གཞི་རིམ་བར་མའི་བོད་དགེ་བསྟན་འཛིན་མཐོ་རི། ཅོན་ཏཱ་ར་བོད་ཁྱིམ།

བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་བ་ལ་གཙོ་བོ་ཆ་རྐྱེན་བཞི་ཚང་དགོས་པ་ལས། དང་པོ། ཀློག་རྩལ། གཉིས་པ། འབྲི་རྩལ། གསུམ་པ། ཉན་རྩལ། བཞི་པ། བཤད་རྩལ། བཅས་བཞི་ཡོད་པ་ལས་ཕྲན་གྱི་གལ་ཆེ་ཤོས་གཉིས་ཙམ་འདུག་སྙམས། རྩལ་ཡར་རྒྱས་གཏོང་བ་ལ་སྣུམ་འཁོར་གྱི་ཁ་ལོ་བ་ལྟ་བུ་དེ་ཀློག་རྩལ་དང་ཉན་རྩལ་གཉིེས་རེད་བསམ། འདས་པའི་མྱོང་བ་ལ་མཚོན་ན་སློབ་གྲྭ་གཅིག་གི་ནང་ལ་སློབ་ཕྲུག་སུམ་ཅུ་ཡོད་པ་ལས་སློབ་ཕྲུག་མང་བ་རྩལ་བཞི་ཀར་ཚང་ཡོད་ནའང་། སློབ་ཕྲུག་རེ་ཞིག་ལ་ཀློག་རྩལ་དང་འབྲི་རྩལ་ཞེན་པོ་ཡོད་ན། སློབ་ཕྲུག་དེ་ཉིད་རང་བཞིན་གྱི་ཕམ་ཁ་ཞིག་རེད། དེང་སང་བོད་ཁྱིམ་སྤྱི་ཚོགས་ཀྱི་སློབ་གྲྭའི་ནང་གཞི་བཞག་ན། སློབ་ཕྲུག་ཕལ་ཆེ་བར་ཧི་མ་ལ་ཡའི་རི་རྒྱུད་ནས་ཡིན་པས། ཧི་མ་ལ་ཡའི་རི་རྒྱུད་ནས་ཡོང་བའི་སློབ་ཕྲུག་ཚོ་སྡུག་ཅག་དང་ཕན་ཐོག་མི་འདུག་ཞེས་ཞུས་ཀྱི་མེད་ཀྱང་ཁོང་རྣམས་རང་བཞིན་གྱི་དཀའ་ངལ་ཕྲད་པ་དེ་བོད་ཀྱི་སྐད་ཡིག་དེ་ཡིན། ཁོང་ཚོ་ལ་བཤད་རྩལ་དང་ཉན་རྩལ་གྱི་མི་འདང་བ་མེད། ཁོང་རྣམས་ལ་དགོས་མཁོ་ནི་བོད་ཡིག་གི་ཀློག་རྩལ་དང་ཉན་རྩལ་ཡར་རྒྱས་གཏོང་དགོས་པ་ནི་ཁོ་རྣམས་ཀྱི་འབྲེལ་ཡོད་ཕ་མ་ཚོའི་དམིགས་ཡུལ་དེ་ཡིན།
དེ་སྔ་ཉིད་རང་སློབ་ཁྲིད་བྱེད་སའི་སློབ་མ་ཕལ་ཆེ་བ་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་སློབ་མ་ཤ་སྟག་ཆགས་ཡོད། ཁོང་ཚོ་ལ་བོད་སྐད་བཤད་མི་ཐུབ་པའི་དཀའ་ངལ་དེ་ཙམ་མིན་འདུག་ལ། ཉན་རྩལ་ལའང་དཀའ་ངལ་ཡོད་པ་མིན་འདུག་ཟེར་ཀྱང་ཆོག ཁོ་ཚོ་ལ་དངོས་ཡོད་དཀའ་ངལ་ནི། བོད་ཡིག་དབྱངས་གསལ་ཀློག་མི་ཤེས་པ་དང། འབྲི་མི་ཤེས་པའི་དཀའ་ངལ་ཡོད་ཐག་གཅོད་རེད། ཧི་མ་ལ་ཡའི་སློབ་ཕྲུག་ཙམ་མིན་པར་ཕྱི་རྒྱལ་ཁག་ཏུ་བཞུགས་པའི་བོད་ཕྲུག་ཚོའང་རང་བཞིན་དཀའ་ངལ་ཕྲད་ས་དེ་ཀློག་རྩལ་དང་འབྲི་རྩལ་གཉིེས་ལ། རྒན་རབས་ཚོ་ནང་ལའང་དེ་བཞིན་དཀའ་ངལ་མང་པོ་མཐོང་རྒྱུ་འདུགགཤམ་ལ་རང་ཉིད་ཀྱི་མྱོང་བ་དང་སྦྱར་སྟེ། ཀློག་རྩལ་ཡར་རྒྱས་གཏོང་ཐབས་སྐོར་རོབ་ཙམ་ཞིག་དང་། འབྲི་རྩལ་ཡར་རྒྱས་གཏོང་ཐབས་སྐོར་ལ་རོབ་ཙམ་འབྲི་ན་ཀློག་པོ་ཡོངས་ལ་ཐུགས་ལ་ཅུང་ཙམ་ཕན་པའི་རེ་བ་ཡིན།

ཀློག་རྩལ་ཡར་རྒྱས་གཏོང་ཐབས་སྐོར་ལ་ཅུང་ཙམ་ཞུས་ན།
སྤྱིར་ཀློག་རྩལ་མ་ཤེས་གོང་ནས་བོད་ཡིག་དབྱངས་གསལ་ངོས་འཛིན་ཐབས་ཤེས་པ་བཟོ་རྒྱུ་ཤིན་ཏུ་གལ་ཆེན་པོ་ཞིག་བརྩི་ཡི་ཡོད། གང་ལ་ཞུས་ན། བོད་ཡིག་དང་པོ་བཀླག་པ་ལ་བོད་ཡིག་དབྱངས་གསལ་གཉིས་པོ་ངོ་མ་ཤེས་ན། ལུང་པ་གསར་པ་ཞིག་ལ་མི་གསར་པ་ཞིག་སླེབས་པ་དང་གཅིག་པ་རེད། མི་དེ་ལུང་པ་གསར་པའི་ནང་འགྲོ་སྟངས་ཤེས་པ་ལ་ལུང་པ་དེ་ནང་རྒྱུན་ལྡན་གནས་མཁན་གྱི་གང་ཟག་ཅིག་ནས་ལམ་སྟོན་ཞུས་དགོས་པ་དང་མཚུངས། བོད་ཡིག་ཀློག་སྟངས་ཤེས་པ་ལ་བོད་དགེ་ཞིག་གི་དྲུང་ནས་དབྱངས་གསལ་ལམ་སྟོན་མ་ཞུས་ན་ཡོང་ཐབས་མེད། བྱས་ཙང་དང་ཐོག་ལམ་སྟོན་གནང་མཁན་གྱི་བོད་དགེ་ཚད་ལྡན་ཞིག་དང་མཇལ་དགོས་དེ་ནས་རིམ་བཞིན་དབྱངས་གསལ་གཉིས་པ་ཁ་ཕྱོགས་བསྒྱུར་སྟེ། རིམ་བཞིན་མགོ་འདོགས་གཉིས། རྒྱན་ཚིག ཁྱད་ཚིག ལས་ཚིག ལས་ཚིག་རྗེས་མཐུན་པ། མཚམས་སྦྱོར། ཚིག་ཕྲད། མིང་ཚིག བྱ་ཚིག་བརྗོད་པ་བཅས་གོམ་པ་རིམ་སྤོས་ཀྱི་ཡར་རྒྱས་གཏོང་དགོས་པ་ལས། ལམ་སེང་རྩི་རྩི་ལ་ཞི་མི་མཆོང་པ་ལྟར་མ་ཡིན་པར་གཟན་གཟན་སྟག་གི་བ་ལ་མཆོང་བ་ལྟར་ཐབས་རྒྱ་བྱུས་གཏོང་ངང་ནས་མཆོང་བཞིན་དགོས། ཐབས་ལམ་དེ་དག་གཞི་བཟུང་ནས་ཀློག་རྩལ་ཡར་རྒྱས་གཏོང་བ་ཡིན་ན། ལམ་སེང་ཡར་རྒྱས་གཏོང་ཐུབ་པ་དཀའ་ལ་རྟོག་ཙམ་འགོར་བ་ལས་མ་འོངས་ཟླ་ཤེས་ནང་ཀློག་རྩལ་བྱང་ཆུབ་བ་ཞིག་ཡོང་ངེས་ཡིན་པ་ང་རང་མྱོང་བའི་ཐོག་ནས་ཐག་གཅོད་གཏན་པོ་ཞུས་ཐུབ།

ཀློག་རྩལ་ཡར་རྒྱས་གཏོང་བའི་སྐབས་སུ་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་གནང་དགོས་པ་ཡིན། དང་ཐོག་དབྱངས་བཞི་དང་། གསལ་བྱེད་སུམ་ཅུ་ངོ་སྤྲོད་གནང་བའི་སྐབས་ནག་པང་སྟེང་བྲིས་སྐབས་ཡིག་གཟུགས་ཕལ་ཆེ་བ་དབུ་མེད་བྲིས་སྲོལ་ཡོད། ཉུང་ཤས་ཤིག་དབུ་ཅན་འབྲི་སྲོལ་འདུགཡིན་ནའང་ཀློག་པའི་སྐབས་སུ་དབུ་མེད་གཞིར་བཞག་ཀློག་ན་འགྲིག་ཀྱང་མ་འོངས་པ་གནས་ཚད་མཐོ་རུ་འགྲོ་སྐབས་རང་བཞིན་དབུ་ཅན་ཀློག་དགོས་པ་ཆགས་དུས་རང་བཞིན་སློབ་མ་དེ་ལ་དཀའ་ངལ་ཕར་མ་ཞིག་རེད། གལ་སྲིད་དབུ་ཅན་ནང་བྲིས་དབུ་ཅན་རང་ལ་ཀློག་དགོས་ན་དེ་ཙམ་དཀའ་ངལ་མི་ཕྲད། ང་ཚོ་བཙན་བྱོལ་ནང་གི་བོད་པའི་སློབ་གྲྭ་ཕལ་ཆེ་བ་དབུ་མེད་བྲིས་ནས་དབུ་ཅན་ནང་ཀློག་དགོས་པ་སོང་ཙང་དཀའ་ངལ་རང་བཞིན་ཞིག་རེད། དེ་དག་རང་ངོས་ནས་ཐབས་ལམ་བཙལ་ཏེ་དབུ་ཅན་ཀློག་ཤེས་པ་བཟོ་དགོས་པ་ལས་དམིགས་བསལ་དུས་ཚོད་འཕར་མ་ཞིག་བཏོན་ཏེ་དབུ་ཅན་སློབ་ཁྲིད་བྱ་ཐབས་མེད་པའི་དཀའ་ངལ་དེ་དག་ལ་རང་ངོས་ནས་གདོང་ལེན་གནང་དགོས་པ་ཡིན་འདུག ཀློག་རྩལ་གྱི་གོམ་པ་དང་པོ་དབྱངས་བཞི་དང་། གསལ་བྱེད་སུམ་ཅུ་ངོ་སྤྲོད་ཐབས་ནི་ཀློག་རྩལ་ཡར་རྒྱས་གཏོང་ཐུབ་པའི་ལྡེ་མིག་ལྟ་བུ་དེ་ཆགས་འདུག
འབྲི་རྩལ་ཡར་རྒྱས་གཏོང་དགོས་སྐོར་ཐབས་ལམ་རག་བསྡུས་ཤིག་ཞུས་ན།
ཀློག་རྩལ་ཡག་པོ་ཞིག་ཤེས་པའི་རྗེས་སུ་གོམ་པ་གཉིས་པ་དེ་འབྲི་རྩལ་སྟེང་ལ་ཕྱིན་པ་ཡིན་ན། སློབ་མ་ཞིག་གི་དྲན་པ་བརྗེད་དཀའ་བ་ལ་ཕན་ཐོགས་ཆེ་བ་འདུག་ང་རང་ལྟ་བུ་མཚོན་ན། ལོ་ངོ་དྲུག་ཙམ་བོད་ཡིག་ཀློག་རྩལ་དང་འབྲི་རྩལ་གཉིས་ལ་སློབ་ཁྲིད་བྱས་པའི་མྱོང་བ་ལ། འབྲི་རྩལ་སྔོན་ལ་བསླབ་ཀློག་རྩལ་རྗེས་ལ་སློབ་ཁྲིད་བྱས་ན་ཡིག་གཟུགས་ལ་ཡར་རྒྱས་འགྲོ་གི་འདུག་ཀྱང་ཀློག་རྩལ་ལ་དེ་ཙམ་ཕན་ཐོགས་ཀྱི་མིན་འདུག་གང་ལ་ཞུས་ན། དང་ཐོག་འབྲི་རྩལ་ངོ་སྤྲོད་བྱ་སྐབས་ཡི་གེ་གཟུགས་རིང་ཐུང་སོགས་ལ་ངོ་སྤྲོད་བྱ་དགོས་པ་ལས་ཀློག་སྟངས་ལ་ངོ་སྤྲོད་གནང་བསྡད་པ་ཡིན་ན། འབྲི་རྩལ་ལ་ཤུགས་རྒྱག་རྒྱུ་དཀའ་མོ་རེད་འདུགདང་ཐོག་ཀློག་རྩལ་ཁོ་ན་ལས་འབྲི་རྩལ་ལ་སློབ་ཁྲིད་མ་བྱེད་ན། སློབ་མ་ཚོའི་ཡིག་ངོ་ཤེས་ཏེ་ལ་སེང་ཀློག་ཡོང་གི་ཡོད་ཙང་འབྲི་སྟངས་ལ་དེ་ཙམ་དཀའ་ངལ་ཕྲད་ཀྱི་མིན་འདུག
ཀློག་རྩལ་བྱང་ཆུབ་པ་བྱུང་ན་འབྲི་རྩལ་ལ་ཤུགས་རྒྱག་རྒྱུ་ལས་སླ་བ་ཡོད་པའི་ང་རེའི་ཚོར་སྣང་བྲིས་པ་ཞིག་ཡིན་པ་ལས་དེ་ལྟར་ཞུ་དགོས་པ་ངེས་པ་མེད། འབྲི་རྩལ་སློབ་མ་རང་གི་ལག་རྩལ་ལ་རག་ལས་ཡོད་ཙང་། ལག་བདེ་བ་ཁག་གཅིག་གི་ཡིག་གཟུགས་གཙང་མ་དང་ཡིད་འཕྲོག་པ་ཡོད། སློབ་མ་རིགས་གཅིག་ནི་ཡིག་གཟུགས་ཇི་ཙམ་གཟབ་གཟབ་བྲིས་ཀྱང་དེ་ཙམ་འདོད་བློ་ཁེངས་པ་ཞིག་ནི་མེད་པའི་སློབ་མ་སོ་སོའི་ལག་རྩལ་ལ་རག་ལས་འདུགཡིན་ནའང་བོད་ཡིག་ཡིག་གཟུགས་ལ་རྣམ་གྲངས་དུ་མ་ཡོད་པ་ལས་སློབ་གྲྭའི་ནང་དུ་ངོ་སྤྲོད་གནང་བཞིན་པ་ཡིན། ཚུགས་རིང་། ཚུགས་ཐུང་། ཡིག་ཆུང་། ཚུགས་མ་འཁྱུག འཁྱུག་བཅས་ཡིན་ལ་དེ་དག་ལ་སྔོན་འགྲོ་ནས་འཛིན་རིམ་བཅུ་པ་བར་གྱི་སློབ་ཕྲུག་ཆ་ཚང་གི་གནང་ཐུབ་པ་བཟོ་རྒྱུ་དེ་ཡིན། འབྲི་རྩལ་ཡར་རྒྱས་འགྲོ་བ་ཐབས་ལམ་ཡག་ཤོས་ནི། ཡི་གེ་མང་ཉུང་ལ་མ་ལྟོས་པ་གང་མང་བྲིས་རྒྱུ་དང། ཉོབ་སྣང་གི་བློ་མེད་པ། དོ་དབྱིངས་ཡོད་དགོས་པ་སོགས་ཡིན། དེ་དག་རང་ཉིད་ལ་ལྡན་ཡོད་ན་འབྲི་རྩལ་ཡར་རྒྱས་འགྲོ་བ་ཉག་ཅིག་རེད།

བོད་ཡིག་འབྲི་རྩལ་ཡར་རྒྱས་གཏོང་སྐབས་དཀའ་མང་པོ་ཞིག་ལ་གདོང་ལེན་དགོས་པ་ཡིན། དང་ཐོག་བྲིས་སྐབས་ཡི་གེ་ཐིག་ནང་ཏག་ཏག་ཅིག་འབྲི་ཐུབ་པའི་ཀྱོག་འགྲོ་བའི་དཀའ་ངལ། བར་ལ་ཡི་གེ་ཇི་འདྲ་བྲིས་ནའང་ཡིག་མགོ་ལ་ཆེ་ཆུང་ཡོད་བསྡད་པ། བལྟ་བ་ཙམ་གྱི་ཁོང་ཁྲོ་སློང་བ། རང་བཞིན་གྱི་བྲིས་པའི་ནུས་ཤུགས་ཉམས་འགྲོ་བ། བོད་ཡིག་ཕལ་ཆེར་སྣག་སྨུག་བྲིས་དགོས་པ་ལ་སོང་། དངངས་གཙང་གི་ཤོག་དཀར་སྟེང་དུ་སྣག་རྫོག་ཐེབས་པ་སོགས་ཀྱི་དཀའ་ངལ་དུ་མ་ཞིག་ཕྲད་སྲིད་ཀྱང་དེ་རྣམས་བཟང་ཕྱོགས་ལ་བཏང་ནས་འབྲི་རྩལ་ལ་ཡར་རྒྱས་གཏོང་ན། རང་ཉིད་ལ་དཀའ་ངལ་ཕྲད་ཀྱི་རེད་བསམ་གྱི་མིན་འདུག དེ་མིན་དཀའ་ངལ་ཕྲད་རྒྱུ་ཉག་ཅིག་རེད།

མདོར་ན། འབྲི་ཀློག་གཉིས་ཀྱི་རྩལ་ཡར་རྒྱས་གཏོང་བ་ལ་དང་ཐོག་རང་ངོས་ནས་ཆོད་སེམས་གཏན་པོ་དགོས་པ་ལས་སྦྱངས་འོདད་དང་ལས་འདོད་རྩབ་ནས་མེད་པ་ཞིག་ལ་ཨུ་ཙུགས་ཀྱི་ཡར་རྒྱས་ཡོང་ཐབས་མེད། སེམས་ནང་གྲ་སྒྲིགས་ཡོད་ན་ལུས་ལ་དཀའ་ངལ་ཕྲད་ཀྱི་མ་རེད། ལུས་ལ་དཀའ་ངལ་མ་ཕྲད་ལས་དོན་ཐམས་ཅད་མྱུར་པོ་བསྒྲུབས་ཀྱི་རེད། མཐའ་དོན་བོད་ཡིག་གི་རྩལ་བཞི་པོ་དེ་ཧ་ཅང་གལ་ཆེན་པོ་རེད་ཚང་མའི་བློ་ལ་ངེས་པར་འཚལ། བཀྲ་ཤིས་ཤོག