བསྟན་འཛིན་མཁྱེན་བཟང་།
འཛིན་རིམ་ལྔ་པ། ལོ་སྦར་སིང་སཾ་བྷོ་ཊ་ཉིན་སློབ།

འཛམ་གླིང་འདིའི་ནང་ཕྲུ་གུ་ཁ་ཤས་སློབ་སྦྱོང་སྦྱང་འདོད་ཡོད། ཕྲུ་གུ་སློབ་སྦྱོང་སྦྱང་རྒྱུར་འདོད་པ་མེད་པ་ཡང་མང་པོ་ཡོད་རེད། རྒྱུ་མཚན་ནི། ཕྲུ་གུ་ཁ་ཤས་འཕྲུལ་ཆས་རིགས་ལ་མགོ་འཁོར་ནས་སློབ་སྦྱོང་ལ་འདོད་པ་མེད་པ་དང་། ཕྲུ་གུ་ཁ་ཤས་སོ་སོས་བསམ་བློ་སྔོན་ལ་འཁོར་ནས་སོ་སོའི་མ་འོངས་པའི་མི་ཚེ་ཡག་པོ་ཡོང་བའི་ཆེད་དུ་དང་ཕ་མ་ལ་རོགས་པ་བྱེད་རྒྱུའི་ཆེད་སློབ་སྦྱོང་ཡག་པོ་སྦྱོང་གི་ཡོད་རེད། འཛམ་གླིང་འདིའི་ནང་སློབ་སྦྱོང་མ་བྱེད་ན་སོ་སོ་མི་གཞན་དང་འདྲ་འདྲ་ལས་ཀ་ཡག་པོ་དེ་འདྲ་གང་ཡང་བྱེད་ཐུབ་ཀྱི་མེད། དཀའ་ངལ་མང་པོ་འཕྲད་ཀྱི་རེད། དཔེར་ན། གལ་སྲིད་མི་ཞིག་ཚོང་ཁང་ནང་ཅ་ལག་ཉོ་བ་འགྲོ་བ་ཡིན་ན་དངུལ་སྤྲོད་དགོས་བྱུང་དུས་སློབ་སྦྱོང་མེད་ན་དཀའ་ངལ་འཕྲད་པ་དང་། དངུལ་ཁང་ནང་འགྲོ་བ་ཡིན་ན་དངུལ་བླུག་དུས་དཀའ་ངལ་འཕྲད་པ། སོ་སོའི་ཕ་མ་ལའང་གཏང་ཡིག་འབྲི་དུས་དཀའ་ངལ་འཕྲད་པ་སོགས་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད། སློབ་སྦྱོང་རག་རྒྱུའི་ཆེད་དུ་བརྩོན་འགྲུས་བྱེད་དགོས། བརྩོན་འགྲུས་བྱས་ན་སློབ་སྦྱོང་ཡག་པོ་ཤེས་པ་དང་སོ་སོའི་མི་ཚེ་ཡང་སྐྱིད་པོ་ཆགས་ཀྱི་རེད། བརྩོན་འགྲུས་མ་བྱེད་ན་ཤེས་རབ་རོ་དང་འདྲ་ཟེར་བ་བཞིན་རེད།

དགེ་རྒན་དང་ཕ་མ་སུ་ཡིན་ཡང་ཕྲུ་གུ་ལ་སློབ་སྦྱོང་ཡག་པོ་སྦྱོངས་ཨ་ཞེས་བསླབ་བྱ་རྒྱག་གི་ཡོད་རེད། གང་ཡིན་ཟེར་ན། ང་ཚོའི་མི་ཚེའི་མདུན་ལམ་ཡག་པོ་ཡོང་བའི་ཆེད་དུ་བསླབ་བྱ་དེ་འདྲ་བརྒྱབ་ཀྱི་ཡོད་རེད། ཕྲུ་གུ་ཁ་ཤས་ལ་སློབ་སྦྱོང་སྦྱང་རྒྱུའི་གོ་སྐབས་བཟང་པོ་ཞིག་རག་ནའང་སློབ་སྦྱོང་སྦྱང་གི་མེད། ཡང་ཕྲུ་གུ་ཁ་ཤས་ཡི་གེ་སྦྱོང་འདོད་ཡོད་ན་ཡང་གོ་སྐབས་གཅིག་ཀྱང་རག་གི་མེད། དཔེར་ན། བོད་ལ་ཡོད་པའི་ཕྲུ་གུ་དེ་ཚོ་སོ་སོའི་སྐད་ཡིག་དང་བོད་ཡིག་སྦྱོང་འདོད་ཞེ་དྲག་ཡོད་ནའང་སྦྱོང་ཐུབ་ཀྱི་མེད། གང་ཡིན་ཟེར་ན། རྒྱ་མིས་ཁོ་ཚོ་ལ་བོད་ཡིག་དང་སོ་སོའི་སྐད་ཡིག་སྦྱངས་འཇུག་གི་ཡོད་མ་རེད། རྒྱ་གར་ནང་ལ་ཡོད་པའི་སློབ་ཕྲུག་ཆ་ཚང་སློབ་སྦྱོང་སྦྱང་བའི་གོ་སྐབས་ཡག་པོ་ཞིག་༸གོང་ས་མཆོག་དང་རྒྱ་གར་གཞུང་གི་བཀའ་དྲིན་ལ་བརྟེན་ནས་ཐོབ་ཀྱི་ཡོད་རེད། རྒྱ་གར་ནང་ལ་ཕ་མ་སྐྱོ་པོ་དེ་ཚོའི་ཕྲུ་གུ་རྣམས་སློབ་སྦྱོང་སྦྱོང་འདོད་ཡོད་ཀྱང་ཕ་མའི་དཔལ་འབྱོར་གནས་སྟངས་ཧ་ཅང་སྐྱོ་པོ་ཡིན་ཙང་སློབ་སྦྱོང་སྦྱང་རྒྱུའི་གོ་སྐབས་རག་གི་མེད། དེ་ཚོ་ལ་བལྟས་ནས་ང་ཚོ་བོད་ཕྲུག་ཚོ་སོ་སོའི་རྒྱལ་ཁབ་རྒྱ་མིའི་ལག་ཏུ་ཤོར་ཡོད་ཀྱང་། རྒྱ་གར་མི་དང་འདྲ་བའི་སློབ་སྦྱོང་སྦྱང་རྒྱུའི་གོ་སྐབས་ཐོབ་པ་དེ་ནི་བསོད་ནམས་ཆེན་པོ་ཡིན་བསམས་ནས་དུས་ཚོད་འཕྲོ་བརླག་མ་བཏང་ནས་སློབ་སྦྱོང་སྦྱང་རྒྱུ་གལ་ཆེན་པོ་རེད། སློབ་སྦྱོང་ཡག་པོ་སྦྱངས་ནས་སོ་སོའི་རྒྱལ་ཁབ་རྒྱ་མིའི་ལག་ནས་ཚུར་ལེན་ཐབས་བྱ་རྒྱུ་ང་ཚོའི་དམིགས་ཡུལ་ཡིན། གལ་སྲིད་ང་ཚོ་ལ་ད་ལྟ་ནང་བཞིན་སློབ་སྦྱོང་སྦྱང་རྒྱུའི་གོ་སྐབས་རག་མེད་ན་ང་ཚོ་སོ་སོའི་རྒྱལ་ཁབ་བླང་རྒྱུ་ཁག་པོ་ཆགས་ཀྱི་རེད།

དེང་སང་གི་དུས་ཚོད་འདི་ལ་སློབ་སྦྱོང་སྦྱང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཞིག་ཡིན། གང་ཡིན་ཟེར་ན། ང་ཚོ་དེང་སང་རྒྱལ་ཁབ་གཞན་དུ་འགྲོ་བ་ཡིན་ན་ལུང་པ་དེའི་སྐད་མ་ཤེས་ན་དཀའ་ངལ་ཡོད་ཙང་སྐད་ཡིག་འདྲ་མིན་སྦྱང་རྒྱུ་དེ་གལ་ཆེན་པོ་མཐོང་གི་འདུག སློབ་སྦྱོང་མེད་ན་ང་ཚོ་མི་ལ་མིག་མེད་པ་དང་གཅིག་མཚུངས་རེད། མིག་མེད་ན་སོ་སོའི་བསམ་པ་ནང་བཞིན་ས་ཆ་གང་དུ་འགྲོ་མི་ཐུབ་པ་དང་ལས་ཀ་ཡང་བྱེད་ཐུབ་ཀྱི་མེད། དེ་འདྲ་སོང་ཙང་ང་ཚོ་སློབ་ཕྲུག་ཆུང་ཆུང་ཚོས་རང་ལ་དགོས་པའི་སློབ་སྦྱོང་སྦྱང་རྒྱུ་དེ་རྩ་ཆེན་པོ་བརྩིས་ནས་དུས་ཚོད་འཕྲོ་བརླག་མ་གཏོང་བར་སློབ་སྦྱོང་ལ་ཤུགས་བརྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག ང་རང་ད་ལྟ་བར་བཀའ་དྲིན་ཅན་གྱི་ཕ་མ་སྤུན་མཆེད་དང་དགེ་རྒན་རྣམས་ཀྱི་ཞལ་ལ་ཉན་ནས་སློབ་སྦྱོང་ལ་དོ་སྣང་སྤྲོད་ཀྱི་ཡོད། ང་ཚོ་མི་ཟེར་བ་དེ་སློབ་སྦྱོང་བྱེད་པ་ལ་དང་པོ་སོ་སོའི་མ་འོངས་པའི་དམིགས་ཡུལ་ཡག་པོ་ཞིག་གཟུང་རྒྱུ་གལ་ཆེན་པོ་རེད། གལ་སྲིད་མི་ལ་དམིགས་ཡུལ་མེད་ན་ཁྱི་དེ་ཚོ་ལམ་ཁ་སྟེང་ཡར་རྒྱུག་མར་རྒྱུག་བྱས་པ་དང་འདྲ་པོ་མ་འོངས་པར་སོ་སོའི་བསམ་པ་ནང་བཞིན་ས་ཆ་ལ་སླེབ་ཀྱི་མ་རེད།

ང་རང་མ་འོངས་པའི་དམིགས་ཡུལ་དང་པོ་ནི་སློབ་སྦྱོང་ཡག་པོ་ཐོན་ནས་བོད་པའི་སྤྱི་ཚོགས་ནང་ཞབས་ཕྱི་ཞུ་རྒྱུ་ཡིན། དེ་ནས་མི་སྐྱོ་བོ་དང་རྒན་འཁོགས་རོགས་པ་མེད་མཁན་དེ་ཚོ་ལ་ལྟ་རྟོག་བྱ་རྒྱུ་ཡིན། ང་ཚོས་ཚོང་རྒྱག་དུས་རང་ལ་མ་རྩ་དགོས་པ་ནང་བཞིན་སོ་སོ་དང་མི་གཞན་ལ་རོགས་པ་བྱེད་པ་ལ་རང་ལ་སློབ་སྦྱོང་ཡག་པོ་དགོས། གལ་སྲིད་མི་གཅིག་ལ་ཡི་གེ་བསླབ་དགོས་ན་སོ་སོ་ལ་སློབ་སྦྱོང་མེད་ན་མི་ལ་རོགས་པ་བྱེད་ཐུབ་ཀྱི་མེད། དེ་ག་ནང་བཞིན་སོ་སོ་སྡོད་སའི་སྤྱི་ཚོགས་ནང་ལའང་རོགས་པ་གཅིག་བྱེད་དགོས་ན་སློབ་སྦྱོང་ཡོད་ན་སློབ་སྦྱོང་མེད་མཁན་གཅིག་གིས་རོགས་པ་བྱེད་པ་ལས་ལྷག་པར་སོ་སོས་མི་གཞན་ལ་རོགས་པ་བྱེད་ཐུབ་ཀྱི་ཡོད། དེ་འདྲ་སོང་ཙང་སློབ་སྦྱོང་ཟེར་བ་དེ་ཕྲུ་གུ་ཆུང་ཆུང་སྐབས་ནས་གོ་སྐབས་འཕྲོ་བརླག་གཏང་རྒྱུ་མེད། ཆུང་ཆུང་སྐབས་དུས་ཚོད་འཕྲོ་བརླག་བཏང་ནས་ཆེན་པོ་ཆགས་དུས་འགྱོད་པ་སྐྱེས་ན་བླུན་པོ་རེད། སློབ་སྦྱོང་ནི་མི་ལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ནོ། །