བཀྲ་ཤིས་ཚེ་རིང་།
བོད་དགེ། སེ་ལ་ཀུའི་བོད་ཁྱིམ།

      རིག་པའི་གནས་ལ་སྦྱངས་ཡུན་རིང་བའི་ཕྲན་ལ་མཚོན་ན། བོད་ནང་དུ་གཞི་རིམ་གྱི་ཤེས་ཡོན་སློབ་གསོ་དང་། ཕྱིས་སུ་བཙན་བྱོལ་ལ་འབྱོར་ནས་གཞི་རིམ་གོང་འོག་གི་ཤེས་ཡོན་གྱི་སློབ་གསོའི་གནས་ཆ་ཚང་སྦྱངས་ནས་མཐར་སྤྱི་ལོ་ ༢༠༢༡ ལོའི་ཟླ་ ༨ པའི་ཚེས་ ༢༨ ཉིན་ལ་མཐོ་རིམ་ཤེས་ཡོན་གྱི་རིམ་པ་ཡོངས་སུ་བསྒྲུབས་ཟིན་ནས་མ་སྐུལ་དང་བླངས་ཀྱི་དགོན་སྡེ་ཁག་མི་འདྲ་བ་འགའ་ཤས་སུ་དགེ་རྒན་གྱི་བྱ་བར་ཞུགས་པའི་མྱོང་ཚོར་དང་། ཁྱད་པར་དུ་སྤྱི་ལོ་ ༢༠༢༢ ལོའི་ཟླ་ ༩ པའི་ཚེས་ ༡༤ ཉིན་བོད་ཕྲུག་ཁྱིམ་སྡེའི་ཡན་ལག་གི་ཁྱབ་ཁོངས་སུ་སེ་ལ་ཀུའི་བོད་ཁྱིམ་དུ་བོད་ཡིག་དགེ་རྒན་གྱི་ལས་དོན་ལ་ཞུགས་ནས་ཉེ་བའི་ལོ་གཉིས་ཀྱི་ནང་དུ་ཉམས་མྱོང་སོགས་དང་འབྲེལ་ནས་དགེ་རྒན་གྱིས་འཛིན་གྲྭ་སྟངས་འཛིན་བྱེད་ཚུལ་གྱི་ཐབས་ལམ་ལ་ལ་ཞིག་གསེར་བཀྲོལ་བྱེད་ན་འདོད།
སྤྱིར་དགེ་རྒན་སོ་སོར་འཛིན་གྲྭ་སྟངས་འཛིན་བྱེད་ཚུལ་གྱི་ཐབས་ལམ་ལ་འཆད་ཉན་བྱེད་ཚུལ་མི་འདྲ་བ་དུ་མ་ཡོད་ཆོག་སྟེ། དཔེར་ན་སློབ་ཕྲུག་ཚོར་མཚོན་ན་ཁྱིམ་ཚང་གི་སློབ་གསོ་དང་། སྤྱི་ཚོགས་ཀྱི་སློབ་གསོ་དང་། སློབ་གྲྭའི་སློབ་གསོ་སོགས་སློབ་གསོའི་ལས་རིམ་དུ་མའི་བརྒྱུད་ནས་འཚར་ལོངས་བྱེད་སྟངས་དང་ཤེས་ཡོན་གྱི་གནས་ཚད་སོགས་འདྲ་མིན་སྣ་ཚོགས་ཡོད་པའི་ཁྲོད་ནས། ཕྲན་གྱི་ཉམས་མྱོང་གཞིར་བཅོལ་ན་འཛིན་གྲྭ་སྟངས་འཛིན་བྱེད་ཚུལ་གྱི་ཐབས་ལམ་གཙོ་བོའམ་ལེགས་གྲས་དྲུག་སྟེ། ༡)  ཐབས་ལམ་དང་པོ་དགེ་རྒན་རང་ཉིད་ཀྱི་རིག་ཚན་བྱེ་བྲག་པ་ལ་ཤེས་ཚད་བྱང་ཆུབ་པ་དགོས་འདུག ༢)  ཐབས་ལམ་གཉིས་པ་དགེ་རྒན་རང་ཉིད་ཀྱི་ཉིན་རེའི་སློབ་ཚན་ལ་གྲ་སྒྲིག་ཨང་གསར་དགོས་པ། ༣)  ཐབས་ལམ་གསུམ་པ་འཛིན་གྲྭའི་དུས་ཡུན་སྐར་མ་བཞི་བཅུ་ཞེ་ལྔར་འཆར་འགོད་དཔྱིད་ཕྱིན་པར་གནང་དགོས། ༤)  ཐབས་ལམ་བཞི་པ་སློབ་ཁྲིད་སྐབས་འཛིན་གྲྭའི་ཟུར་མཐའ་ཡོངས་ལ་སྐོར་ཐེངས་གཉིས་རེས་གཟིགས་ཞིབ་གནང་དགོས། ༥)  ཐབས་ལམ་ལྔ་པ་སློབ་མའི་ཤེས་ཚད་དང་དོ་དབྱིངས་ལ་གཤིབ་པའི་སྡོད་གནས་འགོད་སྒྲིག། ༦)ཐབས་ལམ་དྲུག་པ་དགེ་སློབ་དབར་གྱི་མཛའ་བརྩེའི་འདུ་ཤེས་སྐྲུན་ཐབས།


འཛིན་གྲྭ་སྟངས་འཛིན་བྱེད་ཚུལ་གྱི་ཐབས་ལམ་ལེགས་གྲས་ཁག་འགའ།


      དང་པོ། དགེ་རྒན་རང་ཉིད་ཀྱི་རིག་ཚན་བྱེ་བྲག་པ་ལ་ཤེས་ཚད་བྱང་ཆུབ་པ་དགོས་པའི་སྐོར།
      སྤྱིར་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་སྲིད་འབྱོར་རིག་གསུམ་གྱི་འཕེལ་རྒྱས་མྱུར་པོ་འགྲོ་མིན་ནི་ཤེས་ཡོན་གྱི་སྡེ་ལ་རག་ལས་ཤིང་། ཤེས་ཡོན་གྱི་བྱང་ཚད་གང་འདྲ་ཞིག་ཏུ་སོན་མིན་དགེ་བའི་བཤེས་གཉེན་རྣམས་ཀྱིས་བཀོད་པ་ལ་རག་ལས་པས། དགེ་རྒན་ནི་འགྲོ་བ་མིའི་རིགས་ལ་ཤེས་རིག་གི་སྒྲོན་མེ་ལྟ་བུ་དང་རླབས་ཆེན་གྱི་བསམ་བློའི་བཟོ་བཀོད་ཀྱི་མཛད་པ་པོ་ཞིག་ཡིན་ལ། དགེ་རྒན་གྱི་བྱ་བ་ནི་དཀའ་ཁག་ཆེ་ཤིང་གཟི་བརྗིད་འོད་སྟོང་ལྡན་པའི་བྱ་བ་ཞིག་ཡིན་པ་སྨོས་ཅི་ལ་དགོས། ཁྱད་པར་དུ་དགེ་རྒན་རང་ཉིད་ཀྱི་རིག་ཚན་བྱེ་བྲག་པའི་སློབ་གཞིའི་ཐོག་ལ་ཤེས་ཚད་བྱང་ཆུབ་པ་ཞིག་དགོས་ཀྱི་འདུག་པས། རྒྱུ་མཚན་ནི་དགེ་རྒན་རང་ཉིད་ཀྱིས་སློབ་ཚན་འཁྲིད་སྐབས་སུ་གདེང་སྤོབས་ཀྱི་ཐོག་ནས་སློབ་ཁྲིད་ལ་གཞུག་ཐུབ་པ་དང་། ལྷག་པར་དུ་སློབ་ཕྲུག་ཚོར་བསམ་བློ་གསར་བའི་སྒོ་འབྱེད་ཀྱི་ལྡེ་མིག་ལྟ་བུ་ཞིག་བསྐྲུན་ཐུབ་པ་མ་ཟད་སློབ་ཕྲུག་དག་ཀྱང་དགེ་རྒན་ལ་དགའ་ཞེན་དང་བརྩི་མཐོང་སོགས་མངོན་ཡོང།
      དེ་བཞིན་དགེ་རྒན་རང་ཉིད་ཀྱིས་རིག་ཚན་ལ་དགའ་ཞེན་གྱི་འདོད་པ་སྐྱེད་སྲིང་དུས་ནས་དུས་སུ་བྱས་ནས་སློབ་ཕྲུག་རྣམས་ལ་མིག་དཔེ་བཟང་པོ་ཞིག་བསྐྲུན་པའི་ཐོག་ནས་སློབ་ཚན་ལ་དགའ་ཞེན་དང་སྤྲོ་སྣང་ཞིག་གི་རྣམ་པར་བསྒྱུར་ཐུབ་དགོས། དེ་དག་མེད་ཚེ་འཛིན་གྲྭའི་ནང་དུ་སྐྱོད་སྐབས་སུ་སློབ་ཚན་འཁྲིད་པའི་གདེང་སྤོབས་མེད་ཅིང། སློབ་ཕྲུག་དག་གི་དོགས་འདྲི་སོགས་ལ་ལན་འདེབས་དང་། གསལ་བཤད། དཔྱད་བརྗོད་སོགས་གང་ལ་ཡང་འགྲེལ་བརྗོད་མི་ཐུབ་པས། འཛིན་གྲྭ་སྟངས་འཛིན་བྱེད་ཚུལ་ཕར་ཙམ་ཡིན་ཞིང་། སློབ་མ་རྣམས་ཀྱིས་ཀྱང་དགེ་རྒན་ལ་ཡིད་ཆེས་བརླག་པ་སོགས་མངོན་སུམ་གྱི་མིག་ལམ་དུ་མཐོང་རྒྱུ་ཡོད་ལ། དེ་དག་གི་འབྱུང་རྐྱེན་གཙོ་བོ་དོ་བདག་དགེ་རྒན་རང་ཉིད་ཡིན་ཀྱང་འཛིན་སྐྱོང་དང་ཤེས་ཡོན་འགན་ཁུར་ཚན་པས་དགེ་རྒན་གྱི་ཤེས་ཚད་མཐོར་འདེགས་བྱ་རྒྱུ་སོགས་ལ་ཁྱད་པར་དམིགས་བསལ་གྱིས་འགན་འཕར་མ་ཞིག་བཞེས་དགོས་ཤིང། དེ་མཚུངས་དགེ་རྒན་རང་ཉིད་ཀྱིས་ཀྱང་དུས་ནས་དུས་སུ་ཤེས་ཡོན་གྱི་ཁ་ཕྱོགས་གསར་པ་ཞིག་ལ་བསྐྱོད་འདོད་པའི་ཕུགས་བསམ་ཡང་དག་ཅིག་དགོས་པ་དང་། དེ་དག་བྱུང་ན་དགེ་རྒན་གྱི་ཤེས་ཡོན་ལེགས་པོ་འབྱུང་ཞིང་འཛིན་གྲྭ་སྟངས་འཛིན་སོགས་ཕྱོགས་གང་ཅིའི་ཐད་ནས་དཀའ་ཚེགས་མེད་པར་མངོན་སུམ་བརྗོད་མེད་རེད་འདུག

      གཉིས་པ། དགེ་རྒན་རང་ཉིད་ཀྱི་ཉིན་རེའི་སློབ་ཚན་ལ་གྲ་སྒྲིག་ཨང་གསར་དགོས་པ།
      དགེ་རྒན་རང་ཉིད་ཀྱིས་ཉིན་རེའི་སློབ་ཚན་བྱེ་བྲག་པའི་བརྗོད་གཞི་དང་འབྲེལ་བའི་སྔོན་བྱོན་མཁས་དབང་རྣམ་པས་ལྗགས་རྩོམ་གནང་བའི་བསྟན་བཅོས་ཁག་དང་། ཉེ་རབས་ཀྱི་མཁས་དབང་ཁག་གི་གསུང་བཤད་དང་། དྲ་རྒྱའི་ནང་དུ་འཆད་བརྙན་སོགས་ལ་ནན་ཏན་གྱིས་བསྐྱར་ཞིབ་གནང་ནས་འཆད་ཁྲིད་ཀྱི་བརྗོད་གཞི་ལ་གདེང་སྤོབས་ལྡང་ངེས་ཤིང་། སློབ་མའི་ཤེས་ཚད་དང་མཉམ་པའི་བརྗོད་པ་གཙང་བ་དང་ཚིག་སྦྱོར་བདེ་ཞིང་། བརྗོད་མཚམས་འབྲེལ་ཆགས་ལ་གོ་སླ་ཞིང་། རང་ཉིད་ཀྱིས་མྱོང་བ་གཙོར་འདོན་བྱས་ནས་སློབ་ཁྲིད་གནང་སྐབས་སུ་འཛིན་གྲྭའི་ནང་ཁ་ཁུ་སིམ་པོའི་ངང་སློབ་གཉེར་བ་རྣམ་པས་སློབ་ཁྲིད་ལ་སྤྲོ་བ་འཕེལ་ཞིང་ཉོབ་སྣང་དང། གཉིད་ཁུག་པ་དང་། འབྲེལ་མེད་ཀྱི་བྱ་བའི་རིགས་ལ་གཏན་ནས་མི་འཇུག་པར་མ་ཟད། འབྲེལ་ཡོད་ཀྱི་འཆད་ཁྲིད་ལ་མྱོང་ཚོར་དང་བསམ་ཚུལ་གསར་པ་གང་བྱུང་བ་རྣམས་ཡིག་ཐོག་ཏུ་བཀོད་ནས་དགེ་སློབ་ཕན་ཚུན་དབར་དུ་བསམ་ཚུལ་བརྗེ་རེས་བྱས་ནས་སྤྲོ་སེམས་འཁོལ་པའི་ངང་ནས་འཛིན་གྲྭའི་ཚོགས་ཐེངས་ལ་རོལ་བཞིན་ཡོད་ལ། དེ་དག་གི་འབྱུང་རྐྱེན་ནི་དགེ་རྒན་གྱིས་སློབ་ཚན་བྱེ་བྲག་པའི་འཆད་ཁྲིད་ཀྱི་གྲ་སྒྲིག་བཟང་ངན་གྱི་རྒྱུ་འབའ་ཞིག་རག་ལས་ཡོད་པས་། དགེ་རྒན་གྱིས་འཆད་ཁྲིད་ཀྱི་འཆར་འགོད་ལ་ཡང་ཡང་བསྐྱར་ཞིབ་བྱས་ནས་སྤུས་ཚད་ལྡན་ཞིང་སློབ་མ་རྣམས་ལ་སྤྲོ་སེམས་ཀྱི་ཚོར་སྣང་སྦྱིན་ཐུབ་པར་བྱའོ།།

      གསུམ་པ། འཛིན་གྲྭའི་དུས་ཡུན་སྐར་མ་བཞི་ཅུ་ཞེ་ལྔ་འཆར་འགོད་དཔྱིས་ཕྱིན་པར་གནང་དགོས།
      འཛིན་གྲྭའི་དུས་ཡུན་སྐར་མ་བཞི་བཅུ་ཞེ་ལྔའི་ནང་དུ་འགྲུབ་དགོས་པའི་དུས་ཡུན་དང་རན་པའི་སློབ་ཁྲིད་ཀྱི་འཆར་འགོད་དཔྱིས་ཕྱིན་པ་བཟོ་རྒྱུ་ནི། ཐོག་མར་སློབ་ཕྲུག་རྣམས་ལ་བསམ་བློ་འཛིན་གྲྭའི་ནང་དུ་འཁོར་ཆེད་སྐར་མ་གཉིས་ཀྱི་རིང་སྒོམ་བསྐྱོན་གནང་བཅུག་དགོས། དེ་ཡིས་སློབ་མ་རྣམས་ཀྱི་ལུས་སེམས་གཉིས་ཀ་ཡ་མ་བྲོལ་བའི་ཐོག་ནས་གང་དུ་གནས་ཡོད་མེད་ཚོར་ཐུབ་པར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པས། དེ་ནས་ཁ་སྔོན་ཁྲིད་ཟིན་པའི་སློབ་ཚན་ལ་སྐར་མ་བརྒྱད་ཀྱི་རིང་བསྐྱར་སྦྱོང་བྱེད་དགོས་པས། དེ་ཡིས་སློབ་ཕྲུག་ཚོར་ཁ་སྔོན་གྱི་སློབ་ཚན་དང་དེ་རིང་གི་སློབ་ཚན་གཉིས་དབར་འབྲེལ་མཚམས་མཐུད་ཐུབ་པ་མ་ཟད་སྦྱང་འདོད་ཀྱི་སྤྲོ་སྣང་འཕེལ་ཕྱོགས་ལའང་ཕན་ཐོགས་ཤིག་ཡོད། བསྐྱར་སྦྱོང་གི་ཐབས་ལམ་གཙོ་བོ་ནི་དྲི་རྩལ་གྱི་ལམ་ནས་གནང་དགོས་ཤིང། དེ་ཡང་དགེ་རྒན་རང་གིས་དྲི་བའི་གནས་ཚད་རིམ་པ་མི་འདྲ་འགའ་ཤས་ཤིག་བཟོས་དགོས་རྒྱུ་མཚན་ནི། སློབ་ཕྲུག་རྣམས་ལ་རིག་སྟོབས་དང་ཤེས་ཚད་རབ་འབྲིང་ཐ་གསུམ་ཡོད་པའི་དབང་གིས་ཚང་མས་དྲི་བ་ཁག་ལ་ལན་འདེབས་བྱེད་ཐུབ་པ་དང་། ཁྱད་པར་དུ་སློབ་སྦྱོང་ཞན་པའི་སློབ་མ་ལ་ལར་དྲི་བ་ལས་སླ་བ་རིགས་བཏང་སྟེ་ཁོ་ཚོར་ཡང་ངས་ཤེས་ཀྱི་འདུག་བསམ་པའི་འདུ་ཤེས་ཤིག་སྐྱེད་སྲིང་བྱེད་དགོས་ཤིང་། དེར་མཚུངས་སློབ་སྦྱོང་བཟང་བའི་སློབ་མ་རྣམས་ལ་དྲི་བ་ཏོག་ཙམ་ཁག་པོ་རིགས་བཏང་སྟེ། ཁོ་ཚོར་རིག་རྩལ་འཕར་མ་གཏང་རྒྱུའི་གོ་སྐབས་བསྐྲུན་དགོས། དེ་ཡིས་ཁོ་ཚོར་སློབ་ཚན་གསར་བ་སྦྱང་འདོད་ཀྱི་བསམ་བློ་ཁྱད་པར་བ་ཞིག་སྐྱེ་རུ་འཇུག་གི་ཡོད།
      དེ་བཞིན་སློབ་སྦྱོང་འབྲིང་བའི་སློབ་མ་ཁག་ཏུ་དགེ་རྒན་གྱིས་དམིགས་བསལ་དོ་སྣང་བྱས་ཏེ་དྲི་བ་ཁག་པོ་དེ་ཙམ་མེད་པའི་རིགས་འགའ་ཤས་གྲ་སྒྲིག་གིས་ཁོ་ཚོར་ཆེད་མངགས་ཟུར་དུ་མ་ལྷག་པ་གནང་དགོས། ཁོ་ཚོར་ཆེད་མངགས་བྱེད་དོན་ནི་འདྲི་རྩད་རིགས་འདྲ་མིན་གནང་སྐབས་སུ་ཐོག་མར་སློབ་སྦྱོང་འབྲིང་པའི་སློབ་ཕྲུག་རྣམས་ལ་དྲིས་ནས་སློབ་མ་ཚང་མས་ངས་ཤེས་འདུག་བསམ་པའི་བླ་ཆེན་གྱི་ཚོར་སྣང་ཞིག་སྐྱེས་ཐུབ་པས་ཁོ་ཅག་ནི་དགེ་སློབ་ཕན་ཚུན་དབར་དུ་འབྲེལ་མཐུད་ཀྱི་ཟམ་པ་ལྟ་བུའི་ཤེས་ཡོན་འོར་འདྲེན་གྱི་མི་སྣ་གཙོ་བོ་ཡིན། དེ་ནས་སྐར་མ་བཅོ་ལྔའི་རིང་ལ་དགེ་རྒན་གྱིས་སློབ་ཚན་གསར་བའི་བརྗོད་གཞིའི་ཐོག་ནས་འཆར་འགོད་ཕུན་སུམ་ཚོགས་པ་བཟོས་ནས། དགེ་རྒན་རང་ཉིད་ལ་གནས་སྟངས་ཅི་འདྲ་ཞིག་ཏུ་འཕྲད་རུང་ཞི་བའི་ཉམས་དང་ལྡན་པའི་འཛུམ་དམུལ་དམུལ་གྱིས་སློབ་ཚན་གསར་བ་འགོ་འཛུགས་ཞུས་ཏེ། སྐད་ཀྱི་འགྱུར་ཁུག་རིགས་འདྲ་མིན་སྣ་ཚོགས་པའི་ཐོག་ནས་འགྲེལ་བརྗོད་གནང་དགོས། དེ་ཡང་འགྲེལ་བརྗོད་ཀྱི་སྐབས་སུ་སློབ་ཚན་དང་འབྲེལ་བའི་བརྙན་ཐུང་སྐར་མ་གསུམ་ཡན་གྱི་གྲ་སྒྲིག་ཐུབ་ན་ལྷ་རབ་དང་། མ་འབྱུང་ནའང་དགེ་རྒན་གྱིས་འདས་ཟིན་པའི་ཉམས་མྱོང་གཙོར་བཟུང་བྱས་ནས་སློབ་ཁྲིད་ལ་འཇུག་དགོས། དེ་དག་གིས་སློབ་མ་རྣམས་ལ་མྱུར་མོར་ཤེས་ཐབས་ལ་ཧ་ཅང་ཕན་ཐོགས་ཡོད། དེ་བཞིན་ལྗང་པང་གི་ཐོག་ནས་དགེ་རྒན་གྱིས་ཡིག་གཟུགས་མུ་ཏིག་བསྟར་ལགས་བརྒྱས་པ་ལྟར་སློབ་མ་རྣམས་ཀྱིས་ཡིད་དབང་འཕྲོག་ཐུབ་པའི་མཛེས་དཔྱོད་དགོས། སྐར་མ་ལྔའི་རིང་སློབ་མའི་དོགས་འདྲི་རྣམས་ལ་དགེ་རྒན་གྱིས་དྲིས་ལན་དཔྱིས་ཕྱིན་པར་བསྐྱོན་ནས་དྲི་བ་གཏོང་མཁན་གྱི་སློབ་མར་བསྔགས་བརྗོད་ཀྱང་ཡང་ཡང་གནང་དགོས་པས། དེ་ཡིས་སློབ་མ་ཚོར་དོགས་འདྲི་ལ་དགའ་ཞེན་དང་སྤྲོ་བ་འཕེལ་ཐུབ། སྐབས་འགར་སློབ་ཕྲུག་ཁག་གཅིག་གིས་སློབ་ཁྲིད་ཀྱི་སྐབས་སུ་ལྷོད་གཡེང་ཤོར་ནས་ལེགས་པོ་མ་གསན་པའི་རྐྱེན་བྱས་ནས་དྲི་བ་ལས་སླ་པོ་ཡང་མི་ཤེས་པའི་དྲི་བ་གཏོང་སྐབས་སུ། སློབ་མ་བྱིངས་ལ་དྲི་བ་བཏང་ནས་སློབ་མ་རྣམས་ཀྱིས་ལན་འདེབས་བྱེད་བཅུག་དགོས། དེ་ཡིས་ཁོ་ཚོར་སློབ་ཁྲིད་གནང་སྐབས་སུ་ལེགས་པར་གསན་དགོས་པའི་བརྡ་ལན་ཁྱད་པར་བ་ཞིག་སྤྲོད་ཀྱིན་ཡོད་པས། དེ་ནས་དགེ་རྒན་གྱིས་སློབ་མ་རྣམས་ཀྱིས་ལན་འདེབས་ལ་ཡང་ཡང་བསྐྱར་བརྗོད་གནང་ནས་ཁོ་ཚོ་ལའང་བསྔགས་བརྗོད་ཀྱང་གནང་དགོས། དེ་ནས་སྐར་མ་བཅུའི་རིང་ལ་སློབ་མའི་སྡེ་ཁག་བགོས་ནས་གྲོས་བསྡུར་བྱེད་བཅུག་སྟེ་སྡེ་ཚན་ངོ་ཚབ་རེ་བདམས་ནས་སློབ་ཁྲིད་ཀྱི་སྐབས་སུ་གང་ཤེས་མིན་གྱི་ཐོག་ནས་གཏམ་བཤད་གནང་འཇུག་དགོས། དེ་ཡིས་སློབ་མ་ཚོར་རང་སྐུལ་གྱིས་ཤེས་རིག་གསར་བའི་ཁ་ཕྱོགས་ལ་འཇུག་ཐུབ་པའོ། །

      བཞི་པ། སློབ་ཁྲིད་སྐབས་འཛིན་གྲྭའི་ཟུར་མཐའ་ཡོངས་ལ་སྐོར་ཐེངས་གཉིས་རེ་གཟིགས་ཞིབ་གནང་དགོས།
      འཛིན་གྲྭ་ཚོགས་ནས་མ་རྫོགས་བར་དུ་དགེ་རྒན་གྱིས་དམའ་མཐའ་ཡང་འཛིན་གྲྭའི་ཟུར་མཐའ་ཡོངས་ལ་སྐོར་ཐེངས་གཉིས་རེ་ངེས་པར་དུ་ཕེབས་གནང་དགོས་པས། སློབ་མ་འགའ་ཤས་སློབ་ཁྲིད་ལ་དོ་དབྱིངས་མེད་པའི་རྐྱེན་གྱིས་འཛིན་གྲྭ་ནང་དུ་ཉལ་བ་དང་། དོན་མེད་ཀྱི་བཀའ་མོལ་གནང་བ་སོགས་ཅི་རིགས་འབྱུང་བཞིན་ཡོད་པས། དེ་ཡིས་དོ་སྣང་ཅན་གྱི་སློབ་མ་རྣམས་ལ་སུན་སྣང་སྐྱེས་ཏེ་སློབ་ཁྲིད་ལ་སྦྱང་འདོད་ཀྱི་དབྱིངས་བརླག་པ་ཅི་རིགས་འབྱུང་གིན་ཡོད། རྒྱུ་མཚན་ནི་དགེ་རྒན་གྱིས་འཛིན་གྲྭའི་གདོང་གྲལ་ཁོ་ནར་བསྡད་ནས་སློབ་ཁྲིད་བྱས་པ་དང་། སློབ་ཁྲིད་བྱེད་སྐབས་སུ་རྒྱང་ཐག་རིང་བའི་རྐྱེན་བྱས་ནས་རྒྱབ་གྲལ་སོགས་ལ་སྐད་གདངས་གསལ་པོ་མ་གོ་བ་སོགས་དཀའ་ངལ་འབྱུང་བཞིན་ཡོད་ན། དགེ་རྒན་རང་ཉིད་ཀྱིས་སློབ་ཁྲིད་གནང་བཞིན་པའི་སྐབས་དང་བསྟུན་ནས་འཛིན་གྲྭའི་ཟུར་མཐའ་ཡོངས་ལ་ཞབས་ཀྱིས་བཅགས་ཏེ། ཆེད་མངགས་སློབ་ཁྲིད་ལ་དོ་སྣང་དང་སྦྱང་འདོད་མེད་མཁན་གྱི་སློབ་མ་ཚོར་སྐུལ་འདེབས་ནན་ཏན་བྱས་ནས་སྦྱང་འདོད་ཀྱི་སེམས་འགུལ་ཐེབས་ཐུབ་པ་བཟོ་དགོས། ཁྱད་པར་དུ་དགེ་རྒན་གྱིས་སློབ་ཁྲིད་ལ་དོ་སྣང་མ་བྱེད་མཁན་གྱི་ཁྲོད་ནས་སློབ་མ་འགའ་ཤས་མཛུབ་སྟོན་བྱས་ནས་སྐད་གསང་མཐོན་པོས་སློབ་ཚན་ལྗགས་ཀློག་གནང་བ་སོགས་བྱེད་སྒོ་ཅི་རིགས་སྤེལ་ཐབས་བྱ་དགོས།

      ལྔ་པ། སློབ་མའི་ཤེས་ཚད་དང་དོ་དབྱིངས་ལ་གཤིབ་པའི་སྡོད་གནས་གོ་སྒྲིག
      སློབ་མ་སོ་སོའི་ཤེས་ཚད་དང་དོ་དབྱིངས་ལ་གཤིབ་པའི་སྡོད་གནས་ནན་ཏན་ཞིག་འགོད་སྒྲིག་བྱ་དགོས་ཏེ། སློབ་སྦྱོང་ཡག་པོ་ཡོད་མཁན་གྱི་སློབ་མ་མང་ཆེ་བས་འཛིན་གྲྭའི་མདུན་གྲལ་ལ་དགའ་མོས་བྱས་པ་དང་དོགས་སློང་སོགས་གང་མང་གནང་བའི་རྐྱེན་གྱིས་སློབ་སྦྱོང་ཡག་པོ་དེ་ཙམ་མེད་མཁན་གྱི་སློབ་ཕྲུག་རྣམས་ཉོབ་སྣང་དང་སེམས་ཤུགས་ཆག་ནས་འཛིན་གྲྭའི་ཟུར་མཐའ་དང་རྒྱབ་གྲལ་དུ་བསྡད་རྒྱུར་འདོད་མོས་བྱེད་ཀྱིན་ཡོད་པས། ཁོ་ཚོར་འཛིན་གྲྭའི་གདོང་གྲལ་ལ་འཇུག་རྒྱུ་གལ་འགངས་ཆེ་བ་མ་ཟད། སློབ་ཁྲིད་ཀྱི་སྐབས་སུ་ཉན་འཇུག་ཡོད་མེད་ལ་ལས་སླ་བའི་ཐོག་ནས་ཞིབ་འཇུག་བྱེད་ཐུབ་ཀྱང་། ཁོ་ཚོས་ཀྱང་སློབ་ཁྲིད་ལ་ཉན་འཇུག་ཡག་པོ་མ་བྱས་ཚེ་དགེ་རྒན་གྱིས་དྲི་བ་དང་དོགས་སློང་བྱེད་སྲིད་སྙམ་ནས་བློ་རྩེ་གཅིག་བསྒྲིམས་བྱས་ཏེ་གསན་འཇུག་བྱ་ངེས་ཤིང་། ཁྱད་པར་དུ་ཁོ་ཚོ་དང་མཉམ་པའི་དོགས་སློང་དང་འབྲེལ་བའི་དྲི་བ་ལས་སླ་པོ་འགའ་བཟོས་ཏེ། སློབ་ཁྲིད་ལ་ཉམས་པ་མེད་པའི་ཤེས་འདོད་ཀྱི་སེམས་ཤུགས་ཤིག་དང་ཞུམ་པ་མེད་པའི་ཤེས་འདོད་ཀྱི་སྙིང་སྟོབས་ཤིག་བསྐྲུན་ཐུབ་དགོས། མཚམས་རེར་ཁོ་ཚོས་གང་ཤེས་པ་རྣམས་གཙོས་བསྟུན་བྱས་ནས་སློབ་མ་རྣམས་ལ་འགྲེལ་བརྗོད་གནང་བཅུག་པ་སོགས་བྱེད་སྒོ་མི་འདྲ་བ་ཁག་སྣ་ཚོགས་ཤིག་སྤེལ་ནས་བྱེད་སྒོ་ཕྱུག་པའི་འཛིན་གྲྭ་ཞིག་གསར་བསྐྲུན་ཐུབ་ན་སློབ་མ་སུ་འདྲ་ཞིག་ཡིན་རུང་ལས་རིམ་ནང་དགའ་མོས་ངང་ནས་འཛུལ་ཞུགས་ཡོང་ངེས་ཡིན་པས་དེ་འདྲ་བའི་ལས་རིམ་མང་ཙམ་ཞིག་མཁོ་སྒྲུབ་བྱ་དགོས་སོ།།

      དྲུག་པ། དགེ་སློབ་དབར་མཛའ་བརྩེའི་འདུ་ཤེས་བསྐྲུན་ཐབས།
      དགེ་རྒན་ནི་ཤེས་ཡོན་གྱི་ཁ་ལོ་སྒྱུར་མཁན་རླབས་ཆེན་གྱི་སྐྱེ་བོ་དམ་པ་ཞིག་ཡིན་པས་ཀུན་གྱིས་བསྙོན་དུ་མེད་ལ། དེ་བཞིན་སློབ་མ་རྣམས་ལ་མཚོན་ན་དགེ་རྒན་ནི། ཤེས་ཡོན་གྱིས་གསོ་སྐྱོང་གནང་མཁན་ཕ་མ་གཉིས་པ་ལྟ་བུའི་གང་ཟག་རླབས་པོ་ཆེ་ཞིག་ཡིན་པ་སྨོས་ཅི་དགོས། ཁྱད་པར་དུ་དགེ་སློབ་ཕན་ཚུན་དབར་དུ་དགའ་ཞེན་གྱི་ཚོར་བ་དང་མཛའ་མཐུན་གྱི་འདུ་ཤེས་དམ་ཟབ་སྐྲུན་ཐབས་ལ་དགེ་རྒན་གྱིས་སློབ་མའི་ལུས་སེམས་གཉིས་ཀྱི་གནས་སྟངས་ལ་རྒྱུས་མངའ་ལོན་ཆེད་དུ་རང་ཉིད་ཀྱིས་ནུས་པས་ཐབས་ཤེས་ཡོད་དགུ་རྩལ་སྤྲུགས་བྱས་ནས་སློབ་མའི་དཀའ་ངལ་ཆེ་ཆུང་ཇི་འདྲ་ཞིག་ཡིན་རུང་ངོས་འཛིན་བྱས་ནས་སེལ་ཆེད་དུ་ཐུན་མོང་མ་ཡིན་པའི་བསམ་གཞིགས་ཀྱི་འདོད་དགུ་བླ་ལྷག་ཅིག་དགོས་ཤིང་། གལ་ཏེ་དགེ་རྒན་རང་ཉིད་ཀྱིས་ནུས་པ་ཡོད་དགུའི་རྩལ་བསྟན་ཀྱང་སློབ་མའི་དཀའ་ཁག་སོགས་ལ་སེལ་ཐབས་ཀྱི་ལམ་བུ་ཞིག་མ་རྙེད་ཚེ། ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་གསལ་པོ་བཤད་ནས་ཐབས་ལམ་གཞན་ཞིག་གསལ་སྟོན་བྱ་དགོས། ཁྱད་པར་དཀའ་ངལ་འགའ་ཤས་བཤད་ས་རག་པ་ཙམ་གྱིས་མེད་པར་འགྱུར་བས་དཀའ་ངལ་གྱི་ཚོར་བར་ཉན་འཇུག་ངེས་པར་དུ་གནང་དགོས་ཏེ།
      དེ་བཞིན་སློག་ཕྲུག་ཚོར་ཡང་ལས་རིམ་གང་རུང་གི་ནང་དུ་འཛུལ་ཞུགས་དང་། ཀུན་སློང་། སོར་ཆུད་ཀྱི་ནུས་པ་བཅས་ལ་མེད་དུ་མི་རུང་བ་ཞིག་ཡིན། དེ་དག་གིས་སློབ་ཕྲུག་ཚོར་རིན་ཐང་དང་། གོ་རྟོགས། དཀའ་ངལ་འཕྲད་པའི་ཚོར་སྣང་ལྡན་པའི་སློབ་སྦྱོང་གི་ཁོར་ཡུག་ལ་རྒྱབ་སྐྱོར་དང་གུས་བརྩི་ལྡན་པ་ཞིག་སྐྲུན་ཐུབ་པ་བྱ་དགོས། དེ་བཞིན་དགེ་སློབ་དབར་གྱི་འབྲེལ་བ་ལེགས་པོ་སྐྲུན་པའི་ཐབས་ལམ་གཞན་ཞིག་ནི། སློབ་ཕྲུག་ཚོ་མི་སྒེར་གྱི་ངོས་ནས་རྒྱུས་ལོན་བྱ་རྒྱུ་དེ་ཡིན། ཁོང་ཚོའི་མིང་དང་། དགའ་ཕྱོགས་དང་། ནུས་སྟོབས། དགོས་མཁོ། རྒྱབ་ལྗོངས་བཅས་ཤེས་རྟོགས་བྱ་རྒྱུ་དང་། སློབ་ཕྲུག་ཚོའི་སྐོར་གནས་ཚུལ་བསྡུ་རུབ་བྱ་རྒྱུར་འདྲི་ཞིབ་དང་། ལས་དོན་སོགས་ཐོ་འགོད་བེད་སྤྱོད་བྱ་རྒྱུ་དང་། ཁོང་ཚོའི་མི་ཚེ་དང་། དམིགས་ཡུལ། ལྟ་ཚུལ་བཅས་ཀྱི་སྐོར་ལ་དོ་ཁུར་དང་མཚར་སྣང་ངོ་མ་བྱ་རྒྱུ། ཐབས་ལམ་དེ་དག་བེད་སྤྱོད་བྱས་ཏེ་སློབ་ཁྲིད་དང་།འབྲེལ་ལམ་བཅས་སྒེར་ལ་འཚམ་པོ་བཟོ་རྒྱུ་དང་། སློབ་ཕྲུག་རྣམས་ལ་གུས་བརྩི་ལྡན་པའི་ཐོག་ནས་བཟང་ཕྱོགས་ཀྱི་སྐད་ཆ་བེད་སྤྱོད་བྱས་ནས། ཟུར་ཟ་དང་། སྐྱོན་བརྗོད་སོགས་སྤངས་ཏེ་འབད་བརྩོན་དང་ཡར་རྒྱས་ངོས་འཛིན་བྱེད་པའི་དམིགས་བཀར་དང་ཕན་ཐོགས་ལྡན་པའི་ལམ་སྟོན་ལ་བཞུགས་ནས། སློབ་ཕྲུག་ཚོའི་སེམས་ཁྲལ་དང་། དྲི་བ། བསམ་ཚུལ་བཅས་ལ་དོ་སྣང་དང་གདུང་སེམས་མཉམ་སྐྱེད་ཀྱི་ཐོག་ནས་ཉན་རྒྱུ་དང། ཁོང་ཚོའི་བསམ་ཚུལ་དང་། ཚོར་བ། ཉམས་མྱོང་སོགས་མཉམ་སྤྱོད་བྱེད་རྒྱུར་སྐུལ་འདེད་དང་། མཁས་དབང་ཁག་གིས་གསུངས་འཕྲིན་དང་། བསམ་ཚུལ་བརྗེ་རེས་སོགས་ཀྱི་བརྙན་འཕྲིན་ལྟ་བུའི་འབྲེལ་ལམ་སྣ་མང་བེད་སྤྱོད་བྱས་ནས་དཀའ་ཚེགས་རྣམས་ར་སྤྲོད་གསལ་པོ་ངོས་བཟུང་སྟེ། དགེ་སློབ་ཕན་ཚུན་བར་དུ་འོ་ཆུ་གཅིག་འདྲེས་ཀྱི་མཛའ་བཤེས་དམ་ཟབ་ལྡན་པའི་ཐོག་ནས་རིན་པོ་ཆེའི་གསེར་དང་མཚུངས་པའི་སློབ་གྲྭའི་དུས་ཡུན་འདིར་དགའ་དགའ་སྤྲོ་སྤྲོ་ངང་ནས་མཇུག་འཁྱོངས་དགོས་སོ།། །།