་གཞི་བརྟན་པོ་ཞིག་དམའ་རིམ་འཛིན་གྲྭ་ཁག་ནས་གོམས་འདྲིས་བཟང་པོ་ཞིག་བཟོས་ཐུབ་སོང་ན། བཤད་རྩལ་དང་མཉན་རྩལ་གཉིས་རང་བཞིན་གྱིས་སླེབས་འོང། སློབ་ཕྲུག་གང་ཞིག་གིས་དཔེ་དེབ་བཀླག་རྒྱུར་དོ་དབྱིངས་གོམས་འདྲིས་ཡོད་མཁན་འདི་བཤད་རྩལ་ཀྱང་གཞན་དང་མི་འདྲ་བ་ཡོད་ཅིང། སོ་སོས་གང་རྟོགས་པ་རྣམས་གཞན་ལ་བཤད་ཐུབ་པར་ཡོང་རྒྱུ་ནི་གདོན་མི་ཟ། ཕྲུ་གུ་ཚར་ལོངས་ཀྱི་སྐབས་ནས་ཕ་མ་དང། དགེ་རྒན་ཚོས་བཀའ་མོལ་གནང་དུས་བཟང་སྤྱོད་ཐོག་ན་ས་བཤད་པ་ཡིན་ན་མ་འོངས་པར་སློབ་ཕྲུག་དེ་ཚོ་ཆེན་པོ་ཆགས་ཏེ་རང་གི་རྐང་པའི་སྒང་ལ་ལངས་དུས་མང་ཚོགས་ལ་གང་ཡིན་ན་ཡང་ཐོགས་པ་མེད་པར་བཤད་ཐུབ་པར་ཡོང་། ལྷག་པར་དུ་ཀློག་སྦྱོང་བརྡར་ཡག་པོ་ཞིག་བྱུང་བར་སློབ་ཁྲིད་སྐབས་སུ་ཐོག་མ་དེ་ལ་དགེ་རྒན་རང་ཉིད་ཀྱིས་ཤོག་གྲངས་གཅིག་ཙམ་ཀློག་སྟངས་ཀྱི་དཔེ་མཚོན་ཞིག་གི་བསྟན་ཏེ་གཞིས་ནས་ཡི་གེ་བཅད་མཚམས་འཇོག་སྟངས་མ་ནོར་བའི་ཐོག་ནས་བསྡུས་ཀློག་སྒྲ་དག་གསལ་གསུམ་བརྒྱབ་བཀླག་བཅུག་རྒྱུ་དེ་ནི་ཀློག་རྩལ་ལ་གལ་འགངས་ཆེན་པོ་ཞིག་འདུག བོད་ཡིག་སྐད་ཡིག་ཁྱོན་ནས་ཀློག་མི་ཐུབ་མཁན་གྱི་སློབ་མ་ཞིག་ཡོད་ན། ཁོ་པས་ཀློག་རྩལ་ཐོག་ལ་ག་ལ་བཞུགས་ཐུབ། མགོ་སེར་ཕྱི་གླིང་བའི་མི་ཞིག་ལ་ཆ་བཞག་ན་བོད་ཀྱི་ཡི་གེ་སྔོན་ཆད་མཐོང་མ་མྱོང་བར་མ་ཟད། ད་ལྟ་རང་ཡི་གེ་འདི་ཀློག་ཟེར་ན་མགོ་འཐོམ་རྒྱུ་ཉག་ཅིག་རེད།
དེ་བཞིན་དུ་བོད་ཡིག་སྐད་ཡིག་གི་འབྲི་རྩལ་ཡར་རྒྱས་འགྲོ་བར་གཙོ་བོ་གཅིག་ནི་འཛིན་རིམ་སོ་སོའི་བོད་ཡིག་མ་མཐའི་ཤེས་ཚད་དང་མཐུན་པར་བོད་ཡིག་སྐད་ཡིག་གང་ལ་གང་འཚམས་ཤིག་སློབ་མ་སོ་སོའི་ངོས་ནས་རང་སྐྱ་འཕེར་བ་ཞིག་བྲིས་ཐུབ་སོང་ན་འབྲི་རྩལ་གྱི་ཐོག་ནས་དྲི་བ་གང་འདྲ་ཞིག་བསྐུར་རུང་བདེ་བླག་ཏུ་བྲིས་ཐུབ་པར་ཡོང་ངེས་མཆིས། དཔེ་དེབ་མང་པོ་བཀླགས་ནས་བྲོ་བ་ཞིག་རྙེད་སོང་ན། སློབ་མ་རང་ངོས་ནས་ཀྱང་གང་ཐུབ་ཐུབ་ཀྱིས་སྒོ་ནས་རྩོམ་བརྗོད་གཞི་སྣ་མིན་དང། བཟང་སྤྱོད་ཀྱི་ཕྱུག་པའི་སྒྲུང་རིགས་ལ་སོགས་པ་བརྩམས་་ཐུབ་སོང་ན་འབྲི་རྩལ་གོང་མཐོར་འགྲོ་རྒྱུར་འདོན་མི་ཟ། བོད་ཡིག་སྐད་ཡིག་འདི་ཡར་རྒྱས་འགྲོ་བར་རྩལ་གཙོ་བོ་དེ་གཉིས་ལ་ཐུག་ཡོད་ལ། དེ་གཉིས་ནང་དངོས་སུ་བཞུགས་ཏེ་སྦྱོང་བརྩོན་བྱས་ནས་ལག་བསྟར་བྱས་ན་མ་གཏོགས་ཁ་ཙམ་བཤད་པས་འགྲིགས་ཐབས་ནམ་ཡང་མེད་ཅིང།
རྒྱུན་དུ་འབྲི་ཀློག་ལ་སྦྱོང་བརྡར་བྱས་ཏེ། ། གང་ཐུབ་ཤུགས་སྣོན་ལ་འབད་འབུངས་ཐུབ་ན། ། བོད་ཡིག་སྐད་ཡིག་འདི་ཡར་རྒྱས་ཕྱོགས་སུ། ། རང་སྐྱ་འཕེར་བ་ཞིག་ཡོང་ངེས་ཆོས་ཉིད། སློབ་མ་གང་ཞིག་ལ་བོད་ཡིག་སྐད་ཡིག་གི་འབྲི་རྩལ་དང་ཀློག་རྩལ་གཉིས་དོ་མཉམ་པར་ལྡན་འགྱུར་ན། བོད་ཡིག་སྐད་ཡིག་ཡར་རྒྱས་འགྲོ་རྒྱུ་ཉག་ཅིག་ཅིག་ཡིན་ཞིང། རྩལ་གཞན་གཉིས་བཤད་རྩལ་དང་ཉན་རྩལ་ཡང་གཙོ་བོ་འབྲི་ཀློག་གཉིས་ཀྱི་རྩལ་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། བོད་ཡིག་སྐད་ཡིག་ཀློག་ཐུབ་པ་་བརྟེན་ནས་རྩོམ་ཡིག་གི་ནང་དོན་གང་ལ་གང་འཚམས་ཤིག་མགོ་ཚོས་པ་ཡོང་རྒྱུ་དང། རྩོམ་ཡིག་གང་འདྲ་ཞིག་ལག་ཏུ་ཐེབས་ཀྱང་བཅད་མཚམས་མ་་ནོར་བར་བདེ་བླག་ཏུ་ཀློག་ཐུབ་པ་ཡོང་རྒྱུ། གང་མགོ་ཚོས་པ་རྣམས་གཞན་ལ་སྤེལ་རེས་བྱས་ཏེ་བོད་ཡིག་སྐད་ཡིག་ཡར་རྒྱས་འགྲོ་ཐུབ། དེ་བཞིན་དུ་འབྲི་རྩལ་ལ་བརྟེན་ནས་སོ་སོའི་བསམ་ཚུལ་བརྗེ་རེས་དང། གནད་ལུགས་མང་དག་ཅིག་བཅས་ཡིག་ཐོག་ཏུ་བཀོད་ཐུབ་པ་བྱུང་རྒྱུ་དང། དཔེ་དེབ་ནས་གང་རྟོགས་པ་རྣམས་རང་ཚིག་ཐོག་ནས་འབྲི་ཐུབ་པར་ཡོང་རྒྱུ་ཕན་ཐོགས་དང། བོད་ཡིག་ཡིག་གཟུགས་་ལའང་ཡར་རྒྱས་ཀྱིས་རྣམ་པ་ཞིག་ཐོན་ཐུབ་ངེས་དང། ལྷག་པར་དུ་བོད་ཡིག་གི་དག་ཆ་དང་བརྗོད་བྱ་བརྒྱབ་སྟངས་ལ་སོགས་པ་ཡར་རྒྱས་ཡོང་ཐུབ།
ན་གཞོན་བོད་ཕྲུག་ཚོ་ལ་དགེ་རྒན་དང་པོ་འདི་ནི་རང་ཉིད་ཀྱི་བཀའ་དྲིན་ཆེ་བའི་བརྩེ་བའི་ཕ་མ་གཉིས་ཆགས་བསྡད་ཡོད་དུས། ཕ་མ་གཉིས་ཀྱིས་བཀའ་མོལ་གནང་སྟངས་་དང། སློབ་གསོ་བརྒྱབ་སྟངས། གང་ཅིར་ཕྲུ་གུས་ཕ་མ་གཉིས་ལ་དོ་སྣང་བྱས་ཏེ་སྦྱོང་གི་ཡོད། དཔེར་ན། གལ་ཏེ་ཕ་མ་གཉིས་ཀྱིས་བཀའ་མོལ་གནང་དུས་བཟང་པོ་དང། སྒྲུང་གཏམ་བཤད་རྒྱུར་དགའ་པོ་ཡོད་ན། ཁོང་གཉིས་ཀྱི་ཕྲུ་གུས་ཀྱང་བཀའ་མོལ་གནང་སྟངས་ཕ་མ་ནང་བཞིན་གྱིས་བཟང་པོ་དང། སྒྲུང་གཏམ་བཤད་རྒྱུ་དང་མཉན་རྒྱུར་དགའ་བར་ཡོང་གི་ཡོད། དེ་ནི་ཕ་མ་ལ་བརྟེན་ནས་གོམས་འདྲིས་བཟང་པོ་ཞིག་འཇགས་པ་ཡིན་ན། བཤད་རྩལ་དང་མཉན་རྩལ་གཉིས་ལ་དེ་ཙམ་གྱིས་དཀའ་ངལ་ཆེ་བ་ཞིག་མངོན་མི་ཐུབ།
གང་ལ་གོམས་འདྲིས་ཡོད་པ་དེ་ལ་མཁས་ཟེར་བ་ལྟར། དེང་སང་ཕྲུ་གུའི་ཕ་མ་ཕལ་མོ་ཆེ་བ་ནི་སློབ་གྲྭ་འགྲིམས་མི་མྱོང་བ་ཧ་ལམ་མེད་དུས་སྐད་ཡིག་གང་འདྲ་ཞིག་སྦྱང་དགོས་རུང་རྩལ་བཞི་པོ་འདི་མེད་དུ་མི་རུང་བ་ཞིག་ཡིན་པ་མཁྱེན་གྱིས་ཡོད་ནའང། སོ་སོའི་འཚོ་བའི་ཐོག་ལ་མགོ་བོ་འཁོར་ནས་བསྡད་པ་མ་གཏོགས་སོ་སོའི་ཕྲུ་གུའི་བོད་ཡིག་གི་སྐད་ཡིག་ཡར་རྒྱས་གཏོང་རྒྱུའི་ཐད་དུ་མཐུན་རྐྱེན་གང་ཡང་མ་སྦྱར་བར་སློབ་གྲྭའི་གཅིག་པུ་ལ་སྐྱབས་བཅོལ་བསྡད་པ་ཡིན་ན་ཞེན་ཆ་ཆེ་བ་ཞིག་ཡིན། རྩལ་བཞི་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་འདི་སྦྱངས་ན་བོད་ཡིག་སྐད་ཡིག་ཡར་རྒྱས་འགྲོ་རྒྱུ་ཉག་ཅིག་ཡིན་ཞིང། ནམ་རྒྱུན་ཡི་གེ་བྲིས་པའི་སྐབས་སུ་བསྟན་བཅོས་ཀྱི་ཐ་སྙད་དང་མ་འགལ་བ་ཞིག་དགོས་གལ་ཤིན་ཏུ་ཆེ།
ལོ་མཇུ་ག་མཚམས་སུ་སློབ་མ་ཚོའི་ཡིག་རྒྱུགས་ཀྱི་དྲི་ཤོག་བཟོས་པའི་སྐབས་སུ་ཀློག་རྩལ་དང་འབྲི་རྩལ་གཉིས་ལ་གཙིགས་ཆེ་བར་རྩིས་ཏེ་དྲི་ཤོག་བཟོས་དགོས་ཀྱི་ཡོད་སྟབས། དེས་ན་བོད་ཡིག་སྐད་ཡིག་ཡར་རྒྱས་འགྲོ་རྒྱུར་རྩལ་བཞིའི་ནང་ནས་ནུས་པ་ཐོན་ཆེ་ཤོས་དེ་ནི་འབྲི་རྩལ་དང་ཀློག་རྩལ་གཉིས་ལ་ཐུག་བསྡད་ཡོད། འབྲི་ཀློག་གཉིས་ལ་གོམས་འདྲིས་ལྡན་ན། །
སྐད་ཡིག་ཡར་རྒྱས་འགྲོ་རྒྱུར་ལྟ་ཅི། །
རྣམ་དཔྱོད་རིག་རྩལ་གོང་དུ་འཕེལ་བས། །
རྩོམ་ཡིག་འབྲི་རྒྱུར་ཐོགས་པ་མེད་ཅིང། །

ད་བར་དཔྱད་མཆན་མེད།